རྒྱལ་ཚབ་རྗེའི་བསྟོད་པ་རྣམ་དཔྱོད་ལང་ཚོ་མ།
༄༅།།རྣམ་དཔྱོད་ལང་ཚོ་དར་མའི་ལུས། །ཡོན་ཏན་རིན་ཆེན་དུ་མས་མཛེས། །ལེགས་བཤད་མིག་དཀྱུས་རིང་པོ་ཅན། །མཁས་པའི་ཡིད་འཕྲོག་ཁྱོད་ལ་འདུད། །ཡབ་རྗེ་དམ་པའི་བཀའ་ལུང་གིས། །དྲི་མེད་རིགས་པའི་ཅོད་པན་བཅིངས། །ཆོས་ཀྱིས་སྲིད་ལ་དབང་བསྐུར་བ། །རྒྱལ་ཚབ་དམ་པ་རྒྱལ་གྱུར་ཅིག །ཚངས་དང་སྐབས་གསུམ་དབང་པོ་སོགས། །མཐོ་རིས་མགོན་པོའི་གཙུག་རྒྱན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་པ། །ཁྱོད་ལ་བདག་ཅག་མངོནཔར་དད། །ཆེན་པོ་རྣམས་ཀྱང་མཆོད་པའི་གནས། །ཚོགས་ཀྱི་ནང་ན་མཁས་པའི་མཆོག །སྐྱོན་མེད་ཡོན་ཏན་ཀུན་ལྡན་པ། །ཁྱོད་ལ་སྙིང་ནས་སྐྱབས་སུ་མཆི། །བསྐལ་པར་གོམས་པ་ཁྱོད་ཀྱི་ཐུགས། །འགྲོ་ལ་བུ་གཅིག་ལྟར་དགོངས་པའི། །བྱམས་དང་སྙིང་རྗེའི་གཏིང་མཐའ་ནི། །རྒྱ་མཚོའི་དཔེ་ཡིས་ཉེ་བར་མཚོན། །འདི་ཀུན་བདག་གིས་བསྒྲལ་ལོ་ཞེས། །འགྲོ་ལ་ཕན་པའི་དམ་བཅའ་ཁུར། །ཤིན་ཏུ་ལྕི་བས་ནོན་ན་ཡང༌། །དུབ་པར་མ་གྱུར་ཨེ་མ་མཚར། །ཐབས་དང་ཤེས་རབ་གོམ་པའི་འགྲོས། །དྲང་པོའི་ལམ་དུ་བགྲོད་པ་ལས། །དམ་བཅའི་ཁུར་དེ་མཐར་ཕྱིན་པར། །གཟིགས་ནས་རྒྱལ་སྲས་ལམ་ལ་འབད། །ཡིད་འོང་ལུས་དང་ལོངས་སྤྱོད་རྣམས། །སློང་བའི་འགྲོ་ལ་མ་ཞུམ་པར། །སྦྱིན་པའི་ཕྱག་རིང་བརྐྱངས་ནས་ཀྱང༌། །ཕོངས་པ་རྣམས་ཀྱི་དབུགས་དབྱུང་མཛད། །ཕྱི་དང་ནང་གི་དངོས་པོ་ཀུན། །གཏོང་བ་འབའ་ཞིག་གོམས་པའི་བློས། །སེར་སྣའི་དྲི་མ་བཅོམ་པ་ལས། །ཕུན་ཚོགས་ཐམས་ཅད་སྤྲིན་བཞིན་འདུས། །ལེགས་སྤྱད་འབྱོར་པ་མི་དམན་པའི། །དལ་དང་འབྱོར་བའི་ཁང་བཟང་ལ། །བསླབ་གསུམ་ནོར་བུས་རབ་མཚན་པའི། །སྒྲུབ་པའི་རྒྱལ་མཚན་ལེགས་པར་གཙུགས། །མཛེས་ཤིང་ཡིད་འཕྲོག་བརྗིད་པའི་སྐུ། །ཧ་རི་ཙནྡན་ལྗོན་པའི་ཤིང༌། ། ཚུལ་ཁྲིམས་དྲི་ངད་ལྡང་བ་ཡིས། །ཡིད་ཀྱི་གདུང་བ་མ་ལུས་འཕྲོག །དཀའ་བ་བརྒྱ་ཕྲག་དུ་མས་ཀྱང༌། །མི་འཁྲུགས་བཟོད་པའི་གོ་ཆ་གྱོན། །ཁོང་ཁྲོའི་དགྲ་བོ་དྲུངས་ཕྱུང་ནས། །དུལ་བའི་དཔལ་དེ་ཁྱོད་ཀྱིས་བརྙེས། །ལེ་ལོའི་བུད་ཤིང་སྲེག་སླད་དུ། །བརྩོན་པའི་མེ་ཆེན་སྦར་བ་ཡིས། །ཉེས་པའི་ཚང་ཚིང་གཞན་དག་ཀྱང༌། །ངེས་པར་བཅོམ་འདི་རྨད་དུ་བྱུང༌། །བྱིང་རྒོད་རླུང་གིས་མི་གཡོ་བའི། །ཏིང་འཛིན་མར་མེ་གསལ་བ་ལ། །བརྟེན་ནས་ཆོས་ཀྱི་དེ་ཉིད་ནི། །ཤེས་རབ་མིག་གིས་མངོན་གསུམ་གཟིགས། །རྣོ་ཞིང་མྱུར་བ་ཟབ་པའི་བློས། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །མཁས་པ་ཞེས་བྱ་ཁྱོད་ཉིད་དེ། །གཞན་རྣམས་དེ་ལ་གཟུགས་བརྙན་ནོ། ༈ །འཇིག་རྟེན་མ་ལུས་བྱེད་པ་ལ། །བྱེད་པོ་མཁས་པར་གྲགས་ཀྱང་དེས། །ཁྱོད་དང་མཚུངས་པའི་མཁས་པ་གཞན། །བགྱིད་པར་ནུས་པ་མ་ལགས་སོ། །དྲི་མེད་རིགས་པའི་བྱི་དོར་གྱིས། །ཁྱོད་ཐུགས་དག་པ་མེ་ལོང་ལ། །ཤེས་བྱའི་གཟུགས་བརྙན་ཅིག་ཅར་དུ། །གསལ་ལ་མ་འདྲེས་རྫོགས་པར་ཤར། །ཁྱོད་ཀྱི་ཡེ་ཤེས་དུས་མཐའི་མེ། །ཆོས་དབྱིངས་མཁའ་ལ་འཕྱོ་བ་ན། །འདི་ཡིས་ངེས་པར་སྐེམས་སོ་ཞེས། །སྡུག་བསྔལ་རྒྱ་མཚོ་འདར་རམ་སྙམ། །མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཆོས་ཀུན་ཁོང་དུ་ཆུད་པས་ན། །ཤེས་བྱའི་ཁྱོན་ལས་ཉིད་ཀྱི་ཐུགས། །ངེས་པར་ཡངས་པ་ལགས་སམ་སྙམ། །རྒོལ་བའི་དཀྱིལ་འཁོར་ལགས་བཤམས་པའི། །མཁས་པའི་མདུན་སར་མགོན་པོ་ཁྱོད། །ཆོས་བཀའ་རྒྱ་ཆེན་སྒྲོག་པ་ལ། །མི་འཇིགས་སེང་གེའི་ཁྲི་ལ་དབང༌། །བློ་མིག་བྲལ་ཡང་མཁས་རློམ་པའི། །ཕས་རྒོལ་མཐའ་དག་ཁྱོད་དྲུང་ན། །ཚིག་གི་འཁར་བ་འཁྱོར་བཞིན་དུ། །རྩོད་པའི་གོམ་པ་གྱ་ཚོམ་འདོར། །རིགས་གཞུང་ཆུ་གཏེར་ལས་འཐོན་པའི། །གང་གི་བློ་གྲོས་རི་དབང་ནི། །ཕ་རོལ་རྒོལ་བའི་རླུང་ཤུགས་ཀྱིས། །ཅུང་ཟད་ཙམ་ཡང་བསྐྱོད་པ་མིན། །མགོན་ཁྱོད་གདུལ་བྱའི་འཇིག་རྟེན་ལ། །ཉིན་བཞིན་ལེགས་བཤད་འདོམས་པ་ནི། །སངས་རྒྱས་རྣམས་ཀྱི་འཕྲིན་ལས་བཞིན། །ནམ་ཡང་དུས་ལས་འདའ་མི་སྲིད། །དཔལ་ལྡན་ཕྱོགས་ཀྱི་རི་མོ་མཁན། །གདུལ་བྱའི་ཡིད་ཀྱི་རྩིག་ངོས་ལ། །རྣམ་དཔྱོད་པིར་གྱི་རྩེ་མོ་ཡིས། །ལེགས་བཤད་རི་མོ་ཅིར་ཡང་འབྲི། །སངས་རྒྱས་ཉིད་དུ་བགྲོད་པ་ལ། །གྲངས་མེད་གསུམ་ལ་མི་བལྟོས་པའི། །རྡོ་རྗེ་ཐེག་པ་ཉེ་བའི་ལམ། །རྒྱལ་བའི་དགོངས་པ་ཁྱོད་ཀྱིས་རྙེད། །རྣམ་དག་དབང་གིས་རྒྱུད་སྨིན་ཅིང༌། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༌། །རིམ་གཉིས་ཟབ་མོ་མཐར་སོན་པ། །གོ་འཕང་མཆོག་ཏུ་གྱུར་ལ་འདུད། །དེ་ནས་སྐལ་བཟང་གདུལ་བྱ་ལ། །ཆོས་ཀྱི་བདུད་རྩིའི་བགོ་སྐལ་བྱིན། །རྨོངས་པའི་དྲི་མ་མ་ལུས་བཀྲུས། །མཚུངས་པ་མེད་པའི་བཀའ་དྲིན་མཛད། །ཤེས་བྱ་ཀུན་ལ་མངའ་བསྒྱུར་ཀྱང༌། །སྙིང་རྗེའི་གཞན་དབང་གྱུར་པ་ཁྱོད། །སྲིད་པ་ཇི་སྲིད་གནས་ཀྱི་བར། །གཞན་གྱི་དོན་ལ་བརྩོན་པ་ལགས། །དེ་ཕྱིར་རྒྱལ་བའི་བསྟན་པ་ལ། །བགྱི་པར་འོས་པ་ཀུན་མཛད་པ། །མཉམ་མེད་ཐུགས་རྗེའི་གཏེར་ཆེན་ལ། །རྣམ་པ་ཀུན་ཏུ་ཕྱག་བགྱིའོ། །གང་གི་ཡོན་ཏན་ཆུ་གཏེར་ལས། །ཐིགས་པའི་ཆ་ཙམ་འཐུངས་པས་ཀྱང༌། །དད་པའི་སྤུ་ལོང་ཆེར་གཡོས་ཏེ། །
གུས་པའི་ཚིག་འདི་གསོལ་བ་ལགས། །དྲི་མེད་སྟོན་ཀའི་ཟླ་ཟེར་ལྟར། །མཆོག་ཏུ་དཀར་བའི་དགེ་བ་འདིས། །མགོན་པོ་ཁྱོད་ཀྱི་ཞབས་དྲུང་དུ། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག །ཁྱོད་ཀྱི་ཞལ་གྱི་བུམ་བཟང་ལས། །ལེགས་འོང་ལེགས་བཤད་བདུད་རྩིའི་རྒྱུན། །མ་ལུས་དད་པའི་སྙིམ་པ་ཡིས། །ངོམས་པ་མེད་པར་འཐུང་བར་ཤོག །རྒྱལ་བའི་གསུང་གི་གཅེས་པའི་མཛོད། །མཐའ་དག་རྒྱལ་བའི་དགོངས་པ་བཞིན། །ཉམས་པ་མེད་པར་འཛིན་པ་ལ། །འཇམ་པའི་དབྱངས་སུ་བདག་གྱུར་ཅིག །སྐུ་ལ་མཚན་དཔེའི་དཔལ་འབར་ཞིང༌། །གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན། །ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར། །དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག །འདི་པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པའོ།། །།
རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།