རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། མཛེས་དགའ་བོའི་རྟོགས་པ་བརྗོད་པ།

རྒྱལ་བོ་དགེ་དབང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-07-27

 

གང་ཞིག་མཉེས་གཤིན་བྱམས་པའི་བློ་ཡིས་དགེ་བའི་སླད་དུ་ནི། །
སྲིད་པའི་འཇིག་རྟེན་སྐྱེས་བུ་རྣམས་ཀྱིས་མཆོག་ཏུ་རྗེས་འཛིན་དག །
འབད་པས་མཛད་པ་དེ་དག་སེམས་ཅན་རྣམས་ལ་སྙིང་རྗེ་དང༌། །
རྗེས་སུ་བརྩེ་བས་ཉེ་བར་གནས་པའི་ལེགས་ལྡན་སུ་ཞིག་ལགས། །
སེར་སྐྱའི་གཞི་ལ་ནྱ་གྲོ་དྷའི། །
ཀུན་དགའ་རར་བཞུགས་བཅོམ་ལྡན་འདས། །
བལྟ་ཕྱིར་ཤཱཀྱའི་རྒྱལ་བོའི་བུ། །
དགའ་བོ་སོང་བར་གྱུར་ཏེ་སྔོན། །
ངེས་འབྱུང་གཏམ་དང་གྲོས་དག་གིས། །
གཏམ་མཐར་མདུན་ན་གནས་པ་ལ། །
རབ་ཏུ་བྱུང་བར་མཛོད་ཅིག་ཅེས། །
བཅོམ་ལྡན་དགྱེས་པས་བཀའ་སྩལ་ཏོ། །
དེ་ཡི་དྲིན་ལ་མངོན་དགའ་ནས། །
དགའ་བོས་དེ་ལ་ལན་གསོལད་པ། །
བཅོམ་ལྡན་བསོད་ནམས་འཐོབ་མོད་ཀྱང༌། །
རབ་བྱུང་བདག་ནི་མངོན་མི་འདོད། །
ཁྱོད་ཀྱི་ཉེ་གནས་སུ་གྱུར་ནས། །
ཡོ་བྱད་ཅི་ལྟར་བཞེད་ཀུན་གྱིས།།
རེ་ཞིག་དགེ་སློང་དགེ་འདུན་ལ། །
གུས་པས་བདག་ནི་རིམ་གྲོ་བགྱིའོ། །
འདི་བརྗོད་རིན་ཆེན་ཅོད་པན་གྱིས། །
དེ་ཡི་ཞབས་པད་ལ་རེག་ནས། །
རྒྱལ་པོའི་བུ་ནི་བཙུན་མོ་ལ། །
ཆགས་པས་རང་གི་ཁྱིམ་དུ་སོང༌། །
དེ་ནི་མཛེས་མ་ཡིད་འོང་མ། །
དགའ་ཞིང་མཛེས་དང་ཡང་དག་ཕྲད། །
ཡུད་ཙམ་འབྲལ་བར་མི་བཟོད་པས། །
སྐྱེད་ཚལ་མཆོག་ཏུ་རྣམ་པར་རོལ། །
དེ་ནས་ནམ་ཞིག་རང་བཞིན་གྱིས། །
ཡོན་ཏན་ལྡན་དགྱེས་བཅོམ་ལྡན་འདས། །
དགེ་སློང་ཚོགས་དང་བཅས་པ་དག །
དགའ་བོའི་ཁྱིམ་དུ་རང་ཉིད་གཤེགས། །
ཀུན་དགའི་བཞིན་ལྡན་དགའ་བོ་ཡིས། །
དེ་ཡི་ཞབས་ལ་ཕྱག་འཚལ་ཞིང༌། །
ཆེར་འོས་སྟན་ལ་བཞུགས་དེ་ལ། །
མཆོད་པ་བྱས་ནས་རིམ་གྲོ་བསྐྱེད། །
གང་ཞིག་བཅོམ་ལྡན་རང་ཉིད་ཀྱིས། །
གཟིགས་པས་རྗེས་སུ་བཟུང་བྱས་པ། །
འདི་འདྲ་བསོད་ནམས་མྱུ་གུ་རྣམས། །
གང་ཞིག་ཡོངས་སུ་སྨིན་པའི་འབྲས། །
བདག་ཉིད་ཆེན་པོ་རྣམས་དྲན་ནམ། །
ཐོས་པ་དང་ནི་མཐོང་གྱུརད་པ། །
འདི་དེ་དགེ་བའི་འཁྲི་ཤིང་གི། །
འབྲས་བུ་ཆེན་པོ་དག་གི་རྒྱུན། །
ཁྱོད་ཀྱི་སྣང་བ་བྱམས་པ་ནི། །
ཆེན་པོར་གྱུརད་པ་འདི་མཐོང་ནས། །
སྙིང་གི་ཆུ་སྐྱེས་རྒྱས་པའི་དཔལ། །
སུ་ཞིག་གིས་ནི་མི་བསྐྱེད་འགྱུར། །
བདག་ཉིད་ཆེ་རྣམས་མཐོང་བ་ནི། །
སྦྱིན་པ་བས་ཀྱང་ཤིན་ཏུ་དཀའ། །
བསོད་ནམས་པས་ཀྱང་འབྲས་བུ་ཆེ། །
སྤྱོད་བཟང་བས་ཀྱང་བསྔགས་བར་འོས། །
དེ་སྐད་བརྗོད་དེའི་གུས་པ་དང༌། །
མཛའ་ཞིང་བྱམས་པ་ཉིད་དག་དང༌། །
སྔོན་དུ་མཆོད་ལ་མངོན་དགྱེས་ནས། །
བཅོམ་ལྡན་འདས་ནི་གཤེགས་པར་བརྩོན། །
དགའ་བོ་དེ་ཡི་རྗེས་འབྲང་བ། །
རང་གི་གསེར་གྱི་སྣོད་དུ་ནི། །
མཆོག་གི་ཉེར་སྤྱད་མངར་པོ་དག །
རང་གི་བསམ་པ་བཞིན་དུ་བླངས། །
བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ། །
གུས་པས་བདག་པོ་བགྲོད་མཐོང་ནས། །
འབྲལ་བ་མི་བཟོད་མཛེས་མ་ཡིས། །
ཟུར་མིག་གིས་ནི་ངེས་པར་བལྟས། །
བླ་མ་རྣམས་མདུན་མིག་གི་འགྲོས་ནི་དྲང་ཞིང་རབ་ཏུ་གཡོ་བ་དག །
ཡངས་པ་ཉིད་ཀྱིས་ཟུར་མིག་རབ་མཛེས་ཅུང་ཟད་བྱེ་བས་མཛེས་པའི་མཆོག །
བལྟ་བྱར་བལྟས་ནས་གང་ཞིག་སྐད་ཅིག་ཏུ་གྱུར་དེ་ཕྱིར་ལྷག་པར་ནི། །
འགྲོ་བར་མི་བྱ་མགོན་པོ་ཞེས་ནི་ཐུབ་པ་ཚིག་མེད་གསུངས་པ་བཞིན། །
མཛའ་མོ་ཤུགས་རིངས་ལྡན་པ་ལ། །
དགའ་བོ་བཞིན་ནི་ཕྱིར་ཕྱོགས་ནས། །
བདག་ནི་རིང་བོར་མི་ཐོགས་པར། །
འོང་བ་འདི་ཉིད་ཅེས་རབ་སྨྲས། །
དེ་ནས་བཅོམ་ལྡན་རང་ཉིད་ཀྱི། །
གནས་སུ་བྱོན་ལ་ཐལ་སྦྱར་ནས། །
རེ་ཞིག་རང་ཁྱིམ་མཆིའོ་ཞེས། །
འབྲལ་བ་བཟོད་པ་མེད་པས་སྨྲས། །
དེ་ནས་ཁྲིར་བཞུགས་བཅོམ་ལྡན་གྱིས། །
མདུན་དུ་རབ་ཏུ་བཏུད་དེ་ལ།།
འཛུམ་དང་བཅས་གསུངས་ད་ལྟ་ཉིད། །
མྱུར་བར་འགྲོ་བ་འདི་ཅི་ཞིག །
ཡུལ་གྱི་རོ་ལ་གཅགས་པ་ཡི། །
ཀུན་རྨོངས་ཀྱིས་གཟིར་སེམས་ལྡན་རྣམས། །
ཀྱེ་མ་ཁྱིམ་གྱི་བདག་ཉིད་ལ། །
ཡིད་འབྱུང་ལས་ནི་ཕྱིར་ཕྱོགས་བློ། །
ཚེ་ཡི་རྒྱན་ནི་ཡོན་ཏན་ཏེ། །
ཡོན་ཏན་རྒྱན་ནི་དབེན་པའོ། །
འདི་ཡི་རྒྱན་ནི་རབ་ཞི་སྟེ། །
ཞི་བའི་རྒྱན་ནི་ཆགས་བྲལ་ལོ། །
སྙིང་སྡུག་སེམས་ལ་བཀོད་པའི་བླུན་པོ་དེ་དང་བཟོད་དཀའི་ཟུག་རྔུའི་དུམ་བུ་སྟེ། །
བློ་ལྡན་རྣམས་ཀྱིས་དེ་ནི་རྣམ་པར་དཔྱད་ཚེ་ཚེ་ནི་འབྲས་བྲལ་ཉིད་དུ་བརྩིས། །
གང་ཡིད་ཕྱུགས་བཞིན་ཆགས་བྲལ་དབེན་པ་ཡིས་སྟོང་མཚན་ཉིད་མེད་པ་རྣམས་དག་གིས། །
སྐད་ཅིག་འདི་དག་འོང་དང་འགྲོ་བ་ཡང་ནི་འཁོར་ལོའི་མུ་ཁྱུད་གཡོ་བ་བཞིན། །
སྙིང་སྟོབས་ལྡན་པའི་བསོད་ནམས་བློ་ལྡན་རྣམས་གྱི་ཐོས་པ་རིག་བྱེད་ལྡན་པའི་ཚུལ་ཁྲིམས་དང༌། །
སྐལ་ལྡན་དག་གི་ཐམས་ཅད་ཞི་ལྡན་རྣམས་ཀྱི་བདེ་བ་གང་དུ་ཡང་ནི་རྙེད་དཀའ་མིན། །
མཐའ་དག་དངོས་པོའི་རྟེན་དུ་གྱུརད་པ་ཚེ་ནི་ཤིན་ཏུ་ཆུང་བའི་ཆ་ཡང་རྙེད་དཀའ་སྟེ། །
འབྲས་མེད་ཉིད་ཀྱིས་གང་གིས་ཟད་འགྱུར་ཞེས་ཏེ་མྱ་ངན་འོས་པ་དེ་ལ་ཕྱག་འཚལ་ལོ། །
ཡུལ་གྱི་ཆུ་གཏེར་གཡོན་མའི་ཀློང་འཁྱིལ་འཇོ་སྒེག་ཆུ་ཡིས་གང་གྱུརད་པ། །
དྲེགས་པ་མི་བཟད་ཆུ་སྲིན་རབ་ལངས་མཚན་མ་འཁྲུགས་པ་རབ་བསྐྱེད་ཅིང༌། །
ལྷག་པར་འབྲལ་བའི་རྟ་གདོང་མེ་ནི་རབ་འབར་རྟག་ཏུ་གནས་པ་ལ། །
སྐྱེས་བུ་རྣམས་ནི་སྒྲོལ་ལམ་ཆགས་བྲལ་དྲག་པོ་ཁོ་ན་བསྡམས་པའི་སྟེགས། །
དེ་སླད་རབ་བྱུང་གཟུང་བར་མཛོད། །
རྒྱལ་བོའི་སྲས་ནི་དབང་བོ་ཐུལ། །
བུད་མེད་བདེ་དང་དཔལ་འབྱོར་འདི། །
མྱུར་དུ་ཡང་དག་འགྲོགས་པ་བཞིན། །
དགེ་བ་ཉིད་སླད་ཚངས་པ་ཡི། །
སྤྱོད་པ་ཡོངས་སུ་བཟུང་བར་མཛོད། །
འཁོར་བ་སྙིང་བོ་མེད་པའི་ཁྱིམ། །
གདོན་ངན་འདི་ནི་གཏང་བར་མཛོད། །
བཅོམ་ལྡན་གསུང་ནི་སྙིང་རྗེ་ཡིས། །
བརྒྱན་པ་འདི་སྐད་ཐོས་གྱུར་ནས། །
དོན་གཉེར་མཆོད་འོས་ཀྱིས་གདམས་པའི། །
དགའ་བོས་དེ་ལ་ལན་གསོལད་པ། །
རྟག་ཏུ་ཁྱོད་ཉིད་བསྙེན་པ་ཉིད། །
བཅོམ་ལྡན་བདག་གི་རབ་བྱུང་ཡིན། །
དགེ་སློང་དགེ་འདུན་རིམ་གྲོར་ནི། །
འོས་པའི་ཁྱིམ་ལ་མཆོག་ཏུ་གུས། །
དེ་སྐད་སྨྲས་ནས་བཅོམ་ལྡན་གསུང༌། །
བསྒོམ་བྱའི་དབང་ཕྱུག་མིན་པ་དང༌། །
དགའ་མ་ལ་དགས་དྲངས་པས་འདིའི། །
བསམ་པ་ཁྱོགས་ལ་ཕྱང་མོ་ཉུག །
ཡང་དང་ཡང་དུ་བཅོམ་ལྡན་གྱིས། །
འདི་ལ་བརྟུལ་ཞུགས་ཉེར་བསྟན་མཛད། །
ཕན་པར་བརྩོན་པའི་དམ་པ་རྣམས། །
མི་འོས་པ་ཉིད་མི་བསམ་མོ། །
དབང་བོ་མ་ཐུལ་དགའ་བོ་ནི། །
གང་ཚེ་རབ་བྱུང་མི་འདོད་པ། །
དེ་ཚེ་དེ་ཡི་ལུས་ལ་དེ། །
བཅོམ་ལྡན་གསུང་གིས་རང་ཉིད་ལྷུང༌། །
དེར་ནི་དེ་ཚེ་ངུར་སྨྲིག་གོས། །
མགོ་ཟླུམ་ལག་ན་ལྷུང་བཟེད་ཅན། །
སྐྱེས་བུ་ཆེན་པོའི་མཚན་རྣམས་ཀྱིས། །
གསེར་གྱི་འོད་ཟེར་ལྟ་བུར་མཛེས། །
དགོན་པ་བ་དང་བསོད་སྙོམས་པར། །
རྒྱལ་བའི་བཀའ་ཡིས་དེར་གྱུརད་ཏོ། །
ཁྱིམ་ལས་ཁྱིམ་ནི་མེད་ཉིད་དང༌། །
ཕྱག་དར་ཁྲོད་པ་ཉིད་དུ་གྱུར། །
དེ་ནི་རབ་ཏུ་བྱུང་གྱུརད་ཀྱང༌། །
སྙིང་ལ་ཡང་དག་གཅགས་པ་ཡིས། །
སྔོ་བསངས་དགའ་མ་རྟག་ཏུ་འཛིན། །
ཟླ་བའི་མཚན་མ་མཛེས་པ་བཞིན། །
གང་ཡང་སེམས་ཀྱི་ཆགས་པ་དག །
བཀྲུས་ཀྱང་འདག་པ་མིན་པ་གང༌། །
ལམ་ནི་གང་ནས་ལམ་དུ་ཞུགས། །
ཤེལ་གྱི་བཞིན་དུ་མི་ཤེས་སོ། །
བྲལ་བས་སྐྱ་བོར་གྱུརད་པའི་འོད། །
ཆོས་གོས་དམར་བོ་ཡང་དག་ཆགས། །
