སྟོན་པ་ཐུབ་པའི་དབང་པོ་ལ་ཟབ་མོ་རྟེན་འབྲེལ་གྱི་སྒོ་ནས་བསྟོད་པ།
གང་གིས་སྟོང་དང་རྟེན་འབྱུང་སྨྲ་བའི་འཇིགས་མེད་དབྱངས་ཀྱི་ང་རོ་ཡིས།།
སྲིད་པའི་རྨོངས་འཁྲུལ་འཛུམ་གྱིས་བསླུས་པའི་ངན་རྟོག་རི་དྭཊ་མ་ལུས་ཀུན།།
ཕམ་མཛད་ཞི་བསིལ་གངས་རིའི་སྤོ་ལ་གནས་བཅས་རྨད་བྱུང་ཤ་ར་བྷ།།
ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་མི་ཡི་སེངྒེ་དེ་ལ་འདུད།།
གང་གི་རླབས་ཆེན་ཚོགས་གཉིས་སྤྲིན་རུམ་ལས།།
སྟོང་ཉིད་འབྲུག་སྒྲ་དགོད་པའི་དབྱངས་སྙན་གྱིས།།
སྐལ་བཟང་མདོངས་མཐའ་མྱོས་པ་ལས་རྩོམ་པའི།།
ཕུལ་བྱུང་བསྔགས་པའི་གླུ་དབྱངས་འདི་ན་སྒྲོག།
རྨད་བྱུང་མཛད་པ་ཀུན་ལས་རབ་དང་ཕུལ།།
རླབས་ཆེན་གསུང་གི་མཛད་པ་ལས་རྩོམ་པའི།།
བསྟོན་ཅིང་བསྔགས་པའི་སྙན་སྒྲོགས་ངང་མོའི་གླུ།།
སྤེལ་བར་བྱེད་ལ་ཤེས་ལྡན་སུ་ཡིས་བཤུང༌།།
སྲིད་ལམ་འཁྱམས་པའི་མཐའ་དག་ལུས་ཅན་ཀུན།།
རྒུད་པའི་རྩ་བ་གཏི་མུག་མུན་པའི་གོས།།
གསལ་མཛད་རྟེན་འབྱུང་རིགས་པའི་གློག་གི་སྒྲོན།།
སྦར་བར་མཛད་ལ་ཁྱོད་མིན་གཞན་སུ་ཞིག།
དེ་སླད་མཐའ་དག་བློ་ལྡན་དྲན་དབང་འབུམ།།
རྨད་བྱུང་རྟེན་ཅིང་འབྲེལ་བ་འབྱུང་བའི་ལམ།།
ཁྱོད་ཀྱིས་བསྟན་པའི་ལེགས་བཤད་གནད་འདི་ལས།།
གཞན་དུ་གཡོ་སྙམ་བགྱིད་པར་མ་ལགས་སོ།།
གཞན་སྡེ་དངོས་སྨྲའི་ལུགས་སུ་འགལ་བ་དང༌།།
རྟེན་འབྲེལ་རྒྱུ་རྐྱེན་འདོད་ལ་མ་གྲུབ་པའི།།
ཟབ་བརླིང་ཆོས་ཀྱི་དེ་ཉིད་འབྱེད་པའི་འཕྲུལ།།
ཇི་བཞིན་མཁྱེན་ཏེ་འདོམས་པ་ཁྱོད་ཉིད་ཙམ།།
འཁོར་འདས་རང་བཞིན་སྟོང་པའི་ནམ་མཁའ་ལ།།
བྱ་བྱེད་སྤྲིན་གྱི་འཇུག་ལྡོག་འཐད་པའི་ཚུལ།།
འགལ་མེད་གཅིག་གྲོགས་གཅིག་ཏུ་ཤར་བའི་སྲོལ།།
ཁྱོད་ཉིད་ལས་གཞན་སྟོན་པ་གཞན་གྱིས་མིན།།
དེ་སླད་ཁྱོད་རྗེས་ཕྱོགས་པའི་སྲོལ་བཟང་ལ།།
རྟེན་འབྲེལ་སྟོང་པའི་དོན་དུ་འཆར་བ་དང༌།།
སྟོང་གཞི་གདོད་ནས་དབེན་པའི་མོ་གཤམ་བུ།།
མ་ཡིན་རང་བཞིན་གྱིས་ཀྱང་གྲུབ་པས་དབེན།།
ཕན་ཚུན་ཆ་དང་ཆ་ཅན་ལ་ལྟོས་པའི།།
ཆོས་ཀུན་ངོ་བོས་གྲུབ་པ་གདོད་མ་ནས།།
མེད་ཕྱིར་རྟེན་ནས་འབྱུང་བའི་དངོས་པོ་ལས།།
ཆོས་གཞན་ནམ་མཁའི་པདྨའི་དགའ་ཚལ་བཞིན།།
དེ་ལྟར་རྟག་ཆད་ལྟ་བའི་ངམ་གྲོག་ལས།།
སྲུང་བྱེད་སྟོང་དང་རྟེན་འབྲེལ་འགལ་མེད་ཀྱི།།
འཕྲུལ་ལམ་རྒྱུ་དང་འབྲས་བུའི་བྱ་བྱེད་ཚུལ།།
འཐད་པར་སྨྲ་བ་ཁྱོད་ཉིད་གཅིག་པུའི་སྲོལ།།
