ཀུན་མཁྱེན་སངས་རྒྱས་གཉིས་པ་རྒྱལ་པ་ཀློང་ཆེན་རབ་འབྱམས་ཀྱི་རྣམ་པར་ཐར་པ་མདོར་ཙམ་བརྗོད་པ་ཚོགས་གཉིས་གྲུ་ཆར་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

སྟོང་འཇམ་ཤེར།(ཆབ་མདོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-06-09
ན་མོ་གུ་རུ་པདྨ་བཛྲ་ཡེ།
 
མཐའ་ཡས་སྤྲོས་པའི་མཐའ་ལས་ངེས་གྲོལ་ཡང་དག་ཞི་བའི་དབྱིངས་སུ་གཤེགས། །
རང་བྱུང་ལྷུན་གྲུབ་རང་རིག་ཡེ་ཤེས་མཆོག་ལ་མངའ་བརྙེས་འགྱུར་མེད་གཤིས། །
ཆོས་ཀུན་རང་ཤར་ཆོས་སྐུར་རྫོགས་པའི་དགེ་ལེགས་འབུམ་ཕྲག་འབྱེད་པའི་གཉེན། །
གདོད་ནས་དག་པ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོར་ཕྱག་བགྱི་འོ། །
 
བསོད་ནམས་ཆུ་གཏེར་ཆེ་ལས་ཉེར་འཁྲུངས་ངོ་མཚར་འདབ་སྟོང་གྲོལ་བའི་གདན་ལ་མི་འཇིགས་ཞབས་ཟུང་བསྣོལ་བའི་ངང་ཚུལ་གྱིས། །
ངོ་མཚར་དབྱངས་བདུན་རླབས་ཀྱིས་ཉེར་སྐྱོད་དགེ་ལེགས་བསིལ་བ་གྲངས་མེད་འཛགས་པའི་འཕྲིན་ལས་སོར་གདུབ་རྣམ་ཀུན་འགུལ་བའི་སྒྲ། །
ཕྱོགས་མེད་གདུལ་བྱའི་ཁམས་ལ་ཉེར་མཆེད་དག་དང་མ་དག་འགྲོ་བའི་ནགས་ཀློང་རྣམ་དཀར་སྙུ་གུ་འབུས་པའི་གཉེན་གྱུར་མོ། །
དད་གསུམ་དར་དཀར་རྒྱང་དུ་བསྲིངས་ཏེ་གསོལ་འདེབས་ངག་གི་རོལ་མོ་འདིར་དགོངས་སྡེབ་ལེགས་ཚིག་གི་དཔལ་རྣམས་འདིར་སྩོལ་ཅིག །
 
སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་འོ་མཚོ་རྒྱས་པ་ལས། །
བྱུང་བའི་རྒྱལ་སྲས་ཟླ་གཞོན་འཛུམ་པའི་འོད་དཀར་ཅན། །
རྒྱལ་བ་གཉིས་པ་ཐོད་ཕྲེང་རྩལ་དང་མཁའ་སྤྱོད་ཀྱི། །
མཁའ་འགྲོ་ཚོགས་བཅས་གུས་པས་འདུད་དོ་དགེ་ལེགས་སྩོལ། །
 
གང་གི་ཐུགས་རྗེ་གསེར་གྱི་ཞགས་བཟང་གིས། །
ཉེར་བཟུང་སྐལ་ལྡན་སྨོན་ལམ་དུས་སྨིན་པས། །
ཟབ་གཏེར་འདོད་པའི་སྒོ་འཕར་ཅིག་ཆར་དུ། །
འབྱེད་པའི་རྟོགས་ལྡན་ཀུན་མཁྱེན་བླ་མར་འདུད། །
 
མཚུངས་མེད་ཐུགས་བསྐྱེད་ཟླ་བ་འཛུམ་པའི་རླབས། །
གདུལ་བྱའི་བསོད་ནམས་རྒྱ་མཚོ་མཐའ་ཡས་པར། །
འཆར་བའི་ངང་ཚུལ་མཐའ་ནི་རྒྱལ་རྣམས་ཀྱིས། །
དུས་གསུམ་བརྗོད་ཀྱང་རྫོགས་པར་ནུས་མི་འགྱུར། །
 
འོན་ཀྱང་འདི་ན་དད་གསུམ་ངག་གི་རླབས། །
མགྲིན་པ་གསེར་གྱི་ཡུར་བ་ལས་འཛགས་པའི། །
ཚུལ་ལ་བདག་ཀྱང་ཅུང་ཙམ་མོས་པའི་བློས། །
ཀུན་ནས་བསླངས་ཏེ་མདོར་ཙམ་བྲི་བར་བྱ། །
 
རྩེ་གཅིག་འདུན་པའི་སོར་རྩེ་ལས་བྱུང་བའི། །
ངག་རིག་མེ་ཏོག་ཚོགས་ཀྱིས་མཆོད་བགྱིད་ན། །
རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་མེད་པར། །
འགྱུར་བའི་ཚིག་གི་བདེན་གཏམ་དེ་ཐོས་ཏེ། །
 
དེའི་ཕྱིར་རྟོགས་བརྗོད་མེས་པོའི་རལ་ཀླུང་ཆེར། །
ཅུང་ཟད་འཐུངས་བའི་སྐལ་བཟང་ལང་ཚོ་ཅན། །
ངག་རིག་དྲང་སྲོང་མགྲིན་པ་གཡས་འཁྱིལ་ལས། །
སྡེབ་ལེགས་རླབས་ཀྱི་ཕྲེང་བ་འགོག་པ་མེད། །
 
ངོ་མཚར་དབྱངས་བདུན་ངག་ལ་ཆགས་པའི་སྡེ། །
དབྱངས་ཅན་པད་དཀར་འཛུམ་པའི་ཁ་སྒོ་ལས། །
བྱུང་བའི་སྙན་འགྱུར་སྦྲང་མའི་གླུ་དབྱངས་ཅན། །
རྟོགས་བརྗོད་དྲི་ཟའི་རྒྱང་གླུ་བདག་གིས་ལེན། །
 
མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མ་དེས། །
སྐྱེ་རབས་ཕྲེང་བ་མུ་ཏིག་འཛུམ་པའི་སར། །
བྱིན་རླབས་གྲུ་ཆར་གྲངས་མེད་ཕབ་པའི་སྡེ། །
གཏེར་ཆེན་དྲི་མེད་འོད་ཟེར་ཞེས་སུ་གྲགས། །
 
གང་འདི་སྔོན་ཚེ་བསྐལ་བ་དཔག་མེད་སྔོན་རོལ་ཏུ། །
གདོད་མའི་མགོན་པོ་ཀུན་ཏུ་བཟང་དང་དབྱིངས་རིག་གི །
མ་བུ་གཅིག་འདྲེས་མི་འགྱུར་རྡོ་རྗེའི་ཆོས་ཉིད་ཅན། །
རྒྱལ་ཐབས་ཆེ་དེར་ཞབས་ཟུང་རི་མོ་བཀོད་པའི་རྗེས། །
 
རྒྱལ་བ་རྣམས་ནི་གཞན་ཕན་སྙིང་རྗེ་ཡུན་རིང་གོམས་པའི་མཐུས། །
མ་རིག་མཚོ་མོའི་འཇིངས་ལ་གནས་བཅས་གྲངས་མེད་འགྲོ་བ་རྣམས། །
འཕྲིན་ལས་གསེར་གྱི་གྲུ་གཟིངས་ལ་བརྟེན་རྣམ་གྲོལ་ཞི་བའི་སར། །
འདྲེན་ཕྱིར་སྣ་ཚོགས་སྤྲུལ་པའི་ཟློས་གར་སྲིད་འདིར་ཅི་ཡང་བསྒྱུར། །
 
གྲངས་མེད་བསྐལ་བའི་སྔོན་རོལ་ཤིག་ཏུ་ལྷོ་ཕྱོགས་རྒྱ་མཚོ་རླུང་གི་ནི། །
བཀོད་པའི་རི་མོ་མཐའ་ཡས་དག་གིས་ཉེ་བར་བསྲུབས་པའི་དགའ་སྟོན་ལས། །
བྱུང་བའི་ལྷ་མོ་ཟླ་བའི་མདངས་འཛིན་ཚངས་སྲས་ངག་གི་དཔལ་མོ་ཞེས། །
ཕྱི་ནང་སྐྱེ་བོས་ཞབས་ཀྱི་པདྨོ་ལེགས་པར་བླངས་པའི་ངོ་མཚར་རྫོགས། །
 
ཐུབ་པའི་ཞབས་ཟུང་མེ་ཏོག་གིས། །
ལེགས་པར་བརྒྱན་པ་འཕགས་ཡུལ་གྱི། །
པཎ་གྲུབ་བྱེ་བའི་གཙུག་རྒྱན་དུ། །
ཞི་བའི་ལྷ་ཡི་སྐྱེ་རབས་བཟུང་། །
 
ལྷོ་ཕྱོགས་ཚངས་པའི་གྲོང་ཁྱེར་ཆེ། །
ལི་ཡུལ་ཞེས་བྱའི་དགེ་ལེགས་ཅན། །
ཡུལ་དེར་མ་ཧཱ་མུ་དྲ་ཞེས། །
གྲགས་པའི་པཎ་ཆེན་གཅིག་ཆོད་བྱུང་། །
 
ཀསྨི་ར་ཡི་སློབ་དཔོན་ཆེ། །
བི་མ་མུ་དྲའི་མཚན་ཡིག་ཅན། །
ཐུབ་བསྟན་སྐྱོང་ལ་ཟླ་མེད་པ། །
བྱུང་བའི་གཏམ་གྱིས་ས་གསུམ་འདར། །
 
དགེ་ལེགས་མེ་ཏོག་ཕྱོགས་སུ་འཛུམ་པའི་བསིལ་ལྡན་གངས་རིའི་སྨན་ལྗོངས་སུ། །
གང་དེའི་རྣམ་སྤྲུལ་བརྒྱ་ཕྲག་ལོ་ཡི་མཚམས་སུ་འབྱུང་ཞེས་བསྔགས་པ་ལྟར། །
ཐུབ་པའི་བསྟན་ལ་ཐུབ་དབང་ཇི་བཞིན་ངོ་མཚར་མཛད་བཟང་ཕུལ་བྱུང་བ། །
གནས་བརྟན་ཆེན་མོ་ལྡང་མ་ལ་སོགས་ཇི་སྙེད་བྱོན་རྣམས་གང་དེའི་འཕྲུལ། །
 
མཁྱེན་དང་བརྩེ་བ་འབུམ་ཕྲག་མཐར་ཕྱིན་པའི། །
འཕྲིན་ལས་ཟླ་གཞོན་འཛུམ་པའི་ལང་ཚོ་ནི། །
གདུལ་བྱའི་བསོད་ནམས་ཆུ་སྣོད་མཐའ་ཡས་པར། །
ཅིག་ཆར་འཆར་བའི་ངོ་མཚར་བརྗོད་མི་ལངས། །
 
གདོད་ནས་དག་པ་ཞི་བ་ཆེན་པོའི་གཞི་ཀློང་དུ། །
མ་བྱས་རང་བྱུང་གཤིས་ཀྱི་ཁྲི་ལ་དབང་བསྒྱུར་ཀྱང་། །
ཇི་སྙེད་འགྲོ་བས་བདེ་སྡུག་ཆུ་ཀློང་བརྒལ་བའི་ཕྱིར། །
རྨད་བྱུང་ཐུགས་བསྐྱེད་འདྲེན་པ་གཞན་ལས་མངོན་པར་མཐོ། །
 
དེ་ལྟའི་སྐྱེ་རབས་སྣ་ཚོགས་མུ་ཏིག་ཕྲེང། །
དག་དང་མ་དག་གནས་སུ་འཐོར་བའི་ཚུལ། །
བརྗོད་པའི་ཚུལ་ལ་རྒྱལ་རྣམས་ངལ་གྱུར་ན། །
འཁོས་ཞན་བདག་འདྲས་ཡོངས་རྫོགས་ག་ལ་ཡིན། །
 
འོན་ཏེ་འདི་ན་བསོད་ནམས་དར་དཀར་གྱིས། །
བཅིབས་པའི་གང་གི་སྐྱེ་བའི་ཕྲེང་རབས་ཀྱི། །
ངོ་མཚར་གཏམ་འགའ་རང་གི་བགོ་སྐལ་དུ། །
བླངས་ཏེ་བརྗོད་པའི་སྐལ་བཟང་བདག་གིར་བྱས། །
 
དེས་ན་གདུལ་བྱའི་མོས་བློ་མེ་ལོང་གི །
ངོས་སུ་ཤར་བའི་སྐྱེ་རབས་རྒྱུ་སྐར་ཕྲེང་། །
ཡོངས་སུ་གྲགས་པའི་ཚུལ་རྣམས་འདི་འོ་ཞེས། །
སྙན་འཇེབས་ཚིག་གི་ལམ་ནས་ཉུང་གསལ་བྱ། །
 
འཕགས་པའི་ཡུལ་ཞེས་ཆོས་ཀྱི་ཚོང་བརྡལ་བའི། །
བྱང་ཕྱོགས་གངས་ཅན་ཁ་བའི་འཇིག་རྟེན་དུ། །
མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི །
ལྕམ་མོ་པདྨ་གསལ་ཞེས་གྲགས་པ་གང་། །
 
དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་བས། །
མ་འགག་རང་རྩལ་རོལ་བ་སྣ་ཚོགས་བཅས། །
བདེ་ཆེན་ཆེན་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི། །
ལས་ཀྱི་ཕྱག་རྒྱར་གྱུར་པའི་སྐལ་བཟང་ཅན། །
 
མངའ་བདག་མྱང་ཞེས་གྲུབ་རིག་འཛིན་པའི་སྡེ། །
གང་དེའི་ཐབས་ཤེས་འཕྲུལ་གྱིས་དགའ་བཞི་ཡི། །
ཡེ་ཤེས་འདྲེན་པའི་གྲོགས་གྱུར་རིགས་མ་ནི། །
སངས་རྒྱས་བསྐྱེད་ཅེས་བྱ་བའི་གར་དུ་རོལ། །
 
ཟབ་གཏེར་འདོད་པ་འཇོ་བའི་དགེ་ལེགས་ཅན། །
རྨད་བྱུང་རྟགས་ཀྱི་ངོ་མཚར་ཡོངས་སུ་རྫོགས། །
གུ་རུ་གར་དབང་ཆོས་ཀྱི་དབང་ཕྱུག་སྡེའི། །
རྫོགས་ཆེན་རང་ངོ་འཕྲོད་པའི་ལས་རྒྱར་བཞེངས། །
 
དཔལ་ལྡན་རྡོ་རྗེ་སྨྱོས་རིག་འཛིན་དབང་གི །
སྔགས་པ་རིན་ཆེན་གྲགས་ཞེས་ཡི་དམ་གྱི། །
དགྱེས་ཞལ་ཟླ་བའི་འཛུམ་དཀར་གྲངས་མེད་དུ། །
མཐོང་བའི་ལས་ཅན་གང་དེའི་སྐུ་སྐྱེར་གྲགས། །
 
བླ་མེད་མཛད་པའི་ངོ་མཚར་འབུམ་ཕྲག་གིས། །
བདེ་གཤེགས་དག་ཀྱང་སྐྱེངས་པའི་ངང་ཚུལ་ཅན། །
ཀློང་ཆེན་པ་ཞེས་གྲགས་པའི་བདེ་གཤེགས་དེའི། །
སྔ་མའི་སྐྱེ་རབས་གསེར་གྱི་ཉི་གཞོན་ནི། །
 
སློབ་དཔོན་ཆེན་པོའི་བཀའ་ཡི་ཐང་ཡིག་ཅེས། །
གྲགས་པའི་ལུང་གི་སྐུད་པས་ཉེར་བཟུང་བའི། །
མངའ་བདག་སྲས་མོ་རྟོགས་པ་མཐའ་ཡས་མ། །
རིན་ཆེན་ཚུལ་རྡོར་ཞེས་སུ་གྲགས་པ་བྱུང་། །
 
དེ་ཡང་ཡུལ་བཟང་དྭགས་ལུང་འབྲིང་ཐང་གི །
ཀོ་རི་བྲག་དམར་མཚོན་རྩེའི་གཟེངས་ཞོལ་དུ། །
དྲི་མེད་མྱང་རིག་འོ་མའི་མཚོ་ཆེན་ལས། །
ལྕགས་མོ་ཡོས་ལ་ལང་ཚོའི་འཛུམ་དཀར་གྲོལ། །
 
གང་དེའི་མཛད་བཟང་ཟླ་བ་ཞུན་མའི་ཆབ། །
འགྲོ་བའི་མོས་བློ་པད་དཀར་འཛུམ་པའི་སར། །
དྲངས་པའི་དགེ་ལེགས་བྱེ་བ་ས་ཡའི་གྲངས། །
སྔོན་བྱུང་གཏམ་གྱི་ཚལ་ལས་ཅི་ཡང་མཐོང་། །
 
སྣ་ཚོགས་ཕན་བདེའི་དངོས་རྣམས་འཛགས་པའི་ཡུལ། །
གཏེར་ཆོས་གྲངས་མེད་འདོན་པའི་སྐལ་བཟང་དུ། །
རིན་ཆེན་གླིང་པས་ལུང་གིས་དབུགས་དབྱུངས་ཤིང་། །
མཁའ་འགྲོ་དགྱེས་པའི་བརྡ་གླུ་ཚོགས་ཀྱིས་བསྐུལ། །
 
ཉེར་གསུམ་སྐུ་ན་ཉི་ཟླའི་འགྲོས་རྩལ་བཅས། །
ལྡང་ལྷ་ཕྲ་མོའི་བྲག་རི་ངོས་བཟང་ལས། །
སྐལ་ལྡན་འགྲོ་རྣམས་དགའ་བའི་དགའ་སྟོན་དུ། །
དྲངས་པའི་གཏེར་ཆོས་རིན་ཆེན་ཕུང་པོ་ནི། །
 