དེ་ནི་ཐུན་མཚམས་སྤྲིན་དུམ་གྱིས། །
མཚན་པའི་ཟླ་བའི་དཔལ་འཕྲོག་གྱུར། །
ནགས་ན་རྒྱུ་ཞིང་རོལ་བྱེད་ལ། །
རིད་ཅིང་འཛིན་པ་བརྗེད་པ་དེ། །
ལུས་མེད་སྐྱེ་བའི་རིག་བྱེད་ཀྱིས། །
མཛེས་མ་དག་ནི་བརྗེད་མ་གྱུར། །
རྡོ་བའི་གཞི་ལ་བསྡད་ནས་ནི། །
ཡོངས་རྫོགས་ཟླ་བའི་བཞིན་རས་ཀྱི། །
བཞིན་ལ་བསམ་གཏན་གཡོ་མེད་ཀྱིས། །
ཡུན་རིང་དག་ཏུ་དེ་དེ་བསམས། །  
ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི། །
འབད་པས་རྗེས་བཟུང་འདི་དག་ཀྱང༌། །
ཆགས་པས་བྱིན་བརླབས་བདག་གི་སེམས། །
དྲི་མ་དང་བྲལ་ཉིད་མི་འགྱུར། །
འཁོར་བའི་སྤྱོད་ཚུལ་ཐོས་གྱུརད་ཅིང༌། །
གྲོགས་མེད་བརྟུལ་ཞུགས་བསྟེན་མོད་ཀྱང༌། །
རི་དྭགས་གཞོན་ནུའི་མིག་ཅན་མ། །
བདག་གི་ཡིད་ལ་བརྗེད་པ་མེད། །
མཛས་མའི་གུར་གུམ་གྱིས་རེག་ཆགས་པའི་སྐལ་བཟང་ལུས་ལ་སྣམ་སྦྱར་ལེགས་པར་བགོས། །
དེ་ཡི་ནུ་རྒྱས་དཀྱིལ་འཁོར་རབ་ཏུ་མཉེད་པའི་ལག་པས་ལྷུང་བཟེད་ལེགས་པར་བཟུང༌། །
གང་ཞིག་བྱང་ཆུབ་གེགས་སུ་གྱུརད་པ་དེ་ལ་དམིགས་པའི་ཉིན་མཚན་བསམ་གཏན་ཅན། །
བདག་གི་ཆགས་པ་དག་ནི་གལ་ཏེ་འཕེལ་ན་མཆོག་ཏུ་རིགས་པ་ཉིད་དུ་འཕེལ། །
མཛེས་མ་སྐད་ཅིག་གིས་ནི་བདག་འོང་ཞེས། །
སྔོན་ནི་དེ་ལ་དེ་ལྟར་འོང་བར་བརྗོད། །
ཀྱེ་མ་འཕྲད་པའི་བགེགས་གྱུར་བརྟུལ་ཞུགས་འདི། །
བྱས་པ་མི་གཟོ་བདག་གིས་ཕྱི་ནས་བླངས། །
གང་དེའི་རབ་ཏུ་འདར་ཞིང་གཡོ་བའི་ཚིག་གིས་འགྲོ་བར་མི་བྱ་ཞེས་སྨྲས་ཤིང༌། །
བླ་མའི་སྐྱེ་བོ་གནས་ཚེ་གང་ཞིག་རླུང་ཡབ་དོར་ཏེ་ཐུ་བ་ནས་ཀྱང་བཟུང༌། །
གང་ཞིག་རྐང་བས་ས་ལ་འབྲི་ཞིང་མཐོང་བ་མིན་ཡང་བདག་ལ་ཟུར་མིག་མཚོན། །
དགག་པ་མཆོག་ཏུ་མཛེས་པའི་རིམ་པ་དེ་ཡིས་བདག་གི་ཡིད་ནི་དེ་ཡིས་བསྡམས། །
བདག་བྲལ་རི་དྭགས་མིག་ཅན་དེ། །
འཇུག་ངོགས་ངུར་བ་མོ་བཞིན་དུ། །
བ་གམ་ཅན་ན་མྱ་ངན་དག །
སྒྲོག་ཅིང་མི་ཉལ་ཡོད་དམ་སྙམ། །
ཀྱི་ཧུད་དགའ་མ་གཡོ་ཅན་གྱིས། །
འབའ་ཞིག་པ་བཞིན་བདེན་པ་བཏང༌། །
ཁྱོད་ཀྱི་སེམས་ཀྱི་ཆོམ་རྐུན་ངས། །
རྫུན་གྱི་བརྟུལ་ཞུགས་འདི་ལ་བརྟེན། །
རེ་ཞིག་བརྟུལ་ཞུགས་འདི་བཏང་ནས། །
མཛེས་མའི་གན་དུ་འགྲོ་བར་བྱ། །
གང་ཕྱིར་ཆགས་པའི་མེས་གདུངས་པའི། །
དཀའ་ཐུབ་གདུང་བ་བཟོད་པར་དཀའ། །
སྡིག་ཅན་ཡུན་རིང་ནས་འོངས་པ། །
བདག་མཐོང་རྒྱལ་བོའི་བུ་མོ་དེ། །
གསར་དུ་སྐྱེས་པའི་ཁྲོ་བ་ཡིས། །
ཅི་བྱེད་པར་འགྱུར་ཡོངས་མི་ཤེས། །
མཛའ་ལ་ཆགས་པའི་རྡུལ་གྱི་ཆ། །
གནོད་ཅིང་དགའ་མེད་བཟོད་དཀའ་བ། །
ངེས་པར་ཟློག་པ་དཀའ་བ་ཉིད། །
ཀུན་ཏུ་རྣམ་འགྱུར་ཉིད་ཀྱིས་བསླད། །
གང་གི་དུས་ན་བཅོམ་ལྡན་གྱིས། །
ནགས་འདི་བཏང་བར་མཐོང་གྱུརད་པ། །
དེ་ཚེ་ཁོ་ན་བདག་ཁྱིམ་དུ། །
འགྲོ་བར་བྱ་ཞེས་འདི་ངེས་སོ། །
ད་ནི་དགའ་བའི་དམིགས་རྟེན་དུ། །
རྡོ་ཡི་གླེགས་བུ་འདི་ཉིད་ལ། །
རི་ཡི་ཁམས་ནི་ཡིད་འོང་གི། །
ཟླ་བཞིན་མ་དེ་བདག་གིས་བྲིས། །
ཡང་ན་གང་གི་མཛེས་སྡུག་ཐིགས། །
བདུད་རྩིའི་ཨུཏྤལ་ཟླ་བ་འདྲ། །
མཛེས་མ་དེ་ནི་རི་མོ་ཡི། །
ཡུལ་དུ་ཇི་ལྟར་འགྲོ་བར་འགྱུར། །
ཡིད་འཕྲོག་རི་དྭགས་མིག་ནི་བུང་བ་གཡོ་བས་ཁྱབ་པའི་ཨུཏྤལ་འཁྱིལ་བ་བཞིན། །
འཇོ་སྒེག་ཆུ་གཏེར་འགྲམ་དུ་བྱུ་རུའི་ནགས་ལྟར་མཆུ་ནི་བིམ་པའི་འོད་རབ་གསལ། །
གང་ཡང་ཁ་ཡི་འོད་དེ་སྐྱོན་མེད་བདུད་རྩིའི་ཟེར་གྱི་དོན་མཐུན་དག་གི་ལམ། །
མཛེས་མ་ལུས་ནི་ངོ་མཚར་སྙིང་བོ་རི་མོའི་ལམ་དུ་ཇི་ལྟར་འགྲོ་བར་འགྱུར། །
འདི་བསམས་དེ་ཡིས་རྡོ་གཞི་ལ། །
མཆི་མས་བཀྲུས་ཤིང་འདར་བ་ཡིས། །
འཁྲུགས་པའི་སོར་མོས་ཇི་ལྟར་ཡང༌། །
མཛེས་མ་དག་ནི་དལ་བུས་བྲིས། །
དེ་ཡིས་རྟོག་པས་གསལ་བྱས་པའི། །
གཟུགས་བརྙན་ལྟ་བུ་ལ་བརྟེན་པར། །
སྔོན་དུ་བྱས་ནས་མཛེས་མ་ལ། །
མཆི་མས་འཛེར་འཛེར་སྐད་དུ་སྨྲས། །
མིག་གཉིས་མ་ལུས་བདེ་བའི་ཆར་རྒྱུན་སྟོན་ཀའི་ཟླ་བའི་བཞིན་རས་ཅན། །
མཛེས་མ་བདག་གིས་བྲིས་ཏེ་མིག་ཆུས་རྒྱས་པས་སྐད་ཅིག་ཀྱང་མ་མཐོང༌། །
གཟུགས་ཅན་མ་དང་བྲལ་ལ་ལྟོས་མེད་བརྟུལ་ཞུགས་ལྡན་པ་བདག་ལ་ནི། །
སྡིག་ལས་ཅི་ཡང་གདུང་བ་རབ་བསྐྱེད་དམོད་པ་ཟུག་པ་མ་ཡིན་ནམ། །
རྒྱས་པའི་ཆུ་སྐྱེས་ནགས་ཀྱི་འོད་འདྲ་དགའ་བའི་མིག་གིས་རྗེས་སུ་ཆགས་པའི་ལུས། །
དེ་ཡི་དུས་ན་ཉེ་བར་གྱུརད་པའི་བར་ཆད་ཀྱིས་བསྐྲུན་ཁྲོ་བ་ཡང་དག་ཐོངས། །
ཀྭ་ཡེ་མཛེས་མ་བདག་ལ་ཚིག་ལན་བྱིན་ཅིག་མི་སྨྲ་བར་ནི་ཅི་ལ་འདུག །
བདེན་པར་བདག་ཀྱང་ཁྱོད་ལ་ཆགས་པའི་ཆོས་གོས་འདི་བསམ་བརྟུལ་ཞུགས་བརྟུལ་ཞུགས་སོ། །
དེ་སྐད་སྨྲ་ཞིང་བུད་མེད་དག །
བྲིས་པ་རིང་ནས་མཐོང་གྱུར་ནས། །
ཁྲོ་ལྡན་དགེ་སློང་རྣམས་ཀྱིས་ནི། །
བཅོམ་ལྡན་འདས་ལ་མངོན་ཕྱོགས་སྨྲས། །
བཅོམ་ལྡན་ཁྱེད་ཀྱིས་མ་དུལ་ལ། །
མཉེས་གཤིན་འབའ་ཞིག་པ་ཉིད་ལས། །
རབ་ཏུ་བྱུང་བ་འདི་བྱིན་ཏེ། །
ཁྱི་ལ་མེ་ཏོག་ཕྲེང་བ་བཞིན། །
མཛེས་མ་བྲིས་ནས་དགའ་བོ་ནི། །
རྡོ་བའི་གཞི་ལ་དལ་བུ་ཡིས། །
དེ་བརྗོད་བཟླས་པ་ལ་ཆགས་ཤིང༌། །
བསམ་གཏན་ལ་ནི་དམིགས་པར་འགྱུར། །
དེ་དག་ཐོས་ནས་བཅོམ་ལྡན་གྱིས། །
དགའ་མ་བྲལ་བས་རྨོངས་གྱུརད་པའི། །
དགའ་བོ་ནགས་ནས་བོས་ནས་ནི། །
འདི་དག་ཅི་ཞེས་རབ་ཏུ་དྲིས། །
དེ་སྨྲས་བཅོམ་ལྡན་བདེན་པར་ནི། །
མཆོག་ཏུ་མཛེས་མ་ལ་ཆགས་བདག །
དགེ་སློང་རྣམས་ནི་འདོད་གྱུརད་ཀྱང༌། །
ནགས་ཚལ་འདི་ལ་བློ་མི་དགའ། །
དེ་སྐད་དགའ་བོའི་ཚིག་ཐོས་ནས། །
ཞལ་གྱི་ཟླ་བའི་འོད་ཟེར་གྱིས། །
འདོད་ཆགས་ཆུ་སྐྱེས་འཛུམ་པ་བཞིན། །
བཅོམ་ལྡན་རྒྱལ་བས་དེ་ལ་གསུངས། །
ཀུན་ཏུ་ཆགས་ལས་མི་རིགས་བློ། །
དམ་པ་ཁྱོད་ཀྱི་རིགས་མ་ཡིན། །
དགེ་ལ་མངོན་པར་དགའ་རྣམས་ཀྱིས། །
སེམས་ནི་བགེགས་རྣམས་ཀྱིས་མི་ཁུགས། །
ལོངས་སྤྱོད་རྩྭ་ཡི་གཟེགས་མ་དང་མཚུངས་བཏང་ལ་མངོན་སྦྱོར་རིགས་པ་འདི་ནི་གང༌། །
སྐད་ཅིག་བདེ་བའི་ཆ་ཡི་རོ་མྱང་ཚོགས་དང་འགྲོགས་པ་སྨད་འོས་འདི་ནི་གང༌། །
ཆགས་པས་ལོང་བ་རྣམས་ན་གང་དུ་འཕྲལ་ལ་ལྟུང་བྱེད་བཟོད་དཀར་གྱུརད་པ་ཡི། །
བསྒྲལ་དཀའ་བདུད་ཀྱི་ལམ་འདི་རིགས་ཉིད་ཀྱིས་ནི་དགེ་བ་འཕྲོག་པར་བྱེད་པ་ཡིན། །
དེ་སྐད་དེ་ལ་ཆགས་བྲལ་དག །
ཡུན་རིང་བསྟན་པར་མཛད་ནས་ནི། །
འདུག་བྱ་ཞེས་བརྗོད་བཅོམ་ལྡན་རང༌། །
རང་གི་བྱ་བའི་སླད་དུ་གཤེགས། །
མཛེས་མ་ལྟ་ལ་ཆགས་པ་ཡི། །
དགའ་ལྡན་དགའ་བོའི་གནས་སྐབས་དེར། །
འགྲོ་བར་འོས་པར་བསམས་ནས་ནི། །
རང་གི་ཁྱིམ་དུ་ཆས་པར་གྱུར། །
གཙུག་ལག་ཁང་ནི་མང་བོ་ཡི། །
སྒོ་རྣམས་བཅད་པས་ཡུན་རིང་ན། །
གྲོང་ཁྱེར་མངོན་ཕྱོགས་ལམ་དག་ནི། །
ཇི་ཞིག་ལྟར་སྟེས་ཐོབ་ནས་འགྲོ། །
དེ་ནས་ཆགས་ལས་འགྲོ་བརྩོན་དེ། །
ཐམས་ཅད་མཁྱེན་པ་བཅོམ་ལྡན་གྱིས། །
མཁྱེན་ནས་མངོན་ཕྱོགས་བཀའ་བསྩལ་བ། །
དགའ་བོ་མགྱོགས་པར་གང་དུ་འགྲོ། །
དེ་ནས་བཅོམ་ལྡན་རེ་ཞིག་ནི། །
ནགས་ན་བདག་ལ་དགའ་བ་མེད། །
སེམས་ནི་ངལ་བསོས་མིན་རྣམས་ཀྱིས། །
བྱ་བ་གང་ཡང་དག་པ་མིན། །
དཔལ་ནི་རྔ་ཡབ་བཞད་ལྡན་དེ་དང་ནོར་བུའི་རང་བཞིན་དགའ་བའི་བ་གམ་ཕྲེང་ལྡན་དེ། །
ཨ་མྲའི་འཁྲི་ཤིང་རླུང་བཞོན་གྱིས་བསྐྱོད་སྐྱེད་ཚལ་གསར་བའི་ས་གཞི་མཛེས་པ་དེ་དང་ནི། །
མེ་ཏོག་མདའ་ཅན་གཞུ་ཡི་འཁྲི་ཤིང་གཟུགས་བཟང་ལྟོ་བ་ཕྲ་བའི་མཛེས་མ་དེ་དག་ལ། །
སྐྱེ་བ་གཞན་གྱི་བག་ཆགས་བཞིན་དུ་བདག་གི་ཡིད་ནི་ཆགས་ལས་རྣམ་པར་མི་གྲོལ་ལོ། །
ཡིད་ནི་ཆགས་བཅས་ཁོ་ན་ཡིས། །
