རྩེ་ཁོག་ཧོར་གྱི་རུས་ཁུངས་ཚིགས་སུ་བཅད་པ་འཁྲུལ་མེད་མེ་ལོང་།
ཇོ་བོ་རྗེ་མཆོག་དཔལ་ལྡན་ཨ་ཏི་ཤའི།།
སྐུ་གདོང་མཆོད་རྟེན་དཀར་ཆག་ཆེན་མོ་ལས།།
གངས་ཅན་ཡུལ་གྱི་སྟོད་ཧོར་ཟེར་བ་ནི།།
ཟ་ཧོར་རྒྱལ་བོ་མྱ་ངན་མེད་ལགས་ལ།།
དམག་དཔོན་གོ་གསུམ་ཡོད་པའི་ནང་ཚན་ཏེ།།
དབུས་གཙང་མངའ་རུས་ཕྱོགས་སུ་བྱོན་པ་དང་།།
རུས་ཆེན་སྒ་ཡི་འོད་ཟེར་ལྷ་མོ་ཉིད།།
ཁབ་ཏུ་བཞེས་ཏེ་འོད་ཟེར་ལུང་བརྒྱད་འཁྲུངས།།
དེའི་སྲས་སྒ་ཡི་རྡོ་རྗེ་འཇོག་པོ་དང་།།
ཁབ་ཏུ་གཉན་བཟའ་རྡོ་རྗེ་དབང་མོ་བཞེས།།
དེ་ལ་རིམ་བཞིན་སྲས་དྲུག་བྱུང་བ་དང་།།
དེའང་ཚོ་ཁག་གཉིས་སུ་གྱེས་པ་ནི།།
སྟོད་རྒྱུད་ཧོར་བ་ལུང་ཚོ་དྲུག་དང་གཅིག།
སྨད་རྒྱུད་སྒ་བ་ལུང་ཚོ་དྲུག་སྟེ་གཉིས།།
དང་པོ་སྟོད་རྒྱུད་ཧོར་དང་སྨད་རྒྱུད་སྒ །
གཉིས་པ་སྨད་རྒྱུད་སྒ་ཡི་ལུང་ཚོའང་།།
སྟོད་རྒྱུད་ཡུལ་ཤུལ་སྨད་རྒྱུད་མགོ་ལོག་དང་།།
བར་རྒྱུད་འཇོག་པ་ལུང་ཚོ་དྲུག་ཏུ་གྱེས།།
དེའང་སྟོད་ཧོར་དུས་རབས་བདུན་པའི་ནང་།།
ཧོར་སྒ་སེ་མིག་ཞེས་བྱར་སྲས་གཉིས་འཁྲུངས།།
ཆེ་བ་ཧོར་དགེ་ཀུན་འབྱུང་ཞེས་བྱ་སྟེ།།
སྔོན་ཆད་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིས།།
མཐའ་མཚམས་སྲུང་བར་དམག་དཔོན་ལྔ་བསྐོས་གྲས།།
ཤར་བཀའ་རྩེབས་ཀྱི་རུ་དཔོན་དམ་པ་ཉིད།།
ཁོང་གིས་རླངས་པ་དཀར་པོའི་གདུང་རྒྱུད་ཀྱི།།
རླངས་བཟའ་ཨ་སེང་དཀར་མོ་ཁབ་ཏུ་བཞེས།།
དེ་ལ་གྲགས་ཅན་སྲས་བཞི་འཁྲུངས་པ་ནི།།
ཨ་བརྟན་མིག་དམར་ཨ་དགེ་ཀོ་འཇོ་དང་།།
ཨ་སེང་ཐར་བ་རླངས་ཕྲུག་ཨ་དོར་བཞི།།
དེའི་གྲས་ཧོར་བུ་ཨ་དགེ་ཀོ་འཇོ་དང་།།
རླངས་བཟའ་དཔའ་སྒོ་གཉིས་ལ་སྲས་དྲུག་འཁྲུངས།།
ཡར་ལྷ་རྩེ་རྒྱལ་ལྷ་རྒྱས་བསྟན་པ་དང་།།
ཤ་མིག་ཨ་བྷོ་དཔའ་ཆེན་འབུམ་དང་བཞི།།
འོད་ཆེན་མུན་སེལ་གྲགས་རྡོར་བཅས་དྲུག་གོ།།
ཧོར་གྱི་ཨ་དགེ་ཀོ་འཇོའི་བུ་དྲུག་གི །།
རིགས་སུ་ཆད་པ་མདོ་སྨད་རྟའི་ཆོལ་ཁའི།།
རེབ་གོང་ནང་ཤོག་བཅུ་གཉིས་ནང་ཚན་གྱི།།
ཧོར་ཞེས་བྱ་བའི་འབྲོག་སྡེ་ཆེན་མོ་དེ།།
སྤྱི་ལོ་ཆིག་སྟོང་སུམ་བརྒྱ་ང་དྲུག་ལོར།།
མདོ་སྨད་རྩེ་གཞུང་ཡུལ་དུ་གནས་སྤར་བའི།།
ད་ལྟའི་ཧོར་གྱི་ཚོ་བཞི་གླིང་དྲུག་གོ།།
༢༠༡༥ལོའི་ཟླ༥ཚེས༥ཉིན་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།