དབུས་ཀྱི་སྙན་ངག་སུག་བྲིས་མ།
གནའ་ནས་ད་བར།
ས་རིལ་བུ་འདི་ལེབ་ལེབ་མ་བྱས།
གནམ་སྔོན་པོ་འདི་ཁ་དོག་མ་འགྱུར།
རི་རབ་དེ་མགོ་རྟིང་མ་ལོག
ཉི་ཟླ་དེ་གནམ་ནས་མ་ལྷུང༌།
ཆུ་གཙང་བོ་འདི་བཞུར་རྒྱུན་མ་ཆད།
རི་སུལ་དེའི་ཉིན་སྲིབས་ན།
རྒྱལ་ཁམས་ཤིག་གི་ཆགས་འཇིག
རྡོ་དང་ཆུ་ལ་ཤར།
རྡོ་འགད་སྟངས་ཤིག་དང༌།
ཆུ་འགུལ་སྟངས་ཤིག་ལས།
བུ་ང་དང་ཁྱོད་ཀྱིས།
བླ་ཤོར་བ་སེམས་འཚབ་པ།
བྲང་རྡུང་བ་སུག་འདར་བ།
སྔར་བཞིན་མགོན་སྐྱབས་ཀྱི་ཆེད་དུ།
མགོན་སྐྱབས་ཐམས་ཅད་བོར།
དེ་བཞིན་གནས་བབ་འདི་ནས།
ངས་དབུས་ཀྱི་སྙན་ངག་དྲན་བཞིན།
ལྷ་སའི་བར་སྐོར་ལ་ཐོན།
༢༠༠༩ལོའི་ཟླ་བ་༡༠པའི་ཚེས་༡ཉིན།
རྩོམ་ཁུངས། རྨ་ཆུའི་སྙན་ངག