ཚངས་པར་སྤྱོད་པ་བདག་གིས་སྤྱད། །
བརྟུལ་ཞུགས་འཆིང་བའི་གཟེབ་དག་གིས། །
མཁའ་ལ་འགྲོ་བ་བསྡམས་པ་བཞིན། །
གོས་ནི་ཚོན་གྱིས་དམར་བ་ཡིས། །
འདོད་ཆགས་བྲལ་བ་ཉིད་མི་འགྱུར། །
རབ་བྱུང་བཏང་ནས་བདག་འགྲོའོ། །
བདག་གི་དམྱལ་བ་ཟད་གྱུརད་ཅིག །
དེ་སྐད་ལན་གཅིག་མིན་སྨྲ་ཞིང༌། །
རང་གནས་འགྲོ་བར་བརྩོན་དེ་ལ། །
ལྡོག་ཅིང་རྗེས་བཟུང་བློ་གྲོས་ཀྱིས། །
བཅོམ་ལྡན་རྒྱལ་བས་བཀའ་བསྩལ་བ། །
ཤེས་ལྡན་སྐྱེ་བོ་ཉེར་སྟེན་ལ། །
སོ་སོའི་སྐྱེ་བོར་མི་འགྱུར་བཞིན། །
དགའ་བ་ཐོས་པས་རྣམ་པར་གྲགས། །
སྨད་ཅིང་བསླད་པ་མ་བྱེད་ཅིག །
རྣམ་པར་རིག་པས་སྐྱོན་བཤིག་ཅིང༌། །
ཚུལ་ཁྲིམས་ལྡན་པ་མཁས་རྣམས་བློ། །
སྙིང་བོ་མེད་པའི་བདེ་བ་ལ། །
ཆགས་པས་བྱ་མིན་ལ་མི་འཇུག །
མཆོག་ཏུ་སྨད་པའི་ཁང་བར་ནི། །
ངན་པའི་ལས་ལ་ཀུན་ཏུ་ཆགས། །
རྒྱ་ཆེན་འདོད་ཆགས་འཛིན་པ་ཁྱོད། །
ངོ་ཚ་སྐྱེ་བ་མིན་པ་ཅི། །
སྐྱེ་གནས་ལས་སྐྱེས་སྐྱེ་གནས་ཆགས། །
ནུ་མ་འཐུངས་པ་ནུ་མ་ཉེད། །
ཀྱེ་མ་ངོ་ཚ་མི་བྱེད་པ། །
སྐྱེ་བ་ཉིད་ལ་བརླག་པར་འགྱུར། །
རྟག་ཏུ་དམ་པའི་སྐྱེ་བོ་སྤངས། །
མ་ཡི་སྒྲོམ་ལ་ཆགས་གྱུརད་པ། །
སེམས་ནི་ཀུན་རྨོངས་ཀྱིས་བཅོམ་པའི། །
ཕྱུགས་རྣམས་ཉིད་ལ་མཐོང་བ་ཡིན། །
བུད་མེད་སྐྱེས་པའི་ང་རྒྱལ་འདི། །
ཁྱོད་ཀྱིས་དགའ་དང་བྲལ་ནས་ཐོངས། །
སྲིད་པའི་ཁུང་བུར་ལག་འགྲོ་རྣམས། །
ལོངས་སྤྱོད་དང་བཅས་འཇིག་པ་མཐོང༌། །
སྒྲོམ་ལས་སྐྱེས་པའི་དགའ་བ་དག །
སུ་ཡི་ཡིད་འབྱུང་སྐྱེད་མི་བསྐྱེད། །
གང་གི་མཇུག་ཏུ་ཁྱི་རྣམས་ཀྱང༌། །
ངེས་པར་ཁ་ནི་ཕྱིར་ཕྱོགས་འགྱུར། །
ཁྱིམ་གྱི་རྒྱ་ལས་རྣམ་གྲོལ་ཁྱོད། །
དེ་ཉིད་དུ་མངོན་རྒྱུག་པ་ཅི། །
གང་ཕྱིར་རི་དྭགས་ཐར་གྱུརད་པ། །
སླར་ཡང་རྒྱར་ནི་འཇུག་པ་མིན། །
དེ་སྐད་བཅོམ་ལྡན་གྱིས་གསུངས་པའི། །
བཀའ་ཡིས་ངེས་པར་གདམས་པ་ཡི། །
དགའ་བོ་མཛེས་མ་སེམས་བྱེད་ཅིང༌། །
སླར་ཡང་གནས་སུ་རབ་ཏུ་ཞུགས། །
དེ་ནས་ནམ་ཞིག་དགའ་བོ་ལ། །
གནས་ཁང་ཕྱག་དར་བསྒོས་ནས་ནི། །
ཕོངས་པའི་རྗེས་འཛིན་ལ་བརྩོན་པའི། །
བཅོམ་ལྡན་སླར་ཡང་རབ་ཏུ་གཤེགས། །
དེ་ཡི་བཀའ་ཡིས་གནས་ཁང་དག །
སྤྱོད་ལ་རབ་ཞུགས་དགའ་བོ་ཡིས། །
བསམས་པ་ལས་ནི་འདོད་ཆགས་བཞིན། །
ས་ལས་རྡུལ་རྣམས་ཡོངས་མ་སོང༌། །
ཡོངས་སུ་སྤྱོད་པའི་ཆུ་དག་ནི། །
ལེན་དུ་སོང་བར་གྱུརད་པ་དེའི། །
ཡང་ཡང་བཀང་ཞིང་རབ་བླངས་ཚེ། །
བུམ་པ་སྟོང་བ་ཉིད་དུ་གྱུར། །
བགེགས་ནི་དེ་ཡིས་ཡིད་དག་ནི། །
ཤིན་ཏུ་སྐྱོ་ནས་འགྲོ་བའི་སླད། །
མཛེས་མ་བལྟ་བར་འདོད་པ་འདི། །
དགའ་བོས་བཏང་ནས་རབ་ཏུ་སོང༌། །
དེ་ནས་རེ་བ་བརྟན་པ་ཡིས། །
འགྲོ་བ་དེ་ནི་ཀུན་མཁྱེན་གྱི། །
ལྷ་ཡི་སྤྱན་གྱིས་མཁྱེན་གྱུར་ནས། །
འཕྲལ་ལ་མངོན་ཕྱོགས་བཀའ་བསྩལ་བ། །
ཀྱེ་མ་མཛའ་བའི་སྣུམ་གྱི་དྲི། །
སྣོད་དུ་སྦྱར་བས་ཚྭ་བྱེད་ཅིང༌། །
ཁྱོད་ཀྱི་ཆགས་པ་མཚན་མོའི་འོད། །
མར་མེ་བཞིན་དུ་ཞི་མི་འགྱུར། །
གཡོན་མ་མཆོག་ཏུ་མངོན་འདོད་པས།།
ཅི་ཡང་ཁྱོད་སྙིང་ལ་ཆགས་འདི། །
ད་དུང་ཡང་ནི་མི་འབྲལ་ཏེ། །
གང་ཞིག་རམས་ཀྱི་ཚོན་བཞིན་ནོ། །
ཆགས་པ་རབ་ཏུ་བརྩམས་པའི་ཚེ། །
དེ་དུས་འཇིགས་ཤིང་ལོང་བར་བྱེད། །
ཡན་ལག་གཙོར་བགྲོད་རབ་ཞུགས་ཚེ། །
སྨད་པ་ཉིད་ཀྱིས་ཀུནད་ཏུ་འཁྱུད། །
ཡུལ་གྱི་ཉམས་མྱོང་དང་འགྲོགས་པ། །
སྡིག་པའི་གྲོགས་ལྟའི་དབང་བོ་ཡིས། །
སྡུག་བསྔལ་བཟོད་དཀའ་འཁྱིལ་བ་ཡིས། །
དམྱལ་བར་མི་རྣམས་འཕེན་པར་བྱེད། །
འགྲོགས་ངན་རེག་པའི་ཆ་ཡིས་ཀྱང༌། །
ལྷག་པར་རབ་ཏུ་སྒོ་བར་བྱེད། །
ཉ་དང་རོ་ནི་རུལ་བ་ཡིས། །
དྲི་ང་རབ་ཏུ་ལྡང་བ་བཞིན། །
དགེ་བའི་གྲོགས་ཀྱིས་རེག་གྱུརད་པ། །  
རྣམ་པ་ཀུན་ཏུ་དགེ་བ་འཛིན། །
དགེ་བའི་དྲི་བཟང་གིས་ཁྱབ་བཞིན། །
གང་ཞིག་རིན་ནི་ཆེན་པོར་བྱེད། །
འདི་བརྗོད་དེ་ལ་བཅོམ་ལྡན་གྱིས། །
དམ་པ་དམ་པ་མིན་པའི་ལམ། །
མངོན་དུ་རེག་པས་དྲི་བསྟན་ནས། །
གྲོགས་ནི་དེ་དག་བསྟན་པ་མཛད། །
དེ་ནས་དགའ་བོ་བཅོམ་ལྡན་གྱིས། །
ཁྱེར་ནས་རི་ཡི་དབང་བོ་ནི། །
སྤོས་ངད་ལྡང་བའི་རི་དྭགས་ཀྱི། །
རྔ་མའི་རླུང་ཡབ་གཡོབ་པར་གཤེགས། །
དེར་ནི་ནགས་མེས་ཚིག་གྱུརད་ཅིང༌། །
མི་སྡུག་ཤིན་ཏུ་རིད་པའི་ལུས། །
སྤྲ་མོ་ཞར་མ་དེ་ལ་ནི། །
བསྟན་ནས་རྒྱལ་བས་བཀའ་བསྩལ་བ། །
དགའ་བོ་འདི་ནི་མཐོང་ངམ་ཅི། །
དམན་པས་ཤིན་ཏུ་སྨད་པའི་ཡིད། །
འདི་ལའང་སུ་ཞིག་འོས་པ་ཡི། །
དགའ་མར་མཐོང་ནས་སྲེད་པ་ཡིན། །
ལེགས་དང་མི་ལེགས་ཡོད་ཉིད་མིན། །
དགའ་བ་ཉིད་དུ་ཆགས་པས་ལྟ། །
འཇིག་རྟེན་ན་ནི་སྐྱེ་བོ་གང༌། །
གང་གི་དགའ་དེ་དེ་ཡིས་དགའ། །
འདི་དང་མཛེས་མ་དེ་ཡི་ནི། །
མཛེས་པའི་བར་ན་ཅི་ཞིག་ཡོད། །
དགའ་བོ་ཁྱོད་ཀྱི་ཕྱོགས་ལྷུང་དག །
རབ་ཏུ་ཐོངས་ལ་བདེན་པར་སྤྲོས།།
བདག་གིས་དོན་དུ་མ་གཉེར་སླད། །
མཛེས་པའི་ཁྱད་ཉིད་རིག་པ་མེད། །
དོན་དུ་གཉེར་ན་དགའ་བར་འགྱུར། །
དགའ་བ་ཉིད་ན་མཛེས་པ་ཉིད། །
འདི་དང་དེ་ལ་ཁྱད་པར་དག །
ངས་ནི་ཅུང་ཟད་མ་མཐོང་སྟེ། །
ཤ་པགས་རུས་པའི་འཁྲུལ་འཁོར་ལ། །
དགའ་བར་དམ་ཚིག་བྱས་ཙམ་ཉིད། །
དེ་སྐད་བཅོམ་ལྡན་གྱིས་དྲི་བ། །
ཤིན་ཏུ་རིགས་མིན་དྲིས་གྱུརད་ཅིང༌། །
གང་ཡང་བླ་མས་གདམས་གྱུརད་པའི། །
དགའ་བོས་དེ་ལ་ལན་གསོལ་བ། །
བཅོམ་ལྡན་དེ་སྐད་ཅི་ལ་གསུངས། །
གང་འདི་མྱ་ངན་ལ་ཅོ་འདྲི། །
ཀུན་གྱི་བླ་མ་གཙོ་བོར་ནི། །
གྱུརད་པ་སུ་ཡིས་རྣམ་པར་དུལ། །
མཛེས་མ་ཡི་ནི་དགའ་བ་དེ། །
མཆོག་གི་ཆ་ལ་མཛེས་པ་སྟེ། །
འགྲོ་ལས་རྒྱལ་བའི་དྲན་པ་ཡང༌། །
གང་མཐོང་དགའ་མ་མི་དྲན་ནོ། །
དེ་ཡི་མཛེས་པས་ཀུ་མུད་ཚལ། །
དགའ་བཞིན་ཟླ་བའི་འོད་ཀྱིས་མིན། །
གྲགས་པའི་ལམ་འགྲོ་བླུན་པོ་ཡིས། །
ཡོན་ཏན་ཁྱད་པར་ཡོངས་མི་ཤེས། །
དེ་ཡིས་མེ་ཏོག་ཚོགས་རྣམས་བཞིན་གྱི་དྲི་བཟང་ནོར་ལ་ནི། །
བརྐུས་པར་མཐོང་ནས་རབ་ཏུ་རྒྱས་པའི་སྐྲ་ཚོགས་དག་ལ་བཅིངས། །
འཇོ་སྒེག་འགྲོས་དང་མིག་གིས་མཛེས་པ་དག་ལ་བརྐུས་གྱུརད་པའི། །
ངང་བ་རི་དྭགས་འཇིགས་བཞིན་ནགས་ཉིད་དུ་ནི་བྲོས་སམ་སྙམ། །
རི་དྭགས་མིག་ཅན་དཔེ་མེད་མ་དེ་ཡོངས་འདྲིས་བརྟག་པ་མི་ཉུང་ཞིང༌། །
རྣམ་མང་རྣམ་པར་རྟོག་ཀྱང་ནི་དྲི་བར་ནུས་པ་ཉིད་མ་ཡིན། །
གང་གི་བཞིན་མཛེས་དག་དང་སྲང་ལ་གཞལ་ཚེ་ཡང་བ་ཉིད་ཀྱི་ན། །
རྒྱུ་སྐར་བདག་པོ་དེ་ནི་མཁའ་ལ་ལྷག་པར་འཛེག་པ་མ་ཡིན་ནམ། །
བསོད་ནམས་ཀྱིས་འཐབ་ཡིད་འོང་སྨིན་མའི་འཁྲི་ཤིང་གཡོ་ལྡན་སྒེག་ཅིང་རོལ། །
དེ་ཡི་བཞིན་ནི་ཡིད་འཕྲོག་དགའ་དང་ལྡན་ཏེ་གལ་ཏེ་མི་འཐོབ་ན། །
རབ་བྱུང་འདིས་བདག་ལེགས་བྱས་ལྷག་པར་ཅི་ཞིག་བགྱིད་འགྱུར་འདི་ཡི་སླད། །
བརྟུལ་ཞུགས་ཡོ་བྱད་ཁུར་དུ་གྱུརད་པ་འདི་དག་ཅི་སླད་བདག་འཁུར་ལགས། །
དེ་སྐད་དགའ་བོའི་ཚིག་ཐོས་ནས། །
ཆགས་པ་རབ་ཏུ་རྒྱས་པ་དེ། །
བཅོམ་ལྡན་རང་གི་མཐུས་བླངས་ནས། །
ལྷ་ཡི་གནས་སུ་ཕྱིན་པར་གྱུར། །
བརྒྱ་བྱིན་དགའ་ཚལ་དེ་རུ་ནི། །
བདུད་རྩི་བསྲུབས་ལས་རབ་འཁྲུངས་པའི། །
ལྷ་ཡི་བུ་མོ་མཛེས་པ་དག །
དེ་ལ་རབ་ཏུ་བསྟན་པར་གྱུར། །
རྐང་བ་པད་ཚལ་ལས་འཁྲུངས་པ། །
མཛེས་པའི་རྒྱུད་ནི་དམར་བོ་ཡིས། །
ཆུ་གཏེར་ངོགས་ཀྱི་བྱུ་རུ་ཡིས། །
ནགས་ཀྱི་རྗེས་སུ་འཁྲིད་པ་བཞིན། །
ཡོངས་འདུ་ལྷན་ཅིག་སྐྱེས་པ་ཡིས། །
ཡལ་འདབ་ཆགས་པ་ལྟར་གྱུརད་པ། །
རོལ་ཞིང་སྒེག་པའི་གྲོགས་པོ་ཡིས། །
ལག་པས་ཆུ་སྐྱེས་དག་ལས་རྒྱལ། །
