ཞིང་འདིའི་སྟོན་མཆོག་ཐུབ་པའི་དབང་བོ་ལ་བསྔགས་པ་ཡིད་ཆེས་དད་པའི་གླིང་བུ་ཞེས་བྱ་བ།
༄༅།། ན་མོ་གུ་རུ་ནཱིརྨ་ཀཱ་ཡ་མ་ཧཱ་མུ་ན་ཡེ། སྲིད་ཞི་ཀུན་ཁྱབ་ཕྱོགས་དུས་ཀུན་འགྲོ་བའི། །དཔེ་བྲལ་རྒྱལ་ཀུན་དབྱིངས་དང་གཅིག་འཁྱིལ་ཡང༌། །ཞིང་འདིར་ལྷག་པར་ཐུགས་བརྩེས་བཟུང་བའི་མཐུ། །རྣམ་འདྲེན་སྟོང་ལས་པད་དཀར་ལྟར་བསྔགས་རྒྱལ།།སྔོན་ཚེ་བདེ་གཤེགས་དབང་པོའི་ཏོག་ལ་སོགས། །རྐང་གཉིས་གཙོ་བོ་སངས་རྒྱས་འཕགས་པའི་ཚོགས། །གངྒཱའི་བྱེ་སྙེད་ཚུལ་འཛིན་མཐའ་ཀླས་འགྲོ། །སྒྲོལ་པའི་དེད་དཔོན་ཆེན་པོར་སྟོན་ལ་འདུད།།དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཡི། །སྤྱན་སྔར་མི་མཇེད་ཞིང་གི་གདུལ་བྱའི་ཕྱིར། །སྙིང་རྗེའི་གཞན་དབང་གྱུར་པའི་སྨོན་ལམ་གྱིས། །དམ་བཅའ་ལྔ་བརྒྱའི་གོ་ཆ་བཞེས་ལ་བསྟོད།།མཚན་གྱི་ཉི་མས་ལས་སྒྲིབ་མུན་སེལ་ཞིང༌། །བདུད་རིགས་དཔའ་བཀོང་མི་འཁྲུག་རྒྱལ་བ་དང༌། །སྐུ་ཚེ་འོད་སྣང་འདུས་པ་དཔག་མེད་པའི། །མཚན་ཐོས་བདེ་ཆེན་ཞིང་འདྲེན་མགོན་པོ་རྣམས།།ཞིང་བཀོད་འཛིན་པའི་སྨོན་ལམ་བསྐུལ་བས་མཚོན། །ད་ལྟ་ཕྱོགས་བཅུའི་ཞིང་གི་རྫོགས་སངས་རྒྱས། །སངས་རྒྱས་སྤྱན་གྱིས་གཟིགས་ཀུན་མགོན་ཁྱོད་ཀྱིས། །སྨིན་པར་མ་མཛད་མེད་པའི་ཕྲིན་ལས་མངའ།།རྣམ་དག་དགའ་བ་བརྒྱ་ལྡན་སྐྱེད་ཚལ་ལས། །འཕོས་ཏེ་དམ་པ་ཏོག་དཀར་རི་བོང་འཛིན། །ཤཱཀྱའི་རིགས་འཚོལ་རྩེ་དགའི་ཁྲུས་ཞུགས་གནས། །འཇམ་དཔལ་དཔའ་བོ་ཟས་གཙང་མི་དབང་བརྟན།།མངོན་བྱང་ལྔ་རྫོགས་མཚན་དཔེའི་ཉིན་མོར་བྱེད། །ཤེས་བྱའི་བཟོ་རིགས་བཅུ་ཕྲག་སུམ་ཟུང་བཞི། །མཁྱེན་དཔྱོད་མེ་ལོང་རིང་ནས་གསར་བའི་གཟུགས། །མཐོང་བས་མཁས་མང་ཡིད་འཕྲོག་ལྷ་ཡི་ལྷ།།དོན་ཀུན་གྲུབ་པའི་རྒྱལ་པོའི་མཚན་སྙན་བསྒྲགས། །འདོད་སྲེད་འཆིང་བས་བཏང་ཡང་ཐབས་མཁས་དང༌། །ངེས་དོན་རྡོ་རྗེ་བཙུན་མོ་གོ་ལའི་དབུས། །ཞིང་གི་དཔལ་མོ་བརྒྱད་ཅུ་ཁབ་བཞེས་ཏེ།།ཆགས་ཆེན་སྤྱོད་པས་ས་བཅུ་རྫོགས་པར་མཛད། །ངེས་པར་འབྱུང་བའི་རྐྱེན་བཞིས་རྒྱལ་ཁབ་དབྱུང༌། །ཤིན་ཏུ་སྤྲོས་མེད་སྤྱོད་པས་ལོ་དྲུག་ཏུ། །དཀའ་སྤྱད་གདུང་བ་བཟོད་པའི་གོ་ཆ་ལ།།ཕྱོགས་བཅུའི་བདེ་གཤེགས་དགྱེས་ནས་འཚང་རྒྱ་བསྐུལ། །བྱང་ཆུབ་སྙིང་པོར་གཤེགས་ཚེ་དགའ་མོ་དང༌། །དགའ་སྟོབས་ཞིང་པའི་བུ་མོས་བ་མཆོག་གི །ཟས་དང་བཅས་པའི་སྙོམས་འཇུག་ཉེ་རྒྱུ་ཡིས།།མངོན་འཚང་རྒྱ་བར་བཞེད་པའི་ངོ་མཚར་བསྟན། །ཡིད་སྲུབ་མི་འཁྲུགས་ཁྲག་ཁྲིག་གཅིག་གི་དཔུང༌། །སྒྲོལ་མ་བཞད་པ་བརྒྱད་དང་མི་གཡོ་བས། །བདུད་ཀྱི་བུ་མོ་རབ་བཀྲམ་ཆགས་ཆེན་གྱིས། །བསྐུལ་ནས་མངོན་འཚང་རྒྱས་པས་སྒྲིབ་ཀུན་བཅོམ།།སྙིང་རྗེ་བརྩེ་ཆེན་རི་དྭགས་གཟུགས་བཀྲ་ཞིང༌། །གྲངས་མེད་གསུམ་གྱི་ཆ་ཤས་ལེགས་རྫོགས་ནས། །རྣམ་འདྲེན་བཞི་པའི་བདུད་རྩིའི་དཀྱིལ་འཁོར་གྱིས། །ལྔ་བརྒྱའི་གདུང་བ་བསྙིལ་པའི་དགེ་མཚན་འཆར།།གཏིང་མཐའ་མི་མངོན་འཁོར་མཚོར་བྱིང་པའི་འགྲོ། །འཁོར་ལོ་གསུམ་གྱི་རིན་ཆེན་གྲུ་ཡི་མཐུས། །ཐར་དང་ཐམས་ཅད་མཁྱེན་པའི་ནོར་བུའི་གླིང༌། །འགོད་པའི་ཕྲིན་ལས་ཚད་དང་བསམ་ལས་འདས།།ལོག་རྟོག་རིག་པས་རྒོལ་བརྩམས་མུ་སྟེགས་དཔུང༌། །ངོ་མཚར་ཆོ་འཕྲུལ་མཉན་ཡོད་ནས་བསྟན་ཏེ། །ལྷ་མིའི་དད་པའི་འདབ་བརྒྱ་གྲོལ་ཆེས་པས། །ནག་ཕྱོགས་སྐྱེངས་དང་གཟི་བརྗིད་མགོ་འཕང་སྨད།།སྐྱེ་ཤི་ལས་འདས་དབྱིངས་སུ་སྙོམས་ཞུགས་ཀྱང༌། །དཀར་པོའི་ཆོས་རབ་སྤེལ་བའི་རིང་བསྲེལ་གྱིས། །འགྲོ་ཀུན་སྒྲོལ་ལ་ཁྱོད་དང་མཚུངས་པ་ཡི། །གོ་འཕང་རྟེན་འདིར་ལོངས་སུ་སྤྱོད་གྱུར་ཅིག།
རྩོམ་ཁུངས། ཞེ་ཆེན་དགོན་པའི་སྤྱི་སྟེགས།