མཆོད་བསྟོད་འཇམ་དཔལ་དགྱེས་པའི་རོལ་མོ།
༄༅།།རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ཐིག་ལེའི་གཟུགས།།
རབ་མཛེས་ལུས་ཕྲ་མཆོག་གི་ཟློས་གར་མཁན།།
ཚངས་སྲས་ཤེས་རབ་ལྷ་མོ་དབྱངས་ཅན་མས།།
བདག་གི་ངག་ལ་ཤིས་པའི་དཔལ་སྩོལ་དང་།།
ཤེས་རབ་འོད་ཀྱི་གཟི་བྱིན་རྩིབས་སྟོང་འབར།།
རྒྱ་མཚོ་སྐྱེ་རྒུ་གདུལ་བྱའི་ཐར་བའི་དཔྱིད།།
ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་ཅན།།
འཇམ་དཔལ་དགྱེས་བློའི་ཉི་མ་སྙིང་ལ་བཞུགས།།
ཡབ་ཡུམ་བརྩེ་བའི་དཔྱིད་ཀྱི་དགའ་ཚལ་དུ།།
ཁྱོད་ཀྱི་མཛད་འཕྲིན་འོད་སྟོང་བདག་པོའི་ཟིལ།།
ཡང་ཡང་སྙིང་ནས་འཐུང་པའི་གེ་ས་རའི།།
བསུང་ཞིམ་མཆོད་པའི་སྤྲིན་དུ་འདི་ན་ལྡང།།
རྒྱལ་བ་སེང་གེའི་ང་རོའི་མཚན་དཔེའི་སྐུ།།
བཞད་པའི་ཙོང་ཁ་ལིམ་བུའི་སྐྱེད་མོས་ཚལ།།
ལྕགས་རིའི་ས་འཛིན་དཔུང་རྡང་སྦྲེལ་བའི་ཤར།།
རྡོ་སྦིས་འཛིན་མར་མཚན་དཔེའི་མེ་ཏོག་འཛུམ།།
ཨེ་མ་ཁྱེད་ཀྱི་མཛད་འཕྲིན་འོ་མའི་མཚོ།།
ས་གསུམ་ཀུན་ཏུ་གཡོ་བའི་རྟེན་འབྲེལ་ལ།།
གཡུ་དང་དངུལ་གྱི་མདངས་འཛིན་མཚེའུ་ཟུང་།།
བྱེད་པོས་འཕྲུལ་གྱིས་བསྒྲིགས་འདི་མཚར་དུ་ཆེ།།
གང་སྐུ་ཉི་གཞོན་ཤར་རིའི་ཕྲག་གོང་ནས།།
སྐྱེ་རྒུའི་བསོད་ནམས་མཁའ་ལ་འཕགས་པ་ན།།
མ་རིག་མུན་པའི་དཔུང་གི་སྦྱོར་བ་ནི།།
ནག་པོའི་གོ་མཚོན་བོར་ནས་རང་སར་ཞི།།
ཕུན་ཚོགས་འདོད་ཡོན་ལྕགས་སྐུད་བསྣོལ་མའི་གཟེབ།།
ངེས་འབྱུང་གསེར་གྱི་ཐོ་བས་ལེགས་གཏོར་ཏེ།།
རྨད་བྱུང་ཐུགས་བསྐྱེད་གཤོག་རླབས་ལྡེམ་པོ་ནི།།
གཏན་བདེའི་ཀུན་མཁྱེན་མཁའ་ལ་ལེགས་པར་བསྒྱུར།།
ལྷ་རམས་ཉི་ཟླའི་སྤྱན་གྱིས་གཟི་བྱིན་བསྩལ།།
སློབ་དཔོན་བརྩེ་བའི་རོལ་མཚོས་ལེགས་པར་འཁྱུད།།
རྡོ་རྗེ་འཆང་གི་དགོངས་པའི་བཅུད་གྱིས་བསྐྱངས།།