བླ་མ་སྤྱི་འདུས་འཁོར་ལོ་ངོ་མཚར་ཅན། །
ཚེ་སྒྲུབ་རིན་ཆེན་འོད་ཟེར་ཕྲེང་བ་ཅན། །
ཕྱག་རྡོར་དྲེགས་འདུལ་དྲག་པོའི་འཕྲིན་ལས་ཅན། །
རྟ་མགྲིན་གཉེན་པོ་ལྷ་གསུམ་འདུས་པའི་ཆོས། །
 
གཟའ་རྒོད་ནག་པོ་དུག་གི་སྤུ་གྲི་ཅན། །
ལྷ་ཆེན་འགྲན་མེད་རླུང་གི་ཞགས་པ་ཅན། །
གཤིན་རྗེ་ཁ་ལ་རྒྱས་འདེབས་ཀྱིས་མཚོན་པ། །
ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་ལ་སོགས་པ། །
 
ཟབ་ཆོས་མཐའ་དག་གཏེར་ནས་བཏོན་པའི་ཚེ། །
ཤར་གཏེར་མི་འཛད་ནོར་གྱི་བདག་པོ་ཆེར། །
གྲགས་པའི་གསང་མཚན་པདྨ་ལས་འབྲེལ་རྩལ། །
མཚན་གྱི་ཡི་གེས་སྲིད་པ་གསུམ་པོར་ཁྱབ། །
 
དེ་ལས་གང་འདིར་སྐྱེ་བའི་མེ་ཏོག་ཕོན་པོ་ཇི་ལྟར་བཞད་པའི་ངོ་མཚར་གཏམ་གྱི་མཛོད། །
སྒོ་མོ་ཕྱེས་ན་སྒྲ་ནི་ཐལ་འགྱུར་རྩ་བའི་རྒྱུད་ལས་དགའ་རབ་ནས་བཟུང་རིམ་བཞིན་དུ། །
ལུང་གིས་ཟིན་པའི་གསེར་ཡིག་ལ་འཁོད་དེའི་འོག་བློ་གྲོས་མཆོག་གིས་འཛིན་པར་འགྱུར་རོ་ཞེས། །
ཆེས་གསལ་མཚན་གྱི་འདབ་སྟོང་གྲོལ་བའི་ངོ་མཚར་དུས་གསུམ་རྒྱལ་བ་དག་གི་གཟིགས་མོར་གྱུར། །
 
དུས་གསུམ་རྒྱལ་བའི་ཡེ་ཤེས་ཉི་མའི་ཁམས། །
གཅིག་བསྡུས་རྒྱལ་སྲས་མཚོ་སྐྱེས་རྡོ་རྗེ་ཡི། །
བཀའ་ཡི་ཐང་ཡིག་དུས་གསུམ་ཀུན་གསལ་ལས། །
གང་གི་འཁྲུངས་རབས་འཁྲུལ་མེད་ལུང་གིས་བསྔགས། །
 
བསམ་ཡས་མཆིམས་ཕུར་པདྨ་སཾ་བྷ་ངས། །
གཏེར་སྦས་ཆོས་འདི་གཏེར་ནས་གདོན་པ་ལ། །
དྲི་མེད་འོད་ཟེར་ཞེས་བྱའི་མཚན་ཡིག་ཅན། །
འབྱུང་བར་འགྱུར་ཞེས་བདེན་པའི་ཚིག་ཀྱང་བརྗོད། །
 
ཚེ་གཅིག་མཆོག་ལ་སྦྱོར་བའི་ཟབ་ཆོས་ནི། །
མཁའ་འགྲོའི་སྙིང་ཐིག་ཅེས་བྱའི་ཞུས་པའི་ལན། །
གསེར་གྱི་ཕྲེང་བར་བརྒྱུས་པའི་ཡིག་ཚང་ལས། །
ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་ཅེས་བསྟན། །
 
ཁྱད་པར་དུ་ཡང་པདྨ་ལས་འབྲེལ་རྩལ། །
རྟེན་འབྲེལ་ཆོས་སོ་ཅུང་ཙམ་ནོར་བ་ལས། །
གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚེ། །
མ་འོངས་འཕྲད་པར་འགྱུར་ཞེས་འཁོར་ལ་གདམས། །
 
ད་ལྟའི་བདག་གི་ཆོས་སྐལ་སྣ་ཚོགས་པ། །
ཕན་བདེའི་རྩ་ལག་གྱུར་པ་འདི་རིགས་ཀུན། །
ལེགས་པར་སྐྱོངས་ཤིག་མ་འོངས་དུས་ཀྱི་ཚེ། །
བདག་གིས་སླར་ཡང་སྤེལ་བར་འགྱུར་ཞེས་གསུངས། །
 
མ་འོངས་སྐུ་སྐྱེའི་ཟླ་གཞོན་གསར་པའི་མདངས། །
གང་ལས་འཁྲུངས་པའི་ཡབ་ཡུམ་གསེར་གྱི་མཚོ། །
འདི་ཞེས་མཚན་གྱི་ཡི་གེ་སྣ་ཚོགས་ཅན། །
བྲིས་ཏེ་མངོན་དགའི་ཞིང་དུ་གཤེགས་པར་གྲགས། །
 
དེ་ནས་ཁམས་གསུམ་འཁོར་བའི་ནགས་ཀློང་དུ། །
འཁྱམས་པའི་འགྲོ་བ་བདེ་གཤེགས་དག་གིས་ཀྱང་། །
གདུལ་བྱར་མ་གྱུར་དེ་དག་འདྲེན་པའི་ཕྱིར། །
མཚུངས་མེད་སྐུ་ཡི་ཉི་གཞོན་ལྗོངས་འདིར་འཛུམ། །
 
དེ་ཡང་འདི་ལྟར་རིགས་ཀྱི་ཆེ་བ་ནི། །
ང་མི་བདུན་གྱི་མཆོག་གྱུར་རྟ་མགྲིན་གྱི། །
གྲུབ་ཐོབ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི། །
དབོན་རབས་མ་ཆད་ཉེར་ལྔའི་གྲངས་ཅན་དུ། །
 