མཛེས་ཤིང་ཡིད་འོང་རོལ་བ་དང༌། །
འདོད་པ་ཀུན་ཏུ་དགའ་བའི་གྲོགས། །
ཆུ་སྐྱེས་བདེ་བླག་ཉིད་དུ་ནི། །
འཛུམ་བྱེད་ཟླ་བའི་འགྲན་ཟླ་དང༌། །
པདྨ་སཱ་རིའི་མིག་དག་དང༌། །
ཀུན་རྨོངས་གསོ་བས་ནག་མོ་ནི། །
བརྩེགས་པའི་རི་མོས་རེག་པ་ཡིས། །
བདུད་རྩིའི་ཚོགས་ཀྱིས་བསྐོར་བ་བཞིན། །
མཛེས་སྡུག་ལང་ཚོ་རྫོགས་གྱུརད་པ། །
དེ་དག་མཐོང་ནས་འཕྲལ་ཉིད་དུ། །
ཀུན་དགའི་བཞིན་ལྡན་དགའ་བོ་ནི། །
རྡུལ་གྱིས་བཀྲུས་པ་བཞིན་དུ་གྱུར། །
པདྨོའི་བཞིན་རས་དང་ནི་ཨུཏྤལ་རྒྱས་པའི་མིག །
ཀུན་དའི་འཛུམ་དང་མེ་ཏོག་ཚོམ་བུའི་ནུ་རྒྱས་ཅན། །
དེ་དག་རྣམས་ལ་དགའ་བོའི་སྙིང་ནི་ཅིག་ཅར་དུ། །
ཕྱོགས་ལྷུང་བུང་བ་རོལད་ཅིང་གཡོ་བ་དང་མཚུངས་ཐོབ། །
དེ་ལ་ཡིད་སོང་དགའ་བོ་ལ། །
དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས། །
དགའ་བོ་འདི་དག་མཐོང་བ་དང༌། །
ཆགས་པས་ཁྱོད་བློ་དགའ་འམ་ཅི། །
འདི་རྣམས་དག་དང་མཛེས་མ་དེའི། །
མཛེས་སྡུག་ཁྱད་པར་ཇི་སྙེད་ཅིག །
གཞན་གྱི་ཆ་ལས་རབ་གྱུརད་པ། །
གསལ་བ་ཁོ་ནར་རྟོགས་པར་བྱ། །
གལ་ཏེ་ལྷ་མོ་རྣམས་ཀྱི་གཟུགས། །
མཛེས་མའི་གཟུགས་བས་ལྷག་པ་ན། །
དེ་ཕྱིར་དེ་དག་ཁོ་ན་ཉིད། །
དུས་ཀྱིས་ཁྱོད་ལ་བརྟེན་པར་བྱས། །  
རེ་ཞིག་རབ་ཏུ་དང་བའི་བློ། །
ཡིད་ནི་ཆགས་བྲལ་ཁོ་ན་ཡིས། །
ཚངས་སྤྱོད་སྤྱོད་ཅིག་དེ་ནས་ངས། །
ལྷ་མོའི་ཚོགས་ནི་ཁྱོད་ལ་སྦྱིན། །
དེ་ལྟར་བཅོམ་ལྡན་གསུང་གི་ནི། །
ངེས་པ་སྐྱེས་པའི་དགའ་བོ་ཡིས། །
དེ་བཞིན་ཞེས་བརྗོད་བརྟུལ་ཞུགས་སེམས། །
མཐོ་རིས་བུ་མོའི་བསམ་པས་བྱས། །
དེ་དང་འགྲོགས་འདོད་གྱུརད་པས་དེས། །
རང་གི་ཆུང་མ་ལ་གུས་དམན། །
ཡོན་ཏན་ཟོང་མཚུངས་དགའ་བ་ཡིས། །
མཛའ་བ་བདེན་པ་ཉིད་མ་ཡིན། །
སྐྱེས་བུའི་གོམས་སྐྱེས་མཛའ་བ་ནི། །
གཞན་དུ་ཡོངས་སུ་དམན་པ་ཡིས། །
ཀྱེ་མ་གནས་ནི་བརྗེད་གྱུར་ནས། །
འཕྲལ་ལ་གཞན་དུ་རྒྱུག་པ་ཉིད། །
སྐད་ཅིག་ལང་ཚོ་དགའ་བ་ཡིས། །
མཛའ་བ་གཅུགས་པ་ཉམས་པ་ཡིས། །
བདེན་པ་མ་ཡིན་རྟག་མིན་ཏེ། །
ལུས་ཅན་རྣམས་ཀྱི་བདེ་བ་བཞིན། །
དེ་ནས་དགའ་བོ་བཅོམ་ལྡན་གྱིས། །
སྐད་ཅིག་གིས་ནི་རང་གནས་ཁྱེར། །
དེས་པ་དེ་ཡིས་ཚངས་སྤྱོད་ནི། །
དུལ་བ་ཉིད་ཀྱིས་བརྟུལ་ཞུགས་སྤྱད། །
མཛེས་མའི་མཛེས་སྡུག་ཕུན་ཚོགས་པ། །  
གཞན་གྱི་བློ་དེས་བརྗེད་པར་གྱུར། །
སྐད་ཅིག་རབ་ཉམས་དགའ་བ་ནི། །
ཡོན་ཏན་ལའང་དམན་པར་གྱུར། །
དེ་ནས་ནམ་ཞིག་དགའ་བོ་ནི། །
རྒྱུ་བས་རབ་འཇིགས་དམྱལ་བའི་ཚོགས། །
འཇིགས་རུང་ཟངས་ཆེན་འཛིན་པ་ཡང༌། །
འགའ་ཞིག་དག་ཏུ་མཐོང་བར་གྱུར། །
དེ་མཐོང་ཉིད་ལ་སྡུག་བསྔལ་ཞིང༌། །
འདར་བར་གྱུརད་པས་འདི་ཅི་ཞེས། །
དེ་ཡིས་དེ་ནས་ཚོགས་པ་ཡི། །
འཇིགས་རུང་དམྱལ་སྲུང་རྣམས་ལ་དྲིས། །
དེ་ལ་དེས་སྨྲས་ཚ་བའི་ས། །
ཟངས་ཆེན་རྒྱ་ནི་རྫོགས་པ་འདི། །
ཤིན་ཏུ་ཆགས་ལྡན་རྒྱལ་པོའི་བུ། །
དགའ་བོ་ལ་ནི་བྱས་པ་ཡིན། །
ཆགས་བྲལ་ཉིད་ནི་ད་དུང་ཡང༌། །
བརྟུལ་ཞུགས་ལོག་པ་དེ་མི་སྟེན། །
མཐོ་རིས་བུད་མེད་འགྲོགས་བསམ་པས། །
ཚངས་པར་སྤྱོད་པ་སྤྱོད་པ་ཉིད། །
བརྐམ་ཆགས་ལོག་པའི་བརྟུལ་ཞུགས་ཅན། །
ཆགས་སྡང་སྙིགས་མ་ཅན་རྣམས་ཀྱི། །
རྟག་ཏུ་ཚ་བའི་ཟངས་ཆེན་ནི། །
འདི་དག་འཇིག་པ་མེད་པའི་གནས། །
དེ་ལྟར་དགའ་བོས་ཡང་དག་ཐོས། །
སྤུ་ལོང་གོས་ལྟར་རྒྱས་གྱུརད་ཅིང༌། །
དེར་ནི་རྗེས་སུ་གདུང་བ་ཡིས། །
ལུས་པོ་དུམ་བུར་གྱུར་བཞིན་སེམས། །
གནས་སུ་མངོན་སོང་འདོད་ཆགས་ཀྱིས། །
བག་ཆགས་ཞེན་པ་བཏང་བྱས་ནས། །
བླ་མེད་ཚངས་པར་སྤྱོད་པ་ནི། །
ཡོངས་སུ་རྫོགས་ཤིང་དུལ་བར་གྱུར། །
ནང་དུ་ཐེ་ཚོམ་རྣམ་གྲོལ་ཅིང༌། །
སྟུག་པོའི་རྨོངས་པ་ཟད་ལས་དེའི། །
ཡིད་ནི་རབ་དང་ཐོབ་གྱུར་ཏེ། །
སྟོན་ཀའི་ཀླུང་གི་ཆུ་བཞིན་ནོ། །
འདོད་པ་མེད་ཅིང་རབ་ཞི་ཐོབ། །
མཆོག་ཏུ་ངེས་པར་དེར་ཞུགས་པ། །
དག་པའི་བློ་ཡིས་བཅོམ་ལྡན་ལ། །
ཡང་དག་མངོན་དུ་ཕྱོགས་ཏེ་སྨྲས། །
བཅོམ་ལྡན་བདག་ལ་བྱ་བ་ནི། །
ལྷ་མོས་ཡོད་མིན་མཛེས་མས་མིན། །
གནོད་པ་དང་བཅས་ཡུལ་གྱི་དཔལ། །
འདི་དག་མཇུག་ནི་མཛེས་དང་བྲལ༑ །
ཇི་ལྟ་ཇི་ལྟར་དངོས་རྣམས་ཀྱི། །
ངོ་བོ་ཉིད་མེད་འདི་བསྒོམས་པ། །
དེ་ལྟ་དེ་ལྟར་སྒྲིབ་པ་དང༌། །
བྲལ་བའི་སྤྱོད་ཚུལ་རབ་གསལ་གྱུར། །
དེ་སྐད་སྨྲས་པའི་དགའ་བོ་དག །
རིམ་གྱིས་དགྲ་བཅོམ་གནས་ཐོབ་པ། །
ཡོངས་སུ་མྱ་ངན་འདས་པ་དག །
འགྲུབ་པར་བཅོམ་ལྡན་འདས་ཀྱིས་དགོངས། །
དགེ་བའི་རྩ་བ་གང་དག་གི། །
འབྲས་བུ་དགའ་བོས་ཐོབ་གྱུརད་ཅེས། །
དགེ་སློང་རྣམས་ཀྱིས་མངོན་ཕྱོགས་དྲིས། །
རྒྱལ་བས་དེ་ལ་བཀའ་བསྩལ་བ། །
སྐྱེ་བ་གཞན་བསྒྲུབས་བསོད་ནམས་ཀྱིས། །
ལེགས་བྱས་གོམས་པར་བྱས་གྱུརད་པ། །
དགའ་བོས་དགེ་བའི་རྩ་བ་ཡི། །
འབྲས་བུ་ཕུན་སུམ་ཚོགས་པ་ཐོབ། །
དྲི་མེད་ཡངས་པའི་རིགས་སུ་སྐྱེས་ཤིང་དྲན་པའི་གཟུགས་བརྙན་ལྟ་བུའི་ལུས། །
དཔལ་འབྱོར་སྐྱེ་བོ་བདེ་བའི་གྲོགས་མོ་སྤྱོད་ཚུལ་དམ་པ་རྟག་ཏུ་དགའ། །
སེམས་ནི་རབ་ཏུ་ཞི་བའི་ཆུས་བཀྲུས་རང་བཞིན་ལུགས་ཀྱི་འབྲས་ལྡན་འདི། །
སྐྱེས་བུ་རྣམས་ཀྱི་དགེ་བའི་མེ་ཏོག་དག་གི་འབྲས་བུ་ཆེར་འཁྲུངས་ཡིན། །
ཨ་རུ་ཎཱ་ལྡན་གྲོང་ཁྱེར་དུ། །
སྔོན་གྱི་ཆོས་བདག་ཨ་རུ་ཎཱ་ས། །
དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །
རྣམ་པར་གཟིགས་ཀྱི་མཆོད་རྟེན་ནི། །
ནོར་བུའི་རང་བཞིན་བྱེད་པ་ལ། །
བྱམས་ལྡན་ཞེས་པ་བྲམ་ཟེའི་བུ། །
བསོད་ནམས་ཆེན་པོའི་བགོ་སྐལ་གྱིས། །
སྐལ་ལྡན་བྱེད་པོ་ཉིད་དུ་གྱུར། །
དེ་ཉིད་ཀྱིས་ནི་དགེ་སློང་གི། །
དགེ་འདུན་བསྲོ་ཁང་སྦྱིན་ཁྲུས་བྱས། །
དེ་ཡི་བསོད་ནམས་སྨོན་ལམ་གྱིས། །
ཁྱིམ་བདག་གི་ནི་རིགས་སུ་སྐྱེས། །
བསོད་ནམས་ངང་ཚུལ་དེ་ནི་སྔོན། །
རང་སངས་རྒྱས་ཀྱི་ཉེ་གནས་གྱུར། །
མཛེས་ལྡན་ཕྲེང་བས་མངོན་བརྒྱན་པའི། །
རབ་འབར་མཆོད་རྟེན་དག་ཀྱང་བྱས། །
དེ་ཡི་བསོད་ནམས་སྨོན་ལམ་གྱིས། །
དེ་ནི་ལེགས་སྐྱེས་ཞེས་བྱ་བ། །
ཀཱ་ཤའི་བདག་པོ་ཀྲྀ་ཀཱིའི་བུ། །
གསལ་བའི་མཚན་གྱིས་མཚན་པར་གྱུར། །
དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །
འོད་སྲུངས་མྱ་ངན་འདས་པའི་མཐར། །
མཆོད་རྟེན་རིན་ཆེན་བདུན་རང་བཞིན། །
ཀཱ་ཤིའི་ས་ཡི་བདག་པོའི་བྱས། །
དེ་ཡི་བུ་ནི་ལེགས་སྐྱེས་ཀྱིས། །
འོད་གསལ་གསེར་གྱི་གདུགས་དག་བཙུགས། །
དགའ་བོ་དེ་ཡི་སྨོན་ལམ་གྱིས། །
ད་ལྟ་ཤཱཀྱའི་རིགས་སུ་སྐྱེས། །
དེ་ལྟར་སྔོན་སྐྱེའི་རིམ་པས་ཐོབ་པ་ལེགས་བྱས་ཀྱིས་བསླངས་པའི། །
གང་ཡང་ཡངས་པའི་བསོད་ནམས་ཁོ་ནས་དྲི་མེད་རིགས་དང་ནི། །
ཡིད་འོང་གཟུགས་དང་ལོངས་སྤྱོད་མཆོག་དང་ཞི་བ་ཡོངས་འདྲིས་མཐར། །
དམ་པའི་གནས་སུ་ལེགས་པར་འགྲོ་བ་དག་ཀྱང་དགའ་བོས་ཐོབ། །
དགའ་བོ་དགེ་བར་མཛད་པ་ལ། །  
དེ་སྐད་གསུངས་ནས་བཅོམ་ལྡན་གྱིས། །
དགེ་སློང་གི་ནི་དགེ་འདུན་ལ། །
ལེགས་བྱས་དེ་དེ་བསྟན་པར་མཛད། །

ཅེས་པ་དགེ་བའི་དབང་བོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་མཛེས་དགའ་བོའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཅུ་གཅིག་པའོ།། །། ཟླ་ཚེས་བཟང་བོར་ཟླ་བ་གཞོན་ནུར་འབོད་པས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་ཁོལ་དུ་ཕྱུང་སྟེ་ཞུས་ཤིང་བསྒྲིགས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། མཛེས་དགའ་བོའི་རྟོགས་པ་བརྗོད་པ།

2014-07-27 རྒྱལ་བོ་དགེ་དབང་། ཀློག་གྲངས། མཆན ཡོད།

 

གང་ཞིག་མཉེས་གཤིན་བྱམས་པའི་བློ་ཡིས་དགེ་བའི་སླད་དུ་ནི། །
སྲིད་པའི་འཇིག་རྟེན་སྐྱེས་བུ་རྣམས་ཀྱིས་མཆོག་ཏུ་རྗེས་འཛིན་དག །
འབད་པས་མཛད་པ་དེ་དག་སེམས་ཅན་རྣམས་ལ་སྙིང་རྗེ་དང༌། །
རྗེས་སུ་བརྩེ་བས་ཉེ་བར་གནས་པའི་ལེགས་ལྡན་སུ་ཞིག་ལགས། །
སེར་སྐྱའི་གཞི་ལ་ནྱ་གྲོ་དྷའི། །
ཀུན་དགའ་རར་བཞུགས་བཅོམ་ལྡན་འདས། །
བལྟ་ཕྱིར་ཤཱཀྱའི་རྒྱལ་བོའི་བུ། །
དགའ་བོ་སོང་བར་གྱུར་ཏེ་སྔོན། །
ངེས་འབྱུང་གཏམ་དང་གྲོས་དག་གིས། །
གཏམ་མཐར་མདུན་ན་གནས་པ་ལ། །
རབ་ཏུ་བྱུང་བར་མཛོད་ཅིག་ཅེས། །
བཅོམ་ལྡན་དགྱེས་པས་བཀའ་སྩལ་ཏོ། །
དེ་ཡི་དྲིན་ལ་མངོན་དགའ་ནས། །
དགའ་བོས་དེ་ལ་ལན་གསོལད་པ། །
བཅོམ་ལྡན་བསོད་ནམས་འཐོབ་མོད་ཀྱང༌། །
རབ་བྱུང་བདག་ནི་མངོན་མི་འདོད། །
ཁྱོད་ཀྱི་ཉེ་གནས་སུ་གྱུར་ནས། །
ཡོ་བྱད་ཅི་ལྟར་བཞེད་ཀུན་གྱིས།།
རེ་ཞིག་དགེ་སློང་དགེ་འདུན་ལ། །
གུས་པས་བདག་ནི་རིམ་གྲོ་བགྱིའོ། །
འདི་བརྗོད་རིན་ཆེན་ཅོད་པན་གྱིས། །
དེ་ཡི་ཞབས་པད་ལ་རེག་ནས། །
རྒྱལ་པོའི་བུ་ནི་བཙུན་མོ་ལ། །
ཆགས་པས་རང་གི་ཁྱིམ་དུ་སོང༌། །
དེ་ནི་མཛེས་མ་ཡིད་འོང་མ། །
དགའ་ཞིང་མཛེས་དང་ཡང་དག་ཕྲད། །
ཡུད་ཙམ་འབྲལ་བར་མི་བཟོད་པས། །
སྐྱེད་ཚལ་མཆོག་ཏུ་རྣམ་པར་རོལ། །
དེ་ནས་ནམ་ཞིག་རང་བཞིན་གྱིས། །
ཡོན་ཏན་ལྡན་དགྱེས་བཅོམ་ལྡན་འདས། །
དགེ་སློང་ཚོགས་དང་བཅས་པ་དག །
དགའ་བོའི་ཁྱིམ་དུ་རང་ཉིད་གཤེགས། །
ཀུན་དགའི་བཞིན་ལྡན་དགའ་བོ་ཡིས། །
དེ་ཡི་ཞབས་ལ་ཕྱག་འཚལ་ཞིང༌། །
ཆེར་འོས་སྟན་ལ་བཞུགས་དེ་ལ། །
མཆོད་པ་བྱས་ནས་རིམ་གྲོ་བསྐྱེད། །
གང་ཞིག་བཅོམ་ལྡན་རང་ཉིད་ཀྱིས། །
གཟིགས་པས་རྗེས་སུ་བཟུང་བྱས་པ། །
འདི་འདྲ་བསོད་ནམས་མྱུ་གུ་རྣམས། །
གང་ཞིག་ཡོངས་སུ་སྨིན་པའི་འབྲས། །
བདག་ཉིད་ཆེན་པོ་རྣམས་དྲན་ནམ། །
ཐོས་པ་དང་ནི་མཐོང་གྱུརད་པ། །
འདི་དེ་དགེ་བའི་འཁྲི་ཤིང་གི། །
འབྲས་བུ་ཆེན་པོ་དག་གི་རྒྱུན། །
ཁྱོད་ཀྱི་སྣང་བ་བྱམས་པ་ནི། །
ཆེན་པོར་གྱུརད་པ་འདི་མཐོང་ནས། །
སྙིང་གི་ཆུ་སྐྱེས་རྒྱས་པའི་དཔལ། །
སུ་ཞིག་གིས་ནི་མི་བསྐྱེད་འགྱུར། །
བདག་ཉིད་ཆེ་རྣམས་མཐོང་བ་ནི། །
སྦྱིན་པ་བས་ཀྱང་ཤིན་ཏུ་དཀའ། །
བསོད་ནམས་པས་ཀྱང་འབྲས་བུ་ཆེ། །
སྤྱོད་བཟང་བས་ཀྱང་བསྔགས་བར་འོས། །
དེ་སྐད་བརྗོད་དེའི་གུས་པ་དང༌། །
མཛའ་ཞིང་བྱམས་པ་ཉིད་དག་དང༌། །
སྔོན་དུ་མཆོད་ལ་མངོན་དགྱེས་ནས། །
བཅོམ་ལྡན་འདས་ནི་གཤེགས་པར་བརྩོན། །
དགའ་བོ་དེ་ཡི་རྗེས་འབྲང་བ། །
རང་གི་གསེར་གྱི་སྣོད་དུ་ནི། །
མཆོག་གི་ཉེར་སྤྱད་མངར་པོ་དག །
རང་གི་བསམ་པ་བཞིན་དུ་བླངས། །
བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ། །
གུས་པས་བདག་པོ་བགྲོད་མཐོང་ནས། །
འབྲལ་བ་མི་བཟོད་མཛེས་མ་ཡིས། །
ཟུར་མིག་གིས་ནི་ངེས་པར་བལྟས། །
བླ་མ་རྣམས་མདུན་མིག་གི་འགྲོས་ནི་དྲང་ཞིང་རབ་ཏུ་གཡོ་བ་དག །
ཡངས་པ་ཉིད་ཀྱིས་ཟུར་མིག་རབ་མཛེས་ཅུང་ཟད་བྱེ་བས་མཛེས་པའི་མཆོག །
བལྟ་བྱར་བལྟས་ནས་གང་ཞིག་སྐད་ཅིག་ཏུ་གྱུར་དེ་ཕྱིར་ལྷག་པར་ནི། །
འགྲོ་བར་མི་བྱ་མགོན་པོ་ཞེས་ནི་ཐུབ་པ་ཚིག་མེད་གསུངས་པ་བཞིན། །
མཛའ་མོ་ཤུགས་རིངས་ལྡན་པ་ལ། །
དགའ་བོ་བཞིན་ནི་ཕྱིར་ཕྱོགས་ནས། །
བདག་ནི་རིང་བོར་མི་ཐོགས་པར། །
འོང་བ་འདི་ཉིད་ཅེས་རབ་སྨྲས། །
དེ་ནས་བཅོམ་ལྡན་རང་ཉིད་ཀྱི། །
གནས་སུ་བྱོན་ལ་ཐལ་སྦྱར་ནས། །
རེ་ཞིག་རང་ཁྱིམ་མཆིའོ་ཞེས། །
འབྲལ་བ་བཟོད་པ་མེད་པས་སྨྲས། །
དེ་ནས་ཁྲིར་བཞུགས་བཅོམ་ལྡན་གྱིས། །
མདུན་དུ་རབ་ཏུ་བཏུད་དེ་ལ།།
འཛུམ་དང་བཅས་གསུངས་ད་ལྟ་ཉིད། །
མྱུར་བར་འགྲོ་བ་འདི་ཅི་ཞིག །
ཡུལ་གྱི་རོ་ལ་གཅགས་པ་ཡི། །
ཀུན་རྨོངས་ཀྱིས་གཟིར་སེམས་ལྡན་རྣམས། །
ཀྱེ་མ་ཁྱིམ་གྱི་བདག་ཉིད་ལ། །
ཡིད་འབྱུང་ལས་ནི་ཕྱིར་ཕྱོགས་བློ། །
ཚེ་ཡི་རྒྱན་ནི་ཡོན་ཏན་ཏེ། །
ཡོན་ཏན་རྒྱན་ནི་དབེན་པའོ། །
འདི་ཡི་རྒྱན་ནི་རབ་ཞི་སྟེ། །
ཞི་བའི་རྒྱན་ནི་ཆགས་བྲལ་ལོ། །
སྙིང་སྡུག་སེམས་ལ་བཀོད་པའི་བླུན་པོ་དེ་དང་བཟོད་དཀའི་ཟུག་རྔུའི་དུམ་བུ་སྟེ། །
བློ་ལྡན་རྣམས་ཀྱིས་དེ་ནི་རྣམ་པར་དཔྱད་ཚེ་ཚེ་ནི་འབྲས་བྲལ་ཉིད་དུ་བརྩིས། །
གང་ཡིད་ཕྱུགས་བཞིན་ཆགས་བྲལ་དབེན་པ་ཡིས་སྟོང་མཚན་ཉིད་མེད་པ་རྣམས་དག་གིས། །
སྐད་ཅིག་འདི་དག་འོང་དང་འགྲོ་བ་ཡང་ནི་འཁོར་ལོའི་མུ་ཁྱུད་གཡོ་བ་བཞིན། །
སྙིང་སྟོབས་ལྡན་པའི་བསོད་ནམས་བློ་ལྡན་རྣམས་གྱི་ཐོས་པ་རིག་བྱེད་ལྡན་པའི་ཚུལ་ཁྲིམས་དང༌། །
སྐལ་ལྡན་དག་གི་ཐམས་ཅད་ཞི་ལྡན་རྣམས་ཀྱི་བདེ་བ་གང་དུ་ཡང་ནི་རྙེད་དཀའ་མིན། །
མཐའ་དག་དངོས་པོའི་རྟེན་དུ་གྱུརད་པ་ཚེ་ནི་ཤིན་ཏུ་ཆུང་བའི་ཆ་ཡང་རྙེད་དཀའ་སྟེ། །
འབྲས་མེད་ཉིད་ཀྱིས་གང་གིས་ཟད་འགྱུར་ཞེས་ཏེ་མྱ་ངན་འོས་པ་དེ་ལ་ཕྱག་འཚལ་ལོ། །
ཡུལ་གྱི་ཆུ་གཏེར་གཡོན་མའི་ཀློང་འཁྱིལ་འཇོ་སྒེག་ཆུ་ཡིས་གང་གྱུརད་པ། །
དྲེགས་པ་མི་བཟད་ཆུ་སྲིན་རབ་ལངས་མཚན་མ་འཁྲུགས་པ་རབ་བསྐྱེད་ཅིང༌། །
ལྷག་པར་འབྲལ་བའི་རྟ་གདོང་མེ་ནི་རབ་འབར་རྟག་ཏུ་གནས་པ་ལ། །
སྐྱེས་བུ་རྣམས་ནི་སྒྲོལ་ལམ་ཆགས་བྲལ་དྲག་པོ་ཁོ་ན་བསྡམས་པའི་སྟེགས། །
དེ་སླད་རབ་བྱུང་གཟུང་བར་མཛོད། །
རྒྱལ་བོའི་སྲས་ནི་དབང་བོ་ཐུལ། །
བུད་མེད་བདེ་དང་དཔལ་འབྱོར་འདི། །
མྱུར་དུ་ཡང་དག་འགྲོགས་པ་བཞིན། །
དགེ་བ་ཉིད་སླད་ཚངས་པ་ཡི། །
སྤྱོད་པ་ཡོངས་སུ་བཟུང་བར་མཛོད། །
འཁོར་བ་སྙིང་བོ་མེད་པའི་ཁྱིམ། །
གདོན་ངན་འདི་ནི་གཏང་བར་མཛོད། །
བཅོམ་ལྡན་གསུང་ནི་སྙིང་རྗེ་ཡིས། །
བརྒྱན་པ་འདི་སྐད་ཐོས་གྱུར་ནས། །
དོན་གཉེར་མཆོད་འོས་ཀྱིས་གདམས་པའི། །
དགའ་བོས་དེ་ལ་ལན་གསོལད་པ། །
རྟག་ཏུ་ཁྱོད་ཉིད་བསྙེན་པ་ཉིད། །
བཅོམ་ལྡན་བདག་གི་རབ་བྱུང་ཡིན། །
དགེ་སློང་དགེ་འདུན་རིམ་གྲོར་ནི། །
འོས་པའི་ཁྱིམ་ལ་མཆོག་ཏུ་གུས། །
དེ་སྐད་སྨྲས་ནས་བཅོམ་ལྡན་གསུང༌། །
བསྒོམ་བྱའི་དབང་ཕྱུག་མིན་པ་དང༌། །
དགའ་མ་ལ་དགས་དྲངས་པས་འདིའི། །
བསམ་པ་ཁྱོགས་ལ་ཕྱང་མོ་ཉུག །
ཡང་དང་ཡང་དུ་བཅོམ་ལྡན་གྱིས། །
འདི་ལ་བརྟུལ་ཞུགས་ཉེར་བསྟན་མཛད། །
ཕན་པར་བརྩོན་པའི་དམ་པ་རྣམས། །
མི་འོས་པ་ཉིད་མི་བསམ་མོ། །
དབང་བོ་མ་ཐུལ་དགའ་བོ་ནི། །
གང་ཚེ་རབ་བྱུང་མི་འདོད་པ། །
དེ་ཚེ་དེ་ཡི་ལུས་ལ་དེ། །
བཅོམ་ལྡན་གསུང་གིས་རང་ཉིད་ལྷུང༌། །
དེར་ནི་དེ་ཚེ་ངུར་སྨྲིག་གོས། །
མགོ་ཟླུམ་ལག་ན་ལྷུང་བཟེད་ཅན། །
སྐྱེས་བུ་ཆེན་པོའི་མཚན་རྣམས་ཀྱིས། །
གསེར་གྱི་འོད་ཟེར་ལྟ་བུར་མཛེས། །
དགོན་པ་བ་དང་བསོད་སྙོམས་པར། །
རྒྱལ་བའི་བཀའ་ཡིས་དེར་གྱུརད་ཏོ། །
ཁྱིམ་ལས་ཁྱིམ་ནི་མེད་ཉིད་དང༌། །
ཕྱག་དར་ཁྲོད་པ་ཉིད་དུ་གྱུར། །
དེ་ནི་རབ་ཏུ་བྱུང་གྱུརད་ཀྱང༌། །
སྙིང་ལ་ཡང་དག་གཅགས་པ་ཡིས། །
སྔོ་བསངས་དགའ་མ་རྟག་ཏུ་འཛིན། །
ཟླ་བའི་མཚན་མ་མཛེས་པ་བཞིན། །
གང་ཡང་སེམས་ཀྱི་ཆགས་པ་དག །
བཀྲུས་ཀྱང་འདག་པ་མིན་པ་གང༌། །
ལམ་ནི་གང་ནས་ལམ་དུ་ཞུགས། །
ཤེལ་གྱི་བཞིན་དུ་མི་ཤེས་སོ། །
བྲལ་བས་སྐྱ་བོར་གྱུརད་པའི་འོད། །
ཆོས་གོས་དམར་བོ་ཡང་དག་ཆགས། །
དེ་ནི་ཐུན་མཚམས་སྤྲིན་དུམ་གྱིས། །
མཚན་པའི་ཟླ་བའི་དཔལ་འཕྲོག་གྱུར། །