ཁྱོད་ནི་ཆོས་རྒྱལ་ལྷུན་པོར་མི་འགྱུར་གྲང་།།
དབྱངས་ཅན་ངག་གི་ལང་ཚོའི་རྩལ་རྫོགས་པ།།
བསྔགས་བརྗོད་ལྷ་ཡི་གོས་བཟང་སྤྲས་པས་མིན།།
རིག་བྱེད་ངག་གི་སེང་ཆེན་ལ་བཅིབས་ཏེ།།
གཞུང་བརྒྱ་སྨྲ་བའི་དོ་རར་འགྲིམས་པས་ཀྱང་།།
འཛམ་གླིང་རིག་བྱེད་སྨྲ་བ་ཀུན་གྱི་གྲལ།།
གཞོན་ནུའི་དུས་ནས་ཁྱེད་ཀྱིས་ལེགས་ཟིན་པའི།།
ངོ་མཚར་གཏམ་གྱི་རོལ་མོ་ལྷང་ངེར་བ།།
དཔྱོད་ལྡན་གཟུར་གནས་དྲན་དབང་ངག་ན་མཛེས།།
རིག་བྱེད་ངག་གི་ཁྲི་ལ་ཆུང་ནས་བཞུགས།།
རིག་པའི་ནོར་མང་བློ་གྲོས་མཛོད་ལ་དབང་།།
རིག་གཏེར་ནོར་བུའི་རྒྱ་མཚོའི་ཀློང་ཆེན་པོར།།
ད་དུང་མ་ངོམས་ཞུགས་པའི་སྤོབས་པ་རྒྱལ།།
མི་འཇིགས་བཞི་ལྡན་སྤོབས་པའི་གཡུ་རལ་རྒྱས།།
ཡང་དག་ཚུལ་གསུམ་རིགས་པའི་གད་རྒྱངས་འདིས།།
ཐུབ་བསྟན་གངས་རི་སྐྱོང་ལ་འགྲན་མེད་པ།།
ལོ་པཎ་གངས་རིའི་སེང་ཆེན་དག་ཀྱང་དྲན།།
ཇི་སྙེད་རིག་གཞུང་ཤེས་བྱའི་མེ་ཏོག་ཀུན།།
ཁྱོད་བློའི་སྤང་ལྗོངས་དཔྱིད་དུ་མངོན་བཞད་ཚེ།།
དམ་པའི་སྐྱེ་རབས་ཕྲེང་བའི་མེ་ཏོག་མཚན།།
རྒྱལ་སྲས་དུ་མས་ཁྱོད་ལ་ཕུལ་འདི་འཚེངས།།
ཐོགས་མེད་རིགས་ལམ་རྩེ་བརྒྱ་འབར་བའི་གཟིས།།
མ་རྟོགས་ལོག་རྟོག་ལྷུན་པོ་འཇོམས་དང་ལྷན།།
གསེར་ཁྲི་མཁན་སྤྲུལ་མཚན་གྱི་ཉི་ཟླའི་ཆ།།
མོག་པོར་བགྱིས་པའི་འཇིགས་ཟིལ་སུ་ཡིས་འགོག།
གཞུང་བཟང་ཆུ་བོ་བཅུད་དུ་སྨིན་པའི་མཚོ།།
མཁྱེན་དཔྱོད་ལྷུན་པོས་བསྲུབས་པོའི་སྙིང་པོའི་ཕུལ།།
སྔོན་མེད་ལེགས་བཤད་ཆུ་ཤེལ་དབང་པོས་ནི།།
ཐུབ་བསྟན་གངས་རི་ཉིན་མོ་ལྟ་བུར་བྱེད།།
མི་ཤེས་ལོག་རྟོག་སྐྱོན་ཀྱི་གཟུགས་བརྙན་ཙམ།།
ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་མི་དམིགས་པ།།
ཁྱོད་ཐུགས་དྲི་མེད་ཤེལ་གྱི་མེ་ལོང་ལ།།
མ་ལུས་ཤེས་བྱའི་རི་མོ་རྣམ་པར་བཀྲ།།