བདུད་རྩིའི་སྐུ་བརྙེས་སློབ་དཔོན་ལྷ་སྲུང་ཞེས། །
དགུང་གྲངས་བརྒྱ་དང་ལྔ་རིང་བསྟན་འགྲོ་ལ། །
སྨན་པའི་སྐྱེས་བུ་མཆོག་དེའི་གདུང་སྲས་སུ། །
བལྟམས་པའི་གྲུབ་ཐོབ་བསྟ༵ན་སྲུ༵ང་<ཡབ་>ཞེས་པའི་བར། །
 
བླ་མེད་རྫོགས་ཆེན་གདམས་པ་གངྒའི་རྒྱུན། །
བཞེས་པའི་གྲུབ་ཐོབ་བར་མ་ཆད་དུ་ནི། །
བྱོན་པའི་ངོ་མཚར་འཕྲིན་ལས་སྣ་ཚོགས་ཀྱིས། །
ས་ཆེན་འདི་ཡང་ངལ་བའི་ཡུལ་དུ་བྱས། །
 
ཆོ་འབྲང་གཞན་ལས་འཕགས་པའི་སྐྱེད་ཡུམ་ནི། །
གཞན་ཕན་སེམས་ཀྱིས་ཐུགས་རྒྱུད་གཏམས་པ་ཡི། །
འབྲོ་བཟའ་བསོད་ནམས་རྒྱན་<ཡུམ་>ཞེས་སེམས་མ་གང་། །
མི་ཡི་ཚུལ་བཟུང་གང་དེའི་ལྷུམས་སུ་ཞུགས། །
 
མི་ཡི་སེངྒེ་མི་ཡི་འཇིག་རྟེན་དུ། །
བལྟམས་པའི་ངོ་མཚར་གཞན་ལས་འཕགས་པས་ན། །
གང་འདི་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། །
ངོ་མཚར་རྟགས་ཀྱིས་ས་གསུམ་འདར་བར་བྱས། །
 
མི་འཇིགས་སེངྒེ་དཀར་མོ་ཆ་གཅིག་ནི། །
སྣ་ཚོགས་འོད་ཟེར་དང་བཅས་ཡུམ་གྱི་སྐུར། །
ཐིམ་པའི་རྟགས་བཅས་ས་ཕོ་སྤྲེལ་གྱི་ལོར། །
བལྟམས་ཤིང་མཚན་ལ་རྡོ་རྗེ་རྒྱལ་མཚན་གསོལ། །
 
གང་སྐུ་དྲི་མེད་ཟླ་ཤེལ་གསར་པའི་མདངས། །
འགྲོ་བའི་བསོད་ནམས་མཁའ་ལ་འཕགས་པའི་ཚེ། །
ནམ་གྲུ་ནག་མོའི་རྫུ་འཕྲུལ་གསེར་ཞགས་ཀྱིས། །
བཟུང་སྟེ་སྲུང་བའི་གཡར་དམ་ཅི་ཡང་བཅས། །
 
དེ་ནས་བཟུང་སྟེ་ནམ་གྲུ་ནག་མོ་ཡིས། །
རང་གི་བུ་ལྟར་འཚོ་སྐྱོང་སྣ་ཚོགས་ཀྱིས། །
སྲུང་ཞིང་སྲི་ཞུའི་ལས་ལ་གཅིག་ཏུ་ནི། །
བརྩོན་པའི་ངོ་མཚར་གཏམ་ལ་མཐའ་ཡོད་མིན། །
 
བསྐལ་མང་ཚོགས་གཉིས་འོ་མཚོ་བསྲུབས་ལས་གང་སྐུ་ཟླ་ཤེལ་མུ་ཏིག་བྱེ་བའི་ལང་ཚོ་རབ་རྫོགས་དགེ་ལེགས་སྟོང་གི་འོད་སྣང་ཅན། །
སྲིད་དང་ཞི་བའི་ཕན་བདེ་མ་ལུས་གང་ལས་འཛགས་པའི་ཐུབ་བསྟན་གནམ་སྔོན་དྲི་མ་མེད་པའི་མཛེས་བྱེད་གཅིག་པུར་བྱུང་བའི་ཚེ། །
དཀར་ཕྱོགས་ལྷ་མིའི་ཚོགས་རྣམས་དགའ་བའི་རྣམ་འགྱུར་དང་བཅས་ངོ་མཚར་སྒྲ་དབྱངས་སྣ་ཚོགས་སྒྲོག་པས་ས་གསུམ་འདར་བའི་ངལ་བ་བྱིན། །
དེ་ལྟར་གང་གི་འཁྲུངས་རབས་མེ་ཏོག་འཛུམ་པའི་ངོ་མཚར་བརྗོད་ལ་བདེ་གཤེགས་ཚོགས་རྣམས་ངལ་བས་ཏིང་འཛིན་མལ་དུ་གཟིམས་པར་གྲགས། །
 
རིང་ནས་བརྩེ་ཆེན་སྙིང་རྗེ་གོམས་པ་སླར་ཡང་སྲིད་ཞི་དགེ་བའི་དཔལ། །
ལེགས་བལྟམས་ངོ་མཚར་འཁྲུལ་མེད་གསུང་གི་སྒོ་མོ་ཐོག་མར་འབྱེད་པའི་ཚེ། །
སྔོན་གནས་རྗེས་དྲན་གཞན་ཕྱིར་བརྩེ་བའི་ལེགས་བཤད་ལྷ་ཡི་བསང་གཏོར་ནི། །
ཐོགས་མེད་འཇོ་བས་རྒྱལ་བ་གཉིས་པའི་མཚན་གྱི་ཅོད་པན་བདག་གིར་མཛད། །
 
སྐྱེས་ཐོབ་ཤེས་རབ་ན་དར་བས། །
དགུང་གྲངས་ལྔ་ལ་ཉེར་སོན་ཚེ། །
ཡོན་ཏན་གཞི་གྱུར་འབྲི་ཀློག་དག །
ངལ་བ་མེད་པར་ཐུགས་སུ་ཆུད། །
 