ནགས་ན་རྒྱུ་ཞིང་རོལ་བྱེད་ལ། །
རིད་ཅིང་འཛིན་པ་བརྗེད་པ་དེ། །
ལུས་མེད་སྐྱེ་བའི་རིག་བྱེད་ཀྱིས། །
མཛེས་མ་དག་ནི་བརྗེད་མ་གྱུར། །
རྡོ་བའི་གཞི་ལ་བསྡད་ནས་ནི། །
ཡོངས་རྫོགས་ཟླ་བའི་བཞིན་རས་ཀྱི། །
བཞིན་ལ་བསམ་གཏན་གཡོ་མེད་ཀྱིས། །
ཡུན་རིང་དག་ཏུ་དེ་དེ་བསམས། །  
ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི། །
འབད་པས་རྗེས་བཟུང་འདི་དག་ཀྱང༌། །
ཆགས་པས་བྱིན་བརླབས་བདག་གི་སེམས། །
དྲི་མ་དང་བྲལ་ཉིད་མི་འགྱུར། །
འཁོར་བའི་སྤྱོད་ཚུལ་ཐོས་གྱུརད་ཅིང༌། །
གྲོགས་མེད་བརྟུལ་ཞུགས་བསྟེན་མོད་ཀྱང༌། །
རི་དྭགས་གཞོན་ནུའི་མིག་ཅན་མ། །
བདག་གི་ཡིད་ལ་བརྗེད་པ་མེད། །
མཛས་མའི་གུར་གུམ་གྱིས་རེག་ཆགས་པའི་སྐལ་བཟང་ལུས་ལ་སྣམ་སྦྱར་ལེགས་པར་བགོས། །
དེ་ཡི་ནུ་རྒྱས་དཀྱིལ་འཁོར་རབ་ཏུ་མཉེད་པའི་ལག་པས་ལྷུང་བཟེད་ལེགས་པར་བཟུང༌། །
གང་ཞིག་བྱང་ཆུབ་གེགས་སུ་གྱུརད་པ་དེ་ལ་དམིགས་པའི་ཉིན་མཚན་བསམ་གཏན་ཅན། །
བདག་གི་ཆགས་པ་དག་ནི་གལ་ཏེ་འཕེལ་ན་མཆོག་ཏུ་རིགས་པ་ཉིད་དུ་འཕེལ། །
མཛེས་མ་སྐད་ཅིག་གིས་ནི་བདག་འོང་ཞེས། །
སྔོན་ནི་དེ་ལ་དེ་ལྟར་འོང་བར་བརྗོད། །
ཀྱེ་མ་འཕྲད་པའི་བགེགས་གྱུར་བརྟུལ་ཞུགས་འདི། །
བྱས་པ་མི་གཟོ་བདག་གིས་ཕྱི་ནས་བླངས། །
གང་དེའི་རབ་ཏུ་འདར་ཞིང་གཡོ་བའི་ཚིག་གིས་འགྲོ་བར་མི་བྱ་ཞེས་སྨྲས་ཤིང༌། །
བླ་མའི་སྐྱེ་བོ་གནས་ཚེ་གང་ཞིག་རླུང་ཡབ་དོར་ཏེ་ཐུ་བ་ནས་ཀྱང་བཟུང༌། །
གང་ཞིག་རྐང་བས་ས་ལ་འབྲི་ཞིང་མཐོང་བ་མིན་ཡང་བདག་ལ་ཟུར་མིག་མཚོན། །
དགག་པ་མཆོག་ཏུ་མཛེས་པའི་རིམ་པ་དེ་ཡིས་བདག་གི་ཡིད་ནི་དེ་ཡིས་བསྡམས། །
བདག་བྲལ་རི་དྭགས་མིག་ཅན་དེ། །
འཇུག་ངོགས་ངུར་བ་མོ་བཞིན་དུ། །
བ་གམ་ཅན་ན་མྱ་ངན་དག །
སྒྲོག་ཅིང་མི་ཉལ་ཡོད་དམ་སྙམ། །
ཀྱི་ཧུད་དགའ་མ་གཡོ་ཅན་གྱིས། །
འབའ་ཞིག་པ་བཞིན་བདེན་པ་བཏང༌། །
ཁྱོད་ཀྱི་སེམས་ཀྱི་ཆོམ་རྐུན་ངས། །
རྫུན་གྱི་བརྟུལ་ཞུགས་འདི་ལ་བརྟེན། །
རེ་ཞིག་བརྟུལ་ཞུགས་འདི་བཏང་ནས། །
མཛེས་མའི་གན་དུ་འགྲོ་བར་བྱ། །
གང་ཕྱིར་ཆགས་པའི་མེས་གདུངས་པའི། །
དཀའ་ཐུབ་གདུང་བ་བཟོད་པར་དཀའ། །
སྡིག་ཅན་ཡུན་རིང་ནས་འོངས་པ། །
བདག་མཐོང་རྒྱལ་བོའི་བུ་མོ་དེ། །
གསར་དུ་སྐྱེས་པའི་ཁྲོ་བ་ཡིས། །
ཅི་བྱེད་པར་འགྱུར་ཡོངས་མི་ཤེས། །
མཛའ་ལ་ཆགས་པའི་རྡུལ་གྱི་ཆ། །
གནོད་ཅིང་དགའ་མེད་བཟོད་དཀའ་བ། །
ངེས་པར་ཟློག་པ་དཀའ་བ་ཉིད། །
ཀུན་ཏུ་རྣམ་འགྱུར་ཉིད་ཀྱིས་བསླད། །
གང་གི་དུས་ན་བཅོམ་ལྡན་གྱིས། །
ནགས་འདི་བཏང་བར་མཐོང་གྱུརད་པ། །
དེ་ཚེ་ཁོ་ན་བདག་ཁྱིམ་དུ། །
འགྲོ་བར་བྱ་ཞེས་འདི་ངེས་སོ། །
ད་ནི་དགའ་བའི་དམིགས་རྟེན་དུ། །
རྡོ་ཡི་གླེགས་བུ་འདི་ཉིད་ལ། །
རི་ཡི་ཁམས་ནི་ཡིད་འོང་གི། །
ཟླ་བཞིན་མ་དེ་བདག་གིས་བྲིས། །
ཡང་ན་གང་གི་མཛེས་སྡུག་ཐིགས། །
བདུད་རྩིའི་ཨུཏྤལ་ཟླ་བ་འདྲ། །
མཛེས་མ་དེ་ནི་རི་མོ་ཡི། །
ཡུལ་དུ་ཇི་ལྟར་འགྲོ་བར་འགྱུར། །
ཡིད་འཕྲོག་རི་དྭགས་མིག་ནི་བུང་བ་གཡོ་བས་ཁྱབ་པའི་ཨུཏྤལ་འཁྱིལ་བ་བཞིན། །
འཇོ་སྒེག་ཆུ་གཏེར་འགྲམ་དུ་བྱུ་རུའི་ནགས་ལྟར་མཆུ་ནི་བིམ་པའི་འོད་རབ་གསལ། །
གང་ཡང་ཁ་ཡི་འོད་དེ་སྐྱོན་མེད་བདུད་རྩིའི་ཟེར་གྱི་དོན་མཐུན་དག་གི་ལམ། །
མཛེས་མ་ལུས་ནི་ངོ་མཚར་སྙིང་བོ་རི་མོའི་ལམ་དུ་ཇི་ལྟར་འགྲོ་བར་འགྱུར། །
འདི་བསམས་དེ་ཡིས་རྡོ་གཞི་ལ། །
མཆི་མས་བཀྲུས་ཤིང་འདར་བ་ཡིས། །
འཁྲུགས་པའི་སོར་མོས་ཇི་ལྟར་ཡང༌། །
མཛེས་མ་དག་ནི་དལ་བུས་བྲིས། །
དེ་ཡིས་རྟོག་པས་གསལ་བྱས་པའི། །
གཟུགས་བརྙན་ལྟ་བུ་ལ་བརྟེན་པར། །
སྔོན་དུ་བྱས་ནས་མཛེས་མ་ལ། །
མཆི་མས་འཛེར་འཛེར་སྐད་དུ་སྨྲས། །
མིག་གཉིས་མ་ལུས་བདེ་བའི་ཆར་རྒྱུན་སྟོན་ཀའི་ཟླ་བའི་བཞིན་རས་ཅན། །
མཛེས་མ་བདག་གིས་བྲིས་ཏེ་མིག་ཆུས་རྒྱས་པས་སྐད་ཅིག་ཀྱང་མ་མཐོང༌། །
གཟུགས་ཅན་མ་དང་བྲལ་ལ་ལྟོས་མེད་བརྟུལ་ཞུགས་ལྡན་པ་བདག་ལ་ནི། །
སྡིག་ལས་ཅི་ཡང་གདུང་བ་རབ་བསྐྱེད་དམོད་པ་ཟུག་པ་མ་ཡིན་ནམ། །
རྒྱས་པའི་ཆུ་སྐྱེས་ནགས་ཀྱི་འོད་འདྲ་དགའ་བའི་མིག་གིས་རྗེས་སུ་ཆགས་པའི་ལུས། །
དེ་ཡི་དུས་ན་ཉེ་བར་གྱུརད་པའི་བར་ཆད་ཀྱིས་བསྐྲུན་ཁྲོ་བ་ཡང་དག་ཐོངས། །
ཀྭ་ཡེ་མཛེས་མ་བདག་ལ་ཚིག་ལན་བྱིན་ཅིག་མི་སྨྲ་བར་ནི་ཅི་ལ་འདུག །
བདེན་པར་བདག་ཀྱང་ཁྱོད་ལ་ཆགས་པའི་ཆོས་གོས་འདི་བསམ་བརྟུལ་ཞུགས་བརྟུལ་ཞུགས་སོ། །
དེ་སྐད་སྨྲ་ཞིང་བུད་མེད་དག །
བྲིས་པ་རིང་ནས་མཐོང་གྱུར་ནས། །
ཁྲོ་ལྡན་དགེ་སློང་རྣམས་ཀྱིས་ནི། །
བཅོམ་ལྡན་འདས་ལ་མངོན་ཕྱོགས་སྨྲས། །
བཅོམ་ལྡན་ཁྱེད་ཀྱིས་མ་དུལ་ལ། །
མཉེས་གཤིན་འབའ་ཞིག་པ་ཉིད་ལས། །
རབ་ཏུ་བྱུང་བ་འདི་བྱིན་ཏེ། །
ཁྱི་ལ་མེ་ཏོག་ཕྲེང་བ་བཞིན། །
མཛེས་མ་བྲིས་ནས་དགའ་བོ་ནི། །
རྡོ་བའི་གཞི་ལ་དལ་བུ་ཡིས། །
དེ་བརྗོད་བཟླས་པ་ལ་ཆགས་ཤིང༌། །
བསམ་གཏན་ལ་ནི་དམིགས་པར་འགྱུར། །
དེ་དག་ཐོས་ནས་བཅོམ་ལྡན་གྱིས། །
དགའ་མ་བྲལ་བས་རྨོངས་གྱུརད་པའི། །
དགའ་བོ་ནགས་ནས་བོས་ནས་ནི། །
འདི་དག་ཅི་ཞེས་རབ་ཏུ་དྲིས། །
དེ་སྨྲས་བཅོམ་ལྡན་བདེན་པར་ནི། །
མཆོག་ཏུ་མཛེས་མ་ལ་ཆགས་བདག །
དགེ་སློང་རྣམས་ནི་འདོད་གྱུརད་ཀྱང༌། །
ནགས་ཚལ་འདི་ལ་བློ་མི་དགའ། །
དེ་སྐད་དགའ་བོའི་ཚིག་ཐོས་ནས། །
ཞལ་གྱི་ཟླ་བའི་འོད་ཟེར་གྱིས། །
འདོད་ཆགས་ཆུ་སྐྱེས་འཛུམ་པ་བཞིན། །
བཅོམ་ལྡན་རྒྱལ་བས་དེ་ལ་གསུངས། །
ཀུན་ཏུ་ཆགས་ལས་མི་རིགས་བློ། །
དམ་པ་ཁྱོད་ཀྱི་རིགས་མ་ཡིན། །
དགེ་ལ་མངོན་པར་དགའ་རྣམས་ཀྱིས། །
སེམས་ནི་བགེགས་རྣམས་ཀྱིས་མི་ཁུགས། །
ལོངས་སྤྱོད་རྩྭ་ཡི་གཟེགས་མ་དང་མཚུངས་བཏང་ལ་མངོན་སྦྱོར་རིགས་པ་འདི་ནི་གང༌། །
སྐད་ཅིག་བདེ་བའི་ཆ་ཡི་རོ་མྱང་ཚོགས་དང་འགྲོགས་པ་སྨད་འོས་འདི་ནི་གང༌། །
ཆགས་པས་ལོང་བ་རྣམས་ན་གང་དུ་འཕྲལ་ལ་ལྟུང་བྱེད་བཟོད་དཀར་གྱུརད་པ་ཡི། །
བསྒྲལ་དཀའ་བདུད་ཀྱི་ལམ་འདི་རིགས་ཉིད་ཀྱིས་ནི་དགེ་བ་འཕྲོག་པར་བྱེད་པ་ཡིན། །
དེ་སྐད་དེ་ལ་ཆགས་བྲལ་དག །
ཡུན་རིང་བསྟན་པར་མཛད་ནས་ནི། །
འདུག་བྱ་ཞེས་བརྗོད་བཅོམ་ལྡན་རང༌། །
རང་གི་བྱ་བའི་སླད་དུ་གཤེགས། །
མཛེས་མ་ལྟ་ལ་ཆགས་པ་ཡི། །
དགའ་ལྡན་དགའ་བོའི་གནས་སྐབས་དེར། །
འགྲོ་བར་འོས་པར་བསམས་ནས་ནི། །
རང་གི་ཁྱིམ་དུ་ཆས་པར་གྱུར། །
གཙུག་ལག་ཁང་ནི་མང་བོ་ཡི། །
སྒོ་རྣམས་བཅད་པས་ཡུན་རིང་ན། །
གྲོང་ཁྱེར་མངོན་ཕྱོགས་ལམ་དག་ནི། །
ཇི་ཞིག་ལྟར་སྟེས་ཐོབ་ནས་འགྲོ། །
དེ་ནས་ཆགས་ལས་འགྲོ་བརྩོན་དེ། །
ཐམས་ཅད་མཁྱེན་པ་བཅོམ་ལྡན་གྱིས། །
མཁྱེན་ནས་མངོན་ཕྱོགས་བཀའ་བསྩལ་བ། །
དགའ་བོ་མགྱོགས་པར་གང་དུ་འགྲོ། །
དེ་ནས་བཅོམ་ལྡན་རེ་ཞིག་ནི། །
ནགས་ན་བདག་ལ་དགའ་བ་མེད། །
སེམས་ནི་ངལ་བསོས་མིན་རྣམས་ཀྱིས། །
བྱ་བ་གང་ཡང་དག་པ་མིན། །
དཔལ་ནི་རྔ་ཡབ་བཞད་ལྡན་དེ་དང་ནོར་བུའི་རང་བཞིན་དགའ་བའི་བ་གམ་ཕྲེང་ལྡན་དེ། །
ཨ་མྲའི་འཁྲི་ཤིང་རླུང་བཞོན་གྱིས་བསྐྱོད་སྐྱེད་ཚལ་གསར་བའི་ས་གཞི་མཛེས་པ་དེ་དང་ནི། །
མེ་ཏོག་མདའ་ཅན་གཞུ་ཡི་འཁྲི་ཤིང་གཟུགས་བཟང་ལྟོ་བ་ཕྲ་བའི་མཛེས་མ་དེ་དག་ལ། །
སྐྱེ་བ་གཞན་གྱི་བག་ཆགས་བཞིན་དུ་བདག་གི་ཡིད་ནི་ཆགས་ལས་རྣམ་པར་མི་གྲོལ་ལོ། །
ཡིད་ནི་ཆགས་བཅས་ཁོ་ན་ཡིས། །
ཚངས་པར་སྤྱོད་པ་བདག་གིས་སྤྱད། །