ལྟར་སྣང་ཤེས་བྱའི་ཚང་ཚིང་སྨྲ་ངན་བྲག།།
ལོག་བཤད་དྲ་བ་མ་ལུས་རིགས་པའི་མཚོན།།
བསྐལ་བའི་མེ་དང་རྡོ་རྗེའི་ཐོག་གི་མདའ།།
ཤེས་རབ་རལ་གྲིར་བསྒྱུར་ཏེ་ཚར་ཏུ་བཅད།།
འཇམ་དཔལ་སྙིང་བོའི་རིང་ལུགས་དྲི་མ་མེད།།
སྲོག་འཛིན་སྨན་གྱི་སྦྱོར་བ་འཛིན་པའི་ཁུར།།
བརྟན་པོར་བགོས་པའི་ལྷག་བསམ་གསེར་གྱི་རི།།
དབྱིག་འཛིན་དཔལ་དུ་འགྱིང་བ་ངོ་མཚར་ཆེ།།
མདོ་སྔགས་ཆབ་ཀྱི་ཡང་བཅུད་གང་གཱའི་ཀླུང།།
རྣམ་དཔྱོད་རལ་བའི་ཀློང་དུ་བསྡུས་པ་ན།།
ཕྱག་ན་པད་མོའི་བཀའ་གསུང་ཡུར་བ་ཡིས།།
ཐུབ་བསྟན་ལྗོན་བཟང་སྲོག་རྩའི་གསོས་སུ་དྲངས།།
མཐའ་བྲལ་ཤེས་བྱའི་འཆི་མེད་ལམ་གྱི་ཁམས།།
བློ་གྲོས་དབྱར་སྐྱེས་རྔ་སྒྲས་ཀུན་དཀྲིགས་པས།།
གངས་ལྗོངས་ཐུབ་བསྟན་གུར་ཀུམ་དགའ་ཚལ་དུ།།
རྫོགས་ལྡན་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བདོ།།
དེ་ལས་ལེགས་འོངས་གྲགས་པའི་འོད་དཀར་ཀྱིས།།
འཁོར་ལོས་བསྒྱུར་བ་འཛམ་གླིང་ཆེ་རྒུའི་སྤྱན།།
ཆབ་སྲིད་ཉ་ཟླའི་སྣང་བས་མ་ཟིན་པའི།།
གཏན་བདེའི་ཐར་ལམ་རི་མོར་བཀྲི་ཞེས་གྲགས།།
བློ་བཟང་རྒྱལ་བའི་ལེགས་བཤད་ཆུ་གཏེར་ཆེ།།
མཁྱེན་དཔྱོད་དེད་དཔོན་འདོད་རྒུར་དབང་སྒྱུར་པས།།
ཀླུ་སྒྲུབ་ལུགས་བཟང་སྔོན་མེད་བྱུ་རུའི་ཕྲེང་།།
གསར་རྙིང་རིས་མེད་མཁས་མང་རྒྱན་དུ་འཆང་།།
ཟག་མེད་ཐུགས་ཀྱི་གངས་དཀར་ལྷུན་པོ་ལས།།
མྱོང་གྲོལ་ཕན་བདེའི་ལེགས་བཤད་བདུད་རྩིའི་ཆབ།།
རང་གཞན་དགེ་བའི་ཞིང་སར་དྲངས་པ་ལ།།
ཨ་རུ་སྨན་གྱི་དགའ་ཚལ་རྣམ་པར་རྒྱས།།
བློ་གྲོས་བི་ཤྭ་ཀརྨའི་སོར་མོའི་རྩལ།།
གངས་ཅན་རིག་འཕྲུལ་གླེགས་བམ་ཁང་བཟང་ཆེར།།
བསྒྱུར་བའི་འགྲན་བྲལ་གསུང་ངག་ལྷ་ཡི་སྐུར།།
འཇམ་དཔལ་དབྱངས་ཀྱང་རང་སྲིད་འཆོར་དུ་དོགས།།་
ཟུང་འཇུག་སྟོབས་ཀྱིས་བཏེགས་པའི་ཆོས་སྲིད་གདུགས།།