མཚུངས་མེད་ཡབ་རྗེ་གངས་ཀྱི་རི་བོ་ཆེར། །
གུས་འདུས་ཉི་མའི་འཛུམ་བཅས་ཉེར་བཏུད་པས། །
བདུན་གྱི་བགྲང་བྱའི་ལང་ཚོ་རྫོགས་པའི་ཚེ། །
སྒྲུབ་ཆོག་སྣ་ཚོགས་མཁྱེན་པའི་ངོ་མཚར་བརྙེས། །
 
གང་གི་གདམས་ངག་ལྷ་ཡི་བསང་གཏོར་གྱིས། །
རང་གི་ཤེས་རབ་མེ་ལོང་བཀྲུས་པའི་རྗེས། །
དཀར་ནག་རྩིས་སོགས་རི་མོ་གསུམ་པའི་གཟུགས། །
ཅི་བདེར་འཆར་བའི་ས་ལ་རང་གར་གཤེགས། །
 
གཞན་ཡང་བཀའ་བརྒྱད་བདེར་གཤེགས་འདུས་པ་དང་། །
རྟ་མགྲིན་ཕུར་པ་གུ་རུ་ཞི་དྲག་སོགས། །
དབང་ལུང་མན་ངག་མ་ལུས་གསན་པ་ན། །
རྟོགས་པ་མཁའ་དང་མཉམ་པའི་སྣང་བ་ཐོབ། །
 
དམར་སེར་འོ་མའི་མཚོ་གླིང་དུ། །
ཞུགས་པའི་དགེ་འདུན་ངང་པའི་སྡེ། །
མཉམ་དུ་ཉི་ཁྲི་བརྒྱད་སྟོང་སོགས། །
ཀློག་པའི་མགྲིན་རྔ་བརྡུངས་པ་ན། །
 
རྒྱལ་བའི་ཐུགས་ཀྱི་མེ་ལོང་དུ། །
ཤར་བའི་ཆོས་ཚུལ་སྣ་ཚོགས་པ། །
མཁྱེན་པའི་ངོ་མཚར་ས་གསུམ་དུ། །
ཁྱབ་པའི་འཕྲིན་ལས་ཕྱོགས་སུ་མཆེད། །
 
བཅུ་གཉིས་ན་ཚོད་དར་ལ་བབ་པའི་ཚེ། །
མ་བཞེངས་ལྷུན་གྱིས་གྲུབ་པའི་གཞལ་ཡང་ཁང་། །
བསམ་ཡས་མི་འགྱུར་གཙུག་ལག་ཁང་ཆེན་དུ། །
ངེས་འབྱུང་སེམས་ཀྱིས་ཞབས་ཟུང་མངོན་པར་བསྒྱུར། །
 
དེ་རུ་སྡོམ་བརྩོན་དྲི་བསུང་འཐུལ་བའི་སྡེ། །
སྔོན་ཚེ་གནས་བརྟན་ཉེ་བ་འཁོར་དང་བཅས། །
ཕེབས་སོ་སྙམ་པའི་མཛད་བཟང་ཟླ་མེད་པའི། །
མཚུངས་མེད་བཤེས་གཉེན་ངང་པའི་རྒྱལ་པོ་སྟེ། །
 
སྡོམ་བརྩོན་སྡེ་སྣོད་འཛིན་པའི་སེམས་དཔའ་ཆེ། །
མཁན་པོ་བསམ་འགྲུབ་རིན་ཆེན་ཞེས་བྱ་དང་། །
སློབ་དཔོན་ཀུན་དགའ་འོད་ཟེར་ཞེས་བྱ་བའི། །
ཞབས་རྡུལ་སྤྱི་བོར་བླངས་ཏེ་རབ་ཏུ་བྱུང་། །
 
མ་སྨད་ཚུ༵ལ་ཁྲི༵མས་གཙང་མས་རྒྱུད་བསྡམས་ཏེ། །
བློ༵་གྲོ༵ས་འཇུག་པ་ཡངས་པའི་དགེ་ལེགས་ཀྱིས། །
ཐུབ་བསྟན་གཅིག་ཏུ་སྐྱོང་བའི་བྱེད་པོ་རུ། །
མཚན་གྱི་ཅོད་པན་བཅས་ཏེ་རབ་ཏུ་བསྔགས། །
 
གང་ཐུགས་སྒྲིབ་བྲལ་མེ་ལོང་དག་པའི་ངོས། །
ཤེས་བྱའི་ཆོས་ཀུན་མ་འབད་གསལ་ན་ཡང་། །
སྣ་ཚོགས་འགྲོ་བའི་མོས་བློ་དང་འཚམས་པའི། །
གསན་བསམ་སྒོམ་པའི་ཚུལ་ལ་སླར་ཡང་འཇུག །
 
སྟོན་དང་བསྟན་པ་གཉིས་ཀའི་རང་བཞིན་ཅན། །
ལེགས་གསུང་འདུལ་བའི་སྡེ་སྣོད་ལེགས་སྦྱངས་ཏེ། །
བཅུ་བཞིའི་ན་ཚོད་རྫོགས་ཚེ་བཤད་གསར་གྱི། །
མཁས་པའི་མཚན་སྙན་དབྱར་རྔ་གྲངས་མེད་བརྡུངས། །
 
བཅུ་དྲུག་དགའ་བའི་ལང་ཚོ་རྫོགས་པའི་ཚེ། །
སློབ་དཔོན་མཚུངས་མེད་རིན་ཆེན་བཀྲ་ཤིས་ལས། །
ལམ་འབྲས་ཆོས་དྲུག་ཕྱག་རྡོར་འཁོར་ཆེན་སོགས། །
དབང་ལུང་གདམས་པས་རང་རྒྱུད་མཛེས་པར་བྱས། །
 