བརྟུལ་ཞུགས་འཆིང་བའི་གཟེབ་དག་གིས། །
མཁའ་ལ་འགྲོ་བ་བསྡམས་པ་བཞིན། །
གོས་ནི་ཚོན་གྱིས་དམར་བ་ཡིས། །
འདོད་ཆགས་བྲལ་བ་ཉིད་མི་འགྱུར། །
རབ་བྱུང་བཏང་ནས་བདག་འགྲོའོ། །
བདག་གི་དམྱལ་བ་ཟད་གྱུརད་ཅིག །
དེ་སྐད་ལན་གཅིག་མིན་སྨྲ་ཞིང༌། །
རང་གནས་འགྲོ་བར་བརྩོན་དེ་ལ། །
ལྡོག་ཅིང་རྗེས་བཟུང་བློ་གྲོས་ཀྱིས། །
བཅོམ་ལྡན་རྒྱལ་བས་བཀའ་བསྩལ་བ། །
ཤེས་ལྡན་སྐྱེ་བོ་ཉེར་སྟེན་ལ། །
སོ་སོའི་སྐྱེ་བོར་མི་འགྱུར་བཞིན། །
དགའ་བ་ཐོས་པས་རྣམ་པར་གྲགས། །
སྨད་ཅིང་བསླད་པ་མ་བྱེད་ཅིག །
རྣམ་པར་རིག་པས་སྐྱོན་བཤིག་ཅིང༌། །
ཚུལ་ཁྲིམས་ལྡན་པ་མཁས་རྣམས་བློ། །
སྙིང་བོ་མེད་པའི་བདེ་བ་ལ། །
ཆགས་པས་བྱ་མིན་ལ་མི་འཇུག །
མཆོག་ཏུ་སྨད་པའི་ཁང་བར་ནི། །
ངན་པའི་ལས་ལ་ཀུན་ཏུ་ཆགས། །
རྒྱ་ཆེན་འདོད་ཆགས་འཛིན་པ་ཁྱོད། །
ངོ་ཚ་སྐྱེ་བ་མིན་པ་ཅི། །
སྐྱེ་གནས་ལས་སྐྱེས་སྐྱེ་གནས་ཆགས། །
ནུ་མ་འཐུངས་པ་ནུ་མ་ཉེད། །
ཀྱེ་མ་ངོ་ཚ་མི་བྱེད་པ། །
སྐྱེ་བ་ཉིད་ལ་བརླག་པར་འགྱུར། །
རྟག་ཏུ་དམ་པའི་སྐྱེ་བོ་སྤངས། །
མ་ཡི་སྒྲོམ་ལ་ཆགས་གྱུརད་པ། །
སེམས་ནི་ཀུན་རྨོངས་ཀྱིས་བཅོམ་པའི། །
ཕྱུགས་རྣམས་ཉིད་ལ་མཐོང་བ་ཡིན། །
བུད་མེད་སྐྱེས་པའི་ང་རྒྱལ་འདི། །
ཁྱོད་ཀྱིས་དགའ་དང་བྲལ་ནས་ཐོངས། །
སྲིད་པའི་ཁུང་བུར་ལག་འགྲོ་རྣམས། །
ལོངས་སྤྱོད་དང་བཅས་འཇིག་པ་མཐོང༌། །
སྒྲོམ་ལས་སྐྱེས་པའི་དགའ་བ་དག །
སུ་ཡི་ཡིད་འབྱུང་སྐྱེད་མི་བསྐྱེད། །
གང་གི་མཇུག་ཏུ་ཁྱི་རྣམས་ཀྱང༌། །
ངེས་པར་ཁ་ནི་ཕྱིར་ཕྱོགས་འགྱུར། །
ཁྱིམ་གྱི་རྒྱ་ལས་རྣམ་གྲོལ་ཁྱོད། །
དེ་ཉིད་དུ་མངོན་རྒྱུག་པ་ཅི། །
གང་ཕྱིར་རི་དྭགས་ཐར་གྱུརད་པ། །
སླར་ཡང་རྒྱར་ནི་འཇུག་པ་མིན། །
དེ་སྐད་བཅོམ་ལྡན་གྱིས་གསུངས་པའི། །
བཀའ་ཡིས་ངེས་པར་གདམས་པ་ཡི། །
དགའ་བོ་མཛེས་མ་སེམས་བྱེད་ཅིང༌། །
སླར་ཡང་གནས་སུ་རབ་ཏུ་ཞུགས། །
དེ་ནས་ནམ་ཞིག་དགའ་བོ་ལ། །
གནས་ཁང་ཕྱག་དར་བསྒོས་ནས་ནི། །
ཕོངས་པའི་རྗེས་འཛིན་ལ་བརྩོན་པའི། །
བཅོམ་ལྡན་སླར་ཡང་རབ་ཏུ་གཤེགས། །
དེ་ཡི་བཀའ་ཡིས་གནས་ཁང་དག །
སྤྱོད་ལ་རབ་ཞུགས་དགའ་བོ་ཡིས། །
བསམས་པ་ལས་ནི་འདོད་ཆགས་བཞིན། །
ས་ལས་རྡུལ་རྣམས་ཡོངས་མ་སོང༌། །
ཡོངས་སུ་སྤྱོད་པའི་ཆུ་དག་ནི། །
ལེན་དུ་སོང་བར་གྱུརད་པ་དེའི། །
ཡང་ཡང་བཀང་ཞིང་རབ་བླངས་ཚེ། །
བུམ་པ་སྟོང་བ་ཉིད་དུ་གྱུར། །
བགེགས་ནི་དེ་ཡིས་ཡིད་དག་ནི། །
ཤིན་ཏུ་སྐྱོ་ནས་འགྲོ་བའི་སླད། །
མཛེས་མ་བལྟ་བར་འདོད་པ་འདི། །
དགའ་བོས་བཏང་ནས་རབ་ཏུ་སོང༌། །
དེ་ནས་རེ་བ་བརྟན་པ་ཡིས། །
འགྲོ་བ་དེ་ནི་ཀུན་མཁྱེན་གྱི། །
ལྷ་ཡི་སྤྱན་གྱིས་མཁྱེན་གྱུར་ནས། །
འཕྲལ་ལ་མངོན་ཕྱོགས་བཀའ་བསྩལ་བ། །
ཀྱེ་མ་མཛའ་བའི་སྣུམ་གྱི་དྲི། །
སྣོད་དུ་སྦྱར་བས་ཚྭ་བྱེད་ཅིང༌། །
ཁྱོད་ཀྱི་ཆགས་པ་མཚན་མོའི་འོད། །
མར་མེ་བཞིན་དུ་ཞི་མི་འགྱུར། །
གཡོན་མ་མཆོག་ཏུ་མངོན་འདོད་པས།།
ཅི་ཡང་ཁྱོད་སྙིང་ལ་ཆགས་འདི། །
ད་དུང་ཡང་ནི་མི་འབྲལ་ཏེ། །
གང་ཞིག་རམས་ཀྱི་ཚོན་བཞིན་ནོ། །
ཆགས་པ་རབ་ཏུ་བརྩམས་པའི་ཚེ། །
དེ་དུས་འཇིགས་ཤིང་ལོང་བར་བྱེད། །
ཡན་ལག་གཙོར་བགྲོད་རབ་ཞུགས་ཚེ། །
སྨད་པ་ཉིད་ཀྱིས་ཀུནད་ཏུ་འཁྱུད། །
ཡུལ་གྱི་ཉམས་མྱོང་དང་འགྲོགས་པ། །
སྡིག་པའི་གྲོགས་ལྟའི་དབང་བོ་ཡིས། །
སྡུག་བསྔལ་བཟོད་དཀའ་འཁྱིལ་བ་ཡིས། །
དམྱལ་བར་མི་རྣམས་འཕེན་པར་བྱེད། །
འགྲོགས་ངན་རེག་པའི་ཆ་ཡིས་ཀྱང༌། །
ལྷག་པར་རབ་ཏུ་སྒོ་བར་བྱེད། །
ཉ་དང་རོ་ནི་རུལ་བ་ཡིས། །
དྲི་ང་རབ་ཏུ་ལྡང་བ་བཞིན། །
དགེ་བའི་གྲོགས་ཀྱིས་རེག་གྱུརད་པ། །  
རྣམ་པ་ཀུན་ཏུ་དགེ་བ་འཛིན། །
དགེ་བའི་དྲི་བཟང་གིས་ཁྱབ་བཞིན། །
གང་ཞིག་རིན་ནི་ཆེན་པོར་བྱེད། །
འདི་བརྗོད་དེ་ལ་བཅོམ་ལྡན་གྱིས། །
དམ་པ་དམ་པ་མིན་པའི་ལམ། །
མངོན་དུ་རེག་པས་དྲི་བསྟན་ནས། །
གྲོགས་ནི་དེ་དག་བསྟན་པ་མཛད། །
དེ་ནས་དགའ་བོ་བཅོམ་ལྡན་གྱིས། །
ཁྱེར་ནས་རི་ཡི་དབང་བོ་ནི། །
སྤོས་ངད་ལྡང་བའི་རི་དྭགས་ཀྱི། །
རྔ་མའི་རླུང་ཡབ་གཡོབ་པར་གཤེགས། །
དེར་ནི་ནགས་མེས་ཚིག་གྱུརད་ཅིང༌། །
མི་སྡུག་ཤིན་ཏུ་རིད་པའི་ལུས། །
སྤྲ་མོ་ཞར་མ་དེ་ལ་ནི། །
བསྟན་ནས་རྒྱལ་བས་བཀའ་བསྩལ་བ། །
དགའ་བོ་འདི་ནི་མཐོང་ངམ་ཅི། །
དམན་པས་ཤིན་ཏུ་སྨད་པའི་ཡིད། །
འདི་ལའང་སུ་ཞིག་འོས་པ་ཡི། །
དགའ་མར་མཐོང་ནས་སྲེད་པ་ཡིན། །
ལེགས་དང་མི་ལེགས་ཡོད་ཉིད་མིན། །
དགའ་བ་ཉིད་དུ་ཆགས་པས་ལྟ། །
འཇིག་རྟེན་ན་ནི་སྐྱེ་བོ་གང༌། །
གང་གི་དགའ་དེ་དེ་ཡིས་དགའ། །
འདི་དང་མཛེས་མ་དེ་ཡི་ནི། །
མཛེས་པའི་བར་ན་ཅི་ཞིག་ཡོད། །
དགའ་བོ་ཁྱོད་ཀྱི་ཕྱོགས་ལྷུང་དག །
རབ་ཏུ་ཐོངས་ལ་བདེན་པར་སྤྲོས།།
བདག་གིས་དོན་དུ་མ་གཉེར་སླད། །
མཛེས་པའི་ཁྱད་ཉིད་རིག་པ་མེད། །
དོན་དུ་གཉེར་ན་དགའ་བར་འགྱུར། །
དགའ་བ་ཉིད་ན་མཛེས་པ་ཉིད། །
འདི་དང་དེ་ལ་ཁྱད་པར་དག །
ངས་ནི་ཅུང་ཟད་མ་མཐོང་སྟེ། །
ཤ་པགས་རུས་པའི་འཁྲུལ་འཁོར་ལ། །
དགའ་བར་དམ་ཚིག་བྱས་ཙམ་ཉིད། །
དེ་སྐད་བཅོམ་ལྡན་གྱིས་དྲི་བ། །
ཤིན་ཏུ་རིགས་མིན་དྲིས་གྱུརད་ཅིང༌། །
གང་ཡང་བླ་མས་གདམས་གྱུརད་པའི། །
དགའ་བོས་དེ་ལ་ལན་གསོལ་བ། །
བཅོམ་ལྡན་དེ་སྐད་ཅི་ལ་གསུངས། །
གང་འདི་མྱ་ངན་ལ་ཅོ་འདྲི། །
ཀུན་གྱི་བླ་མ་གཙོ་བོར་ནི། །
གྱུརད་པ་སུ་ཡིས་རྣམ་པར་དུལ། །
མཛེས་མ་ཡི་ནི་དགའ་བ་དེ། །
མཆོག་གི་ཆ་ལ་མཛེས་པ་སྟེ། །
འགྲོ་ལས་རྒྱལ་བའི་དྲན་པ་ཡང༌། །
གང་མཐོང་དགའ་མ་མི་དྲན་ནོ། །
དེ་ཡི་མཛེས་པས་ཀུ་མུད་ཚལ། །
དགའ་བཞིན་ཟླ་བའི་འོད་ཀྱིས་མིན། །
གྲགས་པའི་ལམ་འགྲོ་བླུན་པོ་ཡིས། །
ཡོན་ཏན་ཁྱད་པར་ཡོངས་མི་ཤེས། །
དེ་ཡིས་མེ་ཏོག་ཚོགས་རྣམས་བཞིན་གྱི་དྲི་བཟང་ནོར་ལ་ནི། །
བརྐུས་པར་མཐོང་ནས་རབ་ཏུ་རྒྱས་པའི་སྐྲ་ཚོགས་དག་ལ་བཅིངས། །
འཇོ་སྒེག་འགྲོས་དང་མིག་གིས་མཛེས་པ་དག་ལ་བརྐུས་གྱུརད་པའི། །
ངང་བ་རི་དྭགས་འཇིགས་བཞིན་ནགས་ཉིད་དུ་ནི་བྲོས་སམ་སྙམ། །
རི་དྭགས་མིག་ཅན་དཔེ་མེད་མ་དེ་ཡོངས་འདྲིས་བརྟག་པ་མི་ཉུང་ཞིང༌། །
རྣམ་མང་རྣམ་པར་རྟོག་ཀྱང་ནི་དྲི་བར་ནུས་པ་ཉིད་མ་ཡིན། །
གང་གི་བཞིན་མཛེས་དག་དང་སྲང་ལ་གཞལ་ཚེ་ཡང་བ་ཉིད་ཀྱི་ན། །
རྒྱུ་སྐར་བདག་པོ་དེ་ནི་མཁའ་ལ་ལྷག་པར་འཛེག་པ་མ་ཡིན་ནམ། །
བསོད་ནམས་ཀྱིས་འཐབ་ཡིད་འོང་སྨིན་མའི་འཁྲི་ཤིང་གཡོ་ལྡན་སྒེག་ཅིང་རོལ། །
དེ་ཡི་བཞིན་ནི་ཡིད་འཕྲོག་དགའ་དང་ལྡན་ཏེ་གལ་ཏེ་མི་འཐོབ་ན། །
རབ་བྱུང་འདིས་བདག་ལེགས་བྱས་ལྷག་པར་ཅི་ཞིག་བགྱིད་འགྱུར་འདི་ཡི་སླད། །
བརྟུལ་ཞུགས་ཡོ་བྱད་ཁུར་དུ་གྱུརད་པ་འདི་དག་ཅི་སླད་བདག་འཁུར་ལགས། །
དེ་སྐད་དགའ་བོའི་ཚིག་ཐོས་ནས། །
ཆགས་པ་རབ་ཏུ་རྒྱས་པ་དེ། །
བཅོམ་ལྡན་རང་གི་མཐུས་བླངས་ནས། །
ལྷ་ཡི་གནས་སུ་ཕྱིན་པར་གྱུར། །
བརྒྱ་བྱིན་དགའ་ཚལ་དེ་རུ་ནི། །
བདུད་རྩི་བསྲུབས་ལས་རབ་འཁྲུངས་པའི། །
ལྷ་ཡི་བུ་མོ་མཛེས་པ་དག །
དེ་ལ་རབ་ཏུ་བསྟན་པར་གྱུར། །
རྐང་བ་པད་ཚལ་ལས་འཁྲུངས་པ། །
མཛེས་པའི་རྒྱུད་ནི་དམར་བོ་ཡིས། །
ཆུ་གཏེར་ངོགས་ཀྱི་བྱུ་རུ་ཡིས། །
ནགས་ཀྱི་རྗེས་སུ་འཁྲིད་པ་བཞིན། །
ཡོངས་འདུ་ལྷན་ཅིག་སྐྱེས་པ་ཡིས། །
ཡལ་འདབ་ཆགས་པ་ལྟར་གྱུརད་པ། །
རོལ་ཞིང་སྒེག་པའི་གྲོགས་པོ་ཡིས། །
ལག་པས་ཆུ་སྐྱེས་དག་ལས་རྒྱལ། །
མཛེས་ཤིང་ཡིད་འོང་རོལ་བ་དང༌། །