འདི་དོན་སྨྲ་བའི་རྒྱུ་ཚོགས་སྒྲུབ་པའི་སླད།།
བསྐལ་མང་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
མཐའ་བྲལ་ཡུམ་དོན་རྒྱ་མཚོའི་འཇུག་ངོགས་ལ།།
དཀའ་བ་ཕྲག་བརྒྱས་འབད་པ་ལྷུར་དུ་ལེན།།
དེ་ཡི་མཐུ་ལས་བདེན་ཞེན་རྒོལ་བའི་ཁྱུ།།
འབུམ་ཕྲག་ཅིག་ཅར་ཀླད་བུམ་འགེམས་པའི་འཕྲུལ།།
ཟླ་མེད་སྨྲ་བའི་སེངྒེའི་ང་རོ་ཡིས།།
ས་གསུམ་ཁྱོན་ཀུན་འདར་བའི་གཟི་བྱིན་འབར།།
ཡུམ་དོན་རྒྱ་མཚོའི་བཻཌཱུརའི་མེ་ལོང་ངོས།།
ཕྱི་རབས་གཞུང་འདི་བྱང་ཕྱོགས་དར་བའི་གཏམ།།
རྨད་བྱུང་ལུང་གི་རི་མོ་གསལ་བ་ལྟར།།
གངས་རིའི་མུ་ཁྱུད་མཛེས་པའི་རྒྱན་དུ་ལྷགས།།
ཚུལ་འདི་གང་གི་མཚན་དཔེའི་ཟླ་ཞལ་ལས།།
དྲུག་ཅུའི་དབྱངས་ཀྱི་ག་བུར་ཟེགས་མའི་རྡུལ།།
འཛད་མེད་དལ་གྱིས་འཐོར་བའི་ཚུལ་དྲན་ཞེས།།
འཇམ་མགོན་བླ་མས་ཡི་རང་མེ་ཏོག་འཐོར།།
གང་གི་རླབས་ཆེན་ལྟ་བའི་གངྒཱའི་རྒྱུན།།
མཐའ་བྲལ་དབུ་མའི་ལམ་གྱི་འཇུག་ངོགས་དངོས།།
ལོག་རྟོག་དྲི་མའི་ཆུ་ཡིས་སྦགས་པ་ན།།
བློ་བཟང་ཀེ་ཏ་ཀ་ཡིས་དྲུངས་པར་བྱས།།
ཇི་ལྟ་ཇི་ལྟར་ཁྱོད་ཀྱི་ལེགས་བཤད་ལ།།
ཡང་དང་ཡང་དུ་བརྩོན་ཞིང་འགྲུས་པ་ན།།
དེ་ལྟ་དེ་ལྟར་སྐྱོན་མེད་ཆོས་ཚུལ་ལ།།
མི་ལྡོག་དད་པའི་གོ་སྐབས་སླར་ཡང་རྙེད།།
དེ་ལྟར་བདེ་བར་གཤེགས་པའི་གསུང་གི་མཛོད།།
གཅིག་བསྡུས་སྙིང་པོ་རྟེན་འབྱུང་ལས་རྩོམ་པའི།།
བསྟོད་ཚིག་སྙན་སྒྲོག་ངང་མོའི་གླུ་དབྱངས་འདི།།
ཤཱཀྱའི་རྗེས་འབྲངས་དགེ་སློང་ཞིག་གིས་སྤེལ།།
ཚེ་རབས་ཀུན་ཏུ་འདི་ལྟའི་ལམ་བཟང་དང༌།།
དེ་ཉིད་བསྟན་པའི་ཐེག་མཆོག་བཤེས་ཀྱི་ཕུལ།།
མགོན་དུ་ཐོབ་སྟེ་བྱང་ཆུབ་སྒྲུབ་པ་ལ།།
བརྩོན་པས་འགྲོ་ཀུན་སྒྲོལ་པའི་དཔལ་ཐོབ་ཤོག།
རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌།།
རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌།།
བཀའ་སྡོད་ལེགས་ལྡན་ནག་པོའི་མཐུ་སྟོབས་ཀྱིས།།
ཇི་ལྟར་སྨོན་པའི་གནས་ཀུན་འགྲུབ་པར་ཤོག།
ཅེས་པ་འདི་ནི་དགེ་བའི་བཤེས་གཉེན་གྲགས་པ་ཤེས་རབ་མཆོག་གིས་ཚིག་ཉུང་ལ་དོན་བསྡུས་
པའི་སྒོ་ནས་སྟོན་པ་ཐུབ་པའི་དབང་པོ་ལ་ཟབ་མོ་རྟེན་འབྲེལ་ལས་རྩོམ་པའི་བསྟོད་
ཚིག་ཅིག་བྲིས་ཞེས་བསྐུལ་བ་ལྟར།གདན་ས་ཆེན་པོའི་རིགས་པ་སྨྲ་བའི་གྲལ་མཐའ་བ་སྒྲ་མིང་དབྱངས་ཅན་དགྱེས་པའི་བློ་
ལྡན་གྱིས་བྲིས་པ་དགེའོ།།
རྩོམ་ཁུངས། ངེད་དྲ་བ།