དེ་ནས་རིམ་བཞིན་བཤེས་གཉེན་དབང་ཕྱུག་ཡེ་ཤེས་ཀྱི། །
ཐུགས་རྗེའི་གངས་རི་བསོད་ནམས་ཉི་གཞོན་འཛུམ་ཟེར་གྱིས། །
བཞུས་ཏེ་དུས་འཁོར་རྩ་རྒྱུད་མ་གཅིག་མཁའ་འགྲོའི་གཅོད། །
ལ་སོགས་གདམས་ཟབ་བདུད་རྩིའི་དཔལ་ལ་ལོངས་སུ་སྤྱད། །
 
བཅུ་དགུའི་གྲངས་ཀྱིས་ན་ཚོད་འཛིན་པའི་དུས། །
ཆོས་གྲགས་གཉིས་པའི་མཚན་གྱི་ཅོད་པན་ཅན། །
གཞོན་ནུ་རིན་ཆེན་ལ་སོགས་མཁས་གྲུབ་ཀྱི། །
རྟགས་ཐོབ་བཤེས་གཉེན་དག་གི་མདུན་བདར་ནས། །
 
རྒྱལ་བའི་རྒྱབ་ཚབ་བྱམས་པ་མགོན་པོ་ཡི། །
ཤེས་རབ་གསེར་གྱི་རི་བོ་བཞུས་པའི་བཅུད། །
བྱམས་ཆོས་ལྡེ་ལྔ་ཕན་བདེའི་ལང་ཚོ་ཅན། །
ལོངས་སུ་སྤྱོད་པའི་སྐལ་བཟང་བདག་གིར་མཛད། །
 
གཞན་ཡང་ཆོས་གྲགས་རིགས་ལམ་ཡུར་བཟང་གིས། །
དྲངས་པའི་ལེགས་བཤད་ཚད་མའི་གཞུང་ལུགས་ཀྱི། །
གཙང་པོའི་ངོགས་སུ་ལུང་རིགས་གཤོག་ཟུང་གིས། །
བསྐྱོད་པའི་ངོ་མཚར་ཐུབ་བསྟན་དཔལ་དུ་མཛེས། །
 
དེ་ནས་སློབ་དཔོན་གཞོན་ནུ་དཔལ་གྱི་མཚན། །
གང་གི་ཞབས་ལ་ལེགས་པར་གཏུགས་བྱས་ནས། །
ཀླུ་སྒྲུབ་རྣམ་དཔྱོད་གསེར་གྱི་ཐུར་མ་ཡིས། །
ཐུབ་པའི་དགོངས་གནད་གཅིག་ཏུ་དྲིལ་བའི་ཆོས། །
 
ཡོད་མེད་སྤྲོས་པའི་མཚན་མ་ཀུན་བྲལ་ཞིང་། །
སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད་ཀྱི་གཤིས། །
སྟོན་པའི་དབུ་མ་རིགས་པའི་ཚོགས་དྲུག་སོགས། །
གསན་བསམ་སྒོམ་པས་ཇི་བཞིན་ཐུགས་སུ་ཆུད། །
 
གཞན་ཡང་སློབ་དཔོན་བློ་བརྟན་ཆེན་པོ་ལས། །
ཚད་མ་སྡེ་བདུན་མདོ་བཅས་རྣམ་བཤད་དང་། །
ཏིང་འཛིན་རྒྱལ་པོ་ལ་སོགས་མདོ་ལྔའི་དོན། །
སྙན་གཞུང་མེ་ལོང་མ་སོགས་ལེགས་པར་སྦྱངས། །
 
ཐུན་མོང་དང་ནི་ཐུན་མིན་གྱི། །
གཙུག་ལག་གཞུང་ལ་ལེགས་སྦྱངས་ཏེ། །
བཅུ་ཕྲག་རིག་པའི་གནས་དག་ལ། །
མཁས་པའི་མཚན་གྱི་ཅོད་པན་ཐོགས། །
 
ཚུལ་དང་ཚུལ་མིན་འབྱེད་ལ་རྒྱལ་བས་ཀྱང་། །
བསྔགས་པའི་ལུང་རིགས་དཔུང་ཚོགས་བཞི་ལྡན་བཅས། །
ཕྱོགས་མེད་གྲྭ་སའི་ནགས་ཀློང་འགྲིམས་བྱས་པས། །
བས༵མ་ཡ༵ས་ལུ༵ང་མ༵ང་མ༵་ཞེས་ཡོངས་སུ་གྲགས། །
 
མཁྱེན་རབ་གནམ་རུའི་རྒྱུད་ལས་ཉེར་བཀུག་པའི། །
ལུང་རིགས་གཞོམ་མེད་རྡོ་རྗེའི་མདའ་རྣོན་གྱིས། །
ཕས་རྒོལ་སྙིང་གི་བྲག་རི་གཏོར་དང་ལྷན། །
འགྲན་མེད་མཁས་པའི་ཁྲི་ལ་ཞབས་སོར་བཀོད། །
 
ལུང་རིགས་དྲི་བསུང་འཐུལ་བའི་ཆོས་ཀྱི་ཚལ། །
གསང་ཕུར་གསན་བསམ་སྒོམ་པ་ཉམས་བླངས་ཚེ། །
དབྱངས་ཅན་མ་དང་ཕག་མོ་ཤེས་རབ་སོགས། །
བསྒྲུབས་ཏེ་ཞལ་བཟང་མིག་གི་བདུད་རྩིར་གྱུར། །
 
ལྷག་པར་དུ་ཡང་ཐོགས་མེད་ངག་གི་དཔལ། །
སྩོལ་མཛད་ལྷ་གཅིག་ངག་དབང་དབྱངས་ཅན་མས། །
བསོད་ནམས་ཕྱག་མཐིལ་བཞག་སྟེ་གླིང་བཞིའི་ཁྱོན། །
བསྟན་པས་ཐོགས་མེད་བློ་གྲོས་རྩལ་གསུམ་རྫོགས། །
 
དེའི་ཚེ་གང་གི་མགྲིན་པ་དུང་དཀར་གྱི། །
གཡས་འཁྱིལ་ལས་བྱུང་བསྟོད་ཚིག་ཚངས་པའི་གླུ། །
བླངས་ཤིང་དེ་ནས་ངག་དབང་ཚངས་སྲས་མས། །
མ་ངེས་རྣམ་འགྱུར་དུ་མས་རྣམ་ཀུན་བསྐྱངས། །
 