ད་ཡང་གཅིག་ཏུ་བྲལ་བ་འདོར་མིན་ཞེས།།
གཞན་ཕན་ལས་ལ་ཀུན་ནས་གཡོ་བའི་སྐུ།།
ལོངས་སྐུར་མཆོད་པའི་སྙན་རྒྱན་ཕུལ་བ་བཞིན།།
བདེན་གཉིས་བདེན་བཞིའི་ཞི་འཇམ་ཆོས་ཁྲིམས་ཀྱིས།།
མི་བསྲུན་འགྲོ་བའི་རྒྱུད་ཀུན་ལེགས་བསྡམས་པས།།
དགྲ་གཉེན་ཞི་བའི་དབྱིངས་སུ་འདྲེས་པའི་མོད།།
འགའ་ཞིག་གང་སྐུ་སྲོང་བཙན་མགོན་དུ་དོགས།།
མཐའ་ཀླས་འགྲོ་བའི་ཀུ་མུད་ད་ཡི་ཚལ།།
སྙིང་རྗེའི་བསིལ་སྦྱིན་འོད་ཀྱིས་འཁྱུད་པ་ན།།
འོག་མིན་ཞིང་གི་རྒྱལ་སྲས་སྐར་ཚོགས་འབུམ།།
གཟིགས་མོར་ཕེབས་པས་ལྷ་ལམ་དོག་པོར་བགྱིས།།
འཛམ་གླིང་ཐ་གྲུ་ཡངས་པོའི་ཁྱོན་ཀུན་ལ།།
འཚེ་མེད་ཞི་བདེའི་དུང་དཀར་འབུད་བཞིན་དུ།།
ཐུབ་བསྟན་ནོར་བུའི་རྒྱལ་མཚན་སྒྲེང་བའི་ཚེ།།
གཡུ་འབྲུག་སྔོན་མོ་མཁའ་ལ་བགྲོད་པར་འགྲན།།
ཁྱོད་ཞབས་པད་མོ་འབར་མའི་རྒྱལ་པོ་ཡིས།།
བདུད་རྩིས་གཏམས་པའི་ཡོལ་གོར་ལེགས་མཆོད་པས།།
ཆེ་རྒུའི་སྙིང་ལ་ངོ་མཚར་འགྱུར་བག་དང་།།
ལྷ་ཆེན་རང་གི་སྲིད་ལ་སོམ་ཉིས་ཁེངས།།
འཇིགས་སྐྲག་འཐོར་རླུང་འཚུབ་མའི་དུས་འགྱུར་ཁྲོད།།
སྡུག་གི་ཆོ་ངེ་རླུང་ལ་བསྐུར་བའི་འབངས།།
ཐུགས་རྗེའི་གཟན་རས་སྐྱོབ་པའི་དགེ་སྦྱོང་དཔོན།།
ཕྱོགས་བཅུའི་རྒྱལ་བས་བསྟོད་པའི་རྔ་ཆེན་ལྡིར།།
རྒྱུ་འབྲས་ལྡོག་པའི་དུས་ངན་བྱེད་གཏེ་ཡིས།།
འབངས་མིའི་སྐྱིད་སྡུག་སྲང་མདའ་ཡོ་བ་ན།།
ལེགས་སྤེལ་ཉེས་བསུབ་ཟོལ་མེད་དྲང་སྲོང་གཏམ།།
སྨྲ་མཁན་ས་སྟེང་འདི་ན་ཁྱོད་མིན་སུ།།
རིགས་དང་ཁམས་དང་མོས་པ་གང་གཱའི་རྡུལ།།
མཐོ་འཚམས་ཚིག་མཚོན་རྡེག་དང་ཅོ་འདྲི་སོགས།།
གང་ལ་དམིགས་པའི་ཇི་སྙེད་འགྲོ་བ་ཀུན།།
བུ་ལྟར་བརྩེ་བ་རྒྱལ་སྲས་ཁྱོད་ལས་སུ།།
བདེན་རྫུན་ལྡོག་པའི་ཡ་ངའི་ལོ་ཟླ་རུ།།
བདེན་པ་རྫུན་ལས་རྒྱལ་བར་འགྱུར་རོ་ཞེས།།
ཁྱེད་ཀྱི་བཀའ་གསུང་སེང་གེའི་ང་རོ་སྒྲ།།
