སྐབས་འདིར། རླུང་གཡུག་བྱུང་།
སྐབས་འདིར རླུང་གཡུག་བྱུང
རླུང་གིས་རྟ་མཆོག་དང་རྨིག་སྒྲ རྒྱང་འབུད
མཐའ་ཡས་པའི་རྩྭ་ཐང་ཁུར་འོང
རླུང་གིས་རི་རྩེའི་དར་ལྕོག་དང་ལབ་ཙེ་རྨུ་ཐག
མཐོ་སྒང་གི་བར་སྣང་ཧྲིལ་བོ་ཁུར་འོང
ངའི ཁེར་རྐྱང་གི་མཚན་མོར
ངའི ཁེར་རྐྱང་གི་རྨི་ལམ
སྐབས་འདིར
སུ་ཞིག ཉི་འོད་ཇི་བཞིན་འཇམ་མཉེན་གྱིས་འོངས་ཤིང
ངའི་བྲང་ཁར་མགོ་བོ་སྔས་ནས
'"འབྲོང་ཕྲུག ཚེ་འདི་ཡི་བསོད་ནམས་སྟེང་ལ
ཚེ་ཕྱི་མའི་སྨོན་ལམ་ཀྱང་བརྒྱབ་ཡོད"ཟེར
སྐབས་འདིར རླུང་ཁོ་ན
ངའི་ཉེ་འགྲམ་དུ་རང་དགར་རྒྱུ་ཞིང
རླུང་ཁོ་ནས ངའི་སྙི་དྲགས་པའི་སེམས་པ་བསྐྱོར
ཨེ་མ རྒྱང་རིང་གི སྙིང་ཉེ་བའི་ཉི་མ་ལྷ་ས
རི་བོ་དེ་བརྒྱུད་ཅིང
མཚོ་མོ་ཞིག་བརྒལ་རྗེས
ང་རང ཁྱོད་ཀྱི་ཁོད་ཡངས་པའི་བྲང་གཞོང་དུ
བག་ཡངས་ཀྱིས་ཉལ་ཆོག་པ ཇི་འདྲ་སྐྱིད་ཨང
བདག་གི་མ་ཡུམ་རྒས་ཟིན
བདག་གི་རི་ཆུ་རྒས་ཟིན
གཙང་འགྲམ་ན་ལྷོད་ཆགས་སེར་འཁྱིལ་བའི་ལུག་ཁྱུ་རྒས་ཟིན
ས་སྲོད་དང་ཐོ་རེངས་སུ འབྲི་མོའི་འཇོ་དབྱངས་རྒས་ཟིན
བདག་གི་ངོ་ཚ་སླ་བའི་སྲིང་ཆུང་ཚོའང་རྒས་སྲིད
སྨག་ནག་པའི་མུན་པ
སྨག་ནག་པའི་འཁོར་བའི་བཙན་རྫོང་མཐུག་པོ
དོ་ནུབ ང་རང་ཁྱེད་ཀྱི་བཙོན་མ་ཁོ་ན
དོ་ནུབ ངས་སུ་ཞིག་ལ་རང་ཉིད་སྐྱབས་སུ་བཅོལ
སྐབས་འདིར རླུང་གཡུག་བྱུང
རླུང་གིས་འདི་ལྟར་ངའི་བདེ་འཇམ་གྱི་མཚན་མོ་དཀྲོགས
རླུང་གིས་ང་ལ་མིག་ཆུ་བསྩལ
རླུང་གིས་ང་ལ་ཆོག་ཤེས་མེད་པའི་འདོད་བློ་མང་པོ་བསྩལ
༢༠༠༢. ༡༠ . ༨
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།