འདོད་པ་ཀུན་ཏུ་དགའ་བའི་གྲོགས། །
ཆུ་སྐྱེས་བདེ་བླག་ཉིད་དུ་ནི། །
འཛུམ་བྱེད་ཟླ་བའི་འགྲན་ཟླ་དང༌། །
པདྨ་སཱ་རིའི་མིག་དག་དང༌། །
ཀུན་རྨོངས་གསོ་བས་ནག་མོ་ནི། །
བརྩེགས་པའི་རི་མོས་རེག་པ་ཡིས། །
བདུད་རྩིའི་ཚོགས་ཀྱིས་བསྐོར་བ་བཞིན། །
མཛེས་སྡུག་ལང་ཚོ་རྫོགས་གྱུརད་པ། །
དེ་དག་མཐོང་ནས་འཕྲལ་ཉིད་དུ། །
ཀུན་དགའི་བཞིན་ལྡན་དགའ་བོ་ནི། །
རྡུལ་གྱིས་བཀྲུས་པ་བཞིན་དུ་གྱུར། །
པདྨོའི་བཞིན་རས་དང་ནི་ཨུཏྤལ་རྒྱས་པའི་མིག །
ཀུན་དའི་འཛུམ་དང་མེ་ཏོག་ཚོམ་བུའི་ནུ་རྒྱས་ཅན། །
དེ་དག་རྣམས་ལ་དགའ་བོའི་སྙིང་ནི་ཅིག་ཅར་དུ། །
ཕྱོགས་ལྷུང་བུང་བ་རོལད་ཅིང་གཡོ་བ་དང་མཚུངས་ཐོབ། །
དེ་ལ་ཡིད་སོང་དགའ་བོ་ལ། །
དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས། །
དགའ་བོ་འདི་དག་མཐོང་བ་དང༌། །
ཆགས་པས་ཁྱོད་བློ་དགའ་འམ་ཅི། །
འདི་རྣམས་དག་དང་མཛེས་མ་དེའི། །
མཛེས་སྡུག་ཁྱད་པར་ཇི་སྙེད་ཅིག །
གཞན་གྱི་ཆ་ལས་རབ་གྱུརད་པ། །
གསལ་བ་ཁོ་ནར་རྟོགས་པར་བྱ། །
གལ་ཏེ་ལྷ་མོ་རྣམས་ཀྱི་གཟུགས། །
མཛེས་མའི་གཟུགས་བས་ལྷག་པ་ན། །
དེ་ཕྱིར་དེ་དག་ཁོ་ན་ཉིད། །
དུས་ཀྱིས་ཁྱོད་ལ་བརྟེན་པར་བྱས། །  
རེ་ཞིག་རབ་ཏུ་དང་བའི་བློ། །
ཡིད་ནི་ཆགས་བྲལ་ཁོ་ན་ཡིས། །
ཚངས་སྤྱོད་སྤྱོད་ཅིག་དེ་ནས་ངས། །
ལྷ་མོའི་ཚོགས་ནི་ཁྱོད་ལ་སྦྱིན། །
དེ་ལྟར་བཅོམ་ལྡན་གསུང་གི་ནི། །
ངེས་པ་སྐྱེས་པའི་དགའ་བོ་ཡིས། །
དེ་བཞིན་ཞེས་བརྗོད་བརྟུལ་ཞུགས་སེམས། །
མཐོ་རིས་བུ་མོའི་བསམ་པས་བྱས། །
དེ་དང་འགྲོགས་འདོད་གྱུརད་པས་དེས། །
རང་གི་ཆུང་མ་ལ་གུས་དམན། །
ཡོན་ཏན་ཟོང་མཚུངས་དགའ་བ་ཡིས། །
མཛའ་བ་བདེན་པ་ཉིད་མ་ཡིན། །
སྐྱེས་བུའི་གོམས་སྐྱེས་མཛའ་བ་ནི། །
གཞན་དུ་ཡོངས་སུ་དམན་པ་ཡིས། །
ཀྱེ་མ་གནས་ནི་བརྗེད་གྱུར་ནས། །
འཕྲལ་ལ་གཞན་དུ་རྒྱུག་པ་ཉིད། །
སྐད་ཅིག་ལང་ཚོ་དགའ་བ་ཡིས། །
མཛའ་བ་གཅུགས་པ་ཉམས་པ་ཡིས། །
བདེན་པ་མ་ཡིན་རྟག་མིན་ཏེ། །
ལུས་ཅན་རྣམས་ཀྱི་བདེ་བ་བཞིན། །
དེ་ནས་དགའ་བོ་བཅོམ་ལྡན་གྱིས། །
སྐད་ཅིག་གིས་ནི་རང་གནས་ཁྱེར། །
དེས་པ་དེ་ཡིས་ཚངས་སྤྱོད་ནི། །
དུལ་བ་ཉིད་ཀྱིས་བརྟུལ་ཞུགས་སྤྱད། །
མཛེས་མའི་མཛེས་སྡུག་ཕུན་ཚོགས་པ། །  
གཞན་གྱི་བློ་དེས་བརྗེད་པར་གྱུར། །
སྐད་ཅིག་རབ་ཉམས་དགའ་བ་ནི། །
ཡོན་ཏན་ལའང་དམན་པར་གྱུར། །
དེ་ནས་ནམ་ཞིག་དགའ་བོ་ནི། །
རྒྱུ་བས་རབ་འཇིགས་དམྱལ་བའི་ཚོགས། །
འཇིགས་རུང་ཟངས་ཆེན་འཛིན་པ་ཡང༌། །
འགའ་ཞིག་དག་ཏུ་མཐོང་བར་གྱུར། །
དེ་མཐོང་ཉིད་ལ་སྡུག་བསྔལ་ཞིང༌། །
འདར་བར་གྱུརད་པས་འདི་ཅི་ཞེས། །
དེ་ཡིས་དེ་ནས་ཚོགས་པ་ཡི། །
འཇིགས་རུང་དམྱལ་སྲུང་རྣམས་ལ་དྲིས། །
དེ་ལ་དེས་སྨྲས་ཚ་བའི་ས། །
ཟངས་ཆེན་རྒྱ་ནི་རྫོགས་པ་འདི། །
ཤིན་ཏུ་ཆགས་ལྡན་རྒྱལ་པོའི་བུ། །
དགའ་བོ་ལ་ནི་བྱས་པ་ཡིན། །
ཆགས་བྲལ་ཉིད་ནི་ད་དུང་ཡང༌། །
བརྟུལ་ཞུགས་ལོག་པ་དེ་མི་སྟེན། །
མཐོ་རིས་བུད་མེད་འགྲོགས་བསམ་པས། །
ཚངས་པར་སྤྱོད་པ་སྤྱོད་པ་ཉིད། །
བརྐམ་ཆགས་ལོག་པའི་བརྟུལ་ཞུགས་ཅན། །
ཆགས་སྡང་སྙིགས་མ་ཅན་རྣམས་ཀྱི། །
རྟག་ཏུ་ཚ་བའི་ཟངས་ཆེན་ནི། །
འདི་དག་འཇིག་པ་མེད་པའི་གནས། །
དེ་ལྟར་དགའ་བོས་ཡང་དག་ཐོས། །
སྤུ་ལོང་གོས་ལྟར་རྒྱས་གྱུརད་ཅིང༌། །
དེར་ནི་རྗེས་སུ་གདུང་བ་ཡིས། །
ལུས་པོ་དུམ་བུར་གྱུར་བཞིན་སེམས། །
གནས་སུ་མངོན་སོང་འདོད་ཆགས་ཀྱིས། །
བག་ཆགས་ཞེན་པ་བཏང་བྱས་ནས། །
བླ་མེད་ཚངས་པར་སྤྱོད་པ་ནི། །
ཡོངས་སུ་རྫོགས་ཤིང་དུལ་བར་གྱུར། །
ནང་དུ་ཐེ་ཚོམ་རྣམ་གྲོལ་ཅིང༌། །
སྟུག་པོའི་རྨོངས་པ་ཟད་ལས་དེའི། །
ཡིད་ནི་རབ་དང་ཐོབ་གྱུར་ཏེ། །
སྟོན་ཀའི་ཀླུང་གི་ཆུ་བཞིན་ནོ། །
འདོད་པ་མེད་ཅིང་རབ་ཞི་ཐོབ། །
མཆོག་ཏུ་ངེས་པར་དེར་ཞུགས་པ། །
དག་པའི་བློ་ཡིས་བཅོམ་ལྡན་ལ། །
ཡང་དག་མངོན་དུ་ཕྱོགས་ཏེ་སྨྲས། །
བཅོམ་ལྡན་བདག་ལ་བྱ་བ་ནི། །
ལྷ་མོས་ཡོད་མིན་མཛེས་མས་མིན། །
གནོད་པ་དང་བཅས་ཡུལ་གྱི་དཔལ། །
འདི་དག་མཇུག་ནི་མཛེས་དང་བྲལ༑ །
ཇི་ལྟ་ཇི་ལྟར་དངོས་རྣམས་ཀྱི། །
ངོ་བོ་ཉིད་མེད་འདི་བསྒོམས་པ། །
དེ་ལྟ་དེ་ལྟར་སྒྲིབ་པ་དང༌། །
བྲལ་བའི་སྤྱོད་ཚུལ་རབ་གསལ་གྱུར། །
དེ་སྐད་སྨྲས་པའི་དགའ་བོ་དག །
རིམ་གྱིས་དགྲ་བཅོམ་གནས་ཐོབ་པ། །
ཡོངས་སུ་མྱ་ངན་འདས་པ་དག །
འགྲུབ་པར་བཅོམ་ལྡན་འདས་ཀྱིས་དགོངས། །
དགེ་བའི་རྩ་བ་གང་དག་གི། །
འབྲས་བུ་དགའ་བོས་ཐོབ་གྱུརད་ཅེས། །
དགེ་སློང་རྣམས་ཀྱིས་མངོན་ཕྱོགས་དྲིས། །
རྒྱལ་བས་དེ་ལ་བཀའ་བསྩལ་བ། །
སྐྱེ་བ་གཞན་བསྒྲུབས་བསོད་ནམས་ཀྱིས། །
ལེགས་བྱས་གོམས་པར་བྱས་གྱུརད་པ། །
དགའ་བོས་དགེ་བའི་རྩ་བ་ཡི། །
འབྲས་བུ་ཕུན་སུམ་ཚོགས་པ་ཐོབ། །
དྲི་མེད་ཡངས་པའི་རིགས་སུ་སྐྱེས་ཤིང་དྲན་པའི་གཟུགས་བརྙན་ལྟ་བུའི་ལུས། །
དཔལ་འབྱོར་སྐྱེ་བོ་བདེ་བའི་གྲོགས་མོ་སྤྱོད་ཚུལ་དམ་པ་རྟག་ཏུ་དགའ། །
སེམས་ནི་རབ་ཏུ་ཞི་བའི་ཆུས་བཀྲུས་རང་བཞིན་ལུགས་ཀྱི་འབྲས་ལྡན་འདི། །
སྐྱེས་བུ་རྣམས་ཀྱི་དགེ་བའི་མེ་ཏོག་དག་གི་འབྲས་བུ་ཆེར་འཁྲུངས་ཡིན། །
ཨ་རུ་ཎཱ་ལྡན་གྲོང་ཁྱེར་དུ། །
སྔོན་གྱི་ཆོས་བདག་ཨ་རུ་ཎཱ་ས། །
དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །
རྣམ་པར་གཟིགས་ཀྱི་མཆོད་རྟེན་ནི། །
ནོར་བུའི་རང་བཞིན་བྱེད་པ་ལ། །
བྱམས་ལྡན་ཞེས་པ་བྲམ་ཟེའི་བུ། །
བསོད་ནམས་ཆེན་པོའི་བགོ་སྐལ་གྱིས། །
སྐལ་ལྡན་བྱེད་པོ་ཉིད་དུ་གྱུར། །
དེ་ཉིད་ཀྱིས་ནི་དགེ་སློང་གི། །
དགེ་འདུན་བསྲོ་ཁང་སྦྱིན་ཁྲུས་བྱས། །
དེ་ཡི་བསོད་ནམས་སྨོན་ལམ་གྱིས། །
ཁྱིམ་བདག་གི་ནི་རིགས་སུ་སྐྱེས། །
བསོད་ནམས་ངང་ཚུལ་དེ་ནི་སྔོན། །
རང་སངས་རྒྱས་ཀྱི་ཉེ་གནས་གྱུར། །
མཛེས་ལྡན་ཕྲེང་བས་མངོན་བརྒྱན་པའི། །
རབ་འབར་མཆོད་རྟེན་དག་ཀྱང་བྱས། །
དེ་ཡི་བསོད་ནམས་སྨོན་ལམ་གྱིས། །
དེ་ནི་ལེགས་སྐྱེས་ཞེས་བྱ་བ། །
ཀཱ་ཤའི་བདག་པོ་ཀྲྀ་ཀཱིའི་བུ། །
གསལ་བའི་མཚན་གྱིས་མཚན་པར་གྱུར། །
དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །
འོད་སྲུངས་མྱ་ངན་འདས་པའི་མཐར། །
མཆོད་རྟེན་རིན་ཆེན་བདུན་རང་བཞིན། །
ཀཱ་ཤིའི་ས་ཡི་བདག་པོའི་བྱས། །
དེ་ཡི་བུ་ནི་ལེགས་སྐྱེས་ཀྱིས། །
འོད་གསལ་གསེར་གྱི་གདུགས་དག་བཙུགས། །
དགའ་བོ་དེ་ཡི་སྨོན་ལམ་གྱིས། །
ད་ལྟ་ཤཱཀྱའི་རིགས་སུ་སྐྱེས། །
དེ་ལྟར་སྔོན་སྐྱེའི་རིམ་པས་ཐོབ་པ་ལེགས་བྱས་ཀྱིས་བསླངས་པའི། །
གང་ཡང་ཡངས་པའི་བསོད་ནམས་ཁོ་ནས་དྲི་མེད་རིགས་དང་ནི། །
ཡིད་འོང་གཟུགས་དང་ལོངས་སྤྱོད་མཆོག་དང་ཞི་བ་ཡོངས་འདྲིས་མཐར། །
དམ་པའི་གནས་སུ་ལེགས་པར་འགྲོ་བ་དག་ཀྱང་དགའ་བོས་ཐོབ། །
དགའ་བོ་དགེ་བར་མཛད་པ་ལ། །  
དེ་སྐད་གསུངས་ནས་བཅོམ་ལྡན་གྱིས། །
དགེ་སློང་གི་ནི་དགེ་འདུན་ལ། །
ལེགས་བྱས་དེ་དེ་བསྟན་པར་མཛད། །

ཅེས་པ་དགེ་བའི་དབང་བོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་མཛེས་དགའ་བོའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཅུ་གཅིག་པའོ།། །། ཟླ་ཚེས་བཟང་བོར་ཟླ་བ་གཞོན་ནུར་འབོད་པས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་ཁོལ་དུ་ཕྱུང་སྟེ་ཞུས་ཤིང་བསྒྲིགས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།