ད་དུང་མི་ཡི་ཡུལ་ན་ལྷང་ལྷང་གྲགས།།
བསླབ་གསུམ་ཚུལ་ཁྲིམས་གཙང་མའི་དབྱིག་འཛིན་ལྟོར།།
ལེགས་འཁྲུངས་མཁས་བཙུན་བཟང་པོའི་དཔག་བསམ་ལྗོན།།
ལྟ་སྒོམ་སྤྱོད་པའི་རྩེ་མོ་སྲིད་ན་མཐོ།།
ངོ་མཚར་རྒྱལ་བའི་མཆོད་ཡོན་སྲིད་གསུམ་རྒྱན།།
གཟུགས་སྐུའི་མྱུ་གུ་མདོ་སྨད་ཡུལ་དུ་འཁྲུངས།།
འཕྲིན་ལས་ཟེའུ་འབྲུ་དབུས་གཙང་ལྗོངས་སུ་རྒྱས།།
སྙན་གྲགས་བསུང་ཞིམ་འཛམ་གླིང་ཡོངས་ལ་ཁྱབ།།
སྔོན་མེད་ཨུ་དུམ་ཝ་ར་ཁྱོད་མིན་སུ།།
ཤེས་རབ་རྒྱ་མཚོའི་མཚན་གྱི་ཟློས་བརྗོད་ཚིག།
སྒྲོགས་པའི་བློ་གསལ་གཞོན་ནུའི་ཁ་རླངས་གིས།།
རྡུང་བའི་མཛད་བཟང་འཛམ་གླིང་ཅོང་ཆེན་སྒྲ།།
བསྐལ་བའི་མཐར་ཡང་འཇགས་པའི་དཔེ་མི་སྲིད།།
གང་གི་མཛད་འཕྲིན་ཆུ་གཏེར་ཆེན་པོའི་འཇིངས།།
མཁས་གྲུབ་ཀླུ་དབང་བྱེ་བའི་བློ་རྩལ་གྱིས།།
ཇི་བཞིན་མ་ཐིག་བཏང་སྙོམས་ཚུལ་མཛད་ན།།
བདག་བློ་གསེར་མིག་རྐྱལ་གྱིས་ག་ལ་ཆོད།།
འོན་ཀྱང་ཁྱོད་ཀྱི་ལེགས་བཤད་ཉི་མའི་ཟེར།།
བདག་བློའི་པད་མོའི་ཟེའུ་འབྲུར་ཟུག་པའི་མཐུས།།
བསུང་ཞིམ་མཆོད་པའི་ཡོན་དུ་ལྡང་བ་ནི།།
གངས་ལྗོངས་རིག་པའི་པད་ཚལ་རྒྱས་ཕྱིར་བསྔོ།།
ཞེས་པ་འདི་ནི་རང་རེའི་བོད་གངས་ཅན་གྱི་ཆོས་སྲིད་རིག་གནས་གང་ཅིར་མཛད་རྗེས་བསུབ་ཏུ་མེད་པ་བཞག་གནང་མཛད་པའི་མཁས་ཆེན་འགྲན་ཟླ་བྲལ་བ། དོན་ཀྱི་སླད་དུ་མཚན་ནས་སྨྲོས་ཏེ་༧ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་གི་མཛད་རྣམ་མདོར་བསྡུས་རིག་བྱེད་སྙན་ཚིག་གི་ཕྲེང་བ་ཐུང་ངུའི་ལམ་ནས་སྤེལ་བ་ཚེ་རབས་ནས་མགོན་པོ་གང་གིས་འབྲལ་མེད་རྗེས་སུ་འཛིན་ཅིང་གངས་ལྗོངས་རིག་པའི་སྐྱེད་ཚལ་སྐྱེས་སྟོབས་གཟི་དཔལ་ཉམས་པ་མེད་པའི་རྒྱུར་འགྱུར་བའི་སྨོན་པས་ཀུན་ནས་བསླངས་ཏེ་བྲིས་པ་དོན་ཡོད་པར་གྱུར་ཅིག།
རྩོམ་ཁུངས། ངེད་དྲ་བ།