ཤེས་རབ་ཟླ་བའི་དཀྱིལ་འཁོར་ནི། །
རྫོགས་པའི་བཤེས་གཉེན་རྡོ་རྗེ་ལས། །
སྤྱོད་འཇུག་བསླབ་བཏུས་བཀའ་གདམས་སྐོར། །
བློ་གྲོས་པདྨོས་ལོངས་སུ་སྤྱད། །
 
དེ་བཞིན་སྒྲུབ་ཐབས་རྒྱ་མཚོ་དང་། །
མཁའ་འགྲོ་རྒྱ་མཚོ་དཔའ་བོ་ཡི། །
རྒྱ་མཚོ་ཆོས་འབྱུང་བརྒྱ་རྩ་དང་། །
འདུལ་བ་མདོ་སྡེའི་ཆོས་རྣམས་གསན། །
 
འཕགས་པའི་ཡུལ་དུ་གྲུབ་པའི་སྐྱེས་བུ་སཱ་ར་ཧ་ཞེས་གྲགས་པའི་སྡེ། །
གླིང་དཀར་སྟོད་དུ་བཀའ་ཡི་བློན་ཆེན་གཡུ་རྒྱལ་འདན་མ་ཞེས་སུ་གྲགས། །
ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པའི་འཕྲིན་ལས་འཛིན་པ་ཀརྨ་པའི། །
སྐུ་ཡི་ཕྲེང་བར་རྒྱལ་བས་དབང་བསྐུར་རང་བྱུང་རྡོ་རྗེའི་ཞབས་བཏུད་ནས། །
 
ཆོས་ཉིད་ལྟ་བའི་མེ་ལོང་ཆེ། །
སྦྱོར་དྲུག་ཉམས་ལེན་ངོ་མཚར་ཅན། །
གེགས་སེལ་བཅས་པ་ཀུན་གསན་ཏེ། །
རྟོགས་པ་རྒྱ་མཚོའི་ཕ་མཐར་ཕྱིན། །
 
གཞན་ཡང་ན་རོའི་ཆོས་དྲུག་དང་། །
སུམྦྷུ་ཊི་དང་གཤིན་རྗེ་གཤེད། །
རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་སོགས། །
ངོམས་པ་མེད་པར་ནོམ་དུ་བླངས། །
 
སློབ་དཔོན་དབང་ཡེ་ཞེས་བྱ་ལས། །
ཡི་དམ་དམའ་ཁྲིད་མཁའ་འགྲོ་གུར། །
ཐུབ་དྲུག་ཡུམ་དང་སྨན་བླ་སོགས། །
སྒྲུབ་ཐབས་མན་ངག་སྣ་ཚོགས་གསན། །
 
ཤུག་གསེབ་པ་ཞེས་གྲགས་པ་ལས། །
དོ་ཧ་སྐོར་གསུམ་རི་ཆོས་ནི། །
སྐོར་གསུམ་རྟེན་འབྲེལ་བརྒྱ་རྩ་སོགས། །
མཉེས་པ་གསུམ་གྱིས་ལེགས་པར་གསན། །
 
བླ་མ་འཇམ་དབྱངས་ཞེས་བྱ་བའི། །
ཐུགས་ཀྱི་མེ་ལོང་ལ་ཤར་བའི། །
ཟབ་ཆོས་རི་མོ་གསུམ་པའི་གཟུགས། །
སྣ་ཚོགས་ཡིད་ཀྱི་གསོས་སུ་དྲངས། །
 
དེ་ཡང་དུས་འཁོར་རྩིས་སྐོར་དང་། །
རྟགས་གཉིས་རྡོ་རྗེ་རྩེ་མོ་དང་། །
འཇམ་དཔལ་རྩ་རྒྱུད་ཀུན་རིག་སོགས། །
བཀའ་ཆོས་དུ་མས་ཐུགས་རྒྱུད་གཏམས། །
 
བླ་མ་ཚོང་འདུས་ཞབས་ཀྱི་མེ་ཏོག་ནི། །
ལེགས་པར་མཆོད་དེ་ངོ་མཚར་ཆོས་ཀྱི་མཛོད། །
བུམ་པ་གང་བྱོས་ཚུལ་དུ་གསན་པའི་ཚེ། །
ཐུབ་པ་མཆོག་ཀྱང་དགྱེས་པའི་ཚུལ་དུ་བཞེངས། །
 
བཀའ་བརྒྱད་གསང་རྫོགས་ཐུགས་རྗེ་ཆེན་པོ་ཡི། །
ཡང་སྙིང་སངས་རྒྱས་མཉམ་སྦྱོར་འཁོར་བ་ནི། །
དུང་སྤྲུགས་བླ་མ་གསང་འདུས་སོགས་ཀྱིས་མཚོན། །
ཆོས་ཚུལ་རྒྱ་མཚོའི་དཔལ་ལ་ཅི་བདེར་རོལ། །
 
ཁང་དམར་པ་ལས་ཚེ་བདག་ཆེན་མོ་ཡི། །
པ་ལ་པ་ཏྲ་ཚ་ཚ་སྨྱོན་པ་དང་། །
ཙིཏྟ་དམར་པོ་མ་མོ་དུག་གི་ནི། །
སྤུ་གྲི་ལ་སོགས་སྒྲུབ་ཐབས་བཅས་ཏེ་གསན། །
 
མདོ་སྔགས་ཆོས་ཀྱི་རི་མོ་ནི། །
གང་གི་ཐུགས་ལ་མཛའ་སྡེབ་པའི། །
མཐིང་མ་སངས་རྒྱས་གྲགས་འོད་ལས། །
སྣ་ཚོགས་ཆོས་ཀྱི་བགོ་སྐལ་ནི། །
 
བཀའ་བརྒྱད་བདེར་འདུས་ཆེན་མོ་ཞེས་བྱ་དང་། །
གནམ་ལྕགས་ཨུར་མོ་ཌཱཀྐི་གསང་ཡེ་དང་། །
ལེགས་ལྡན་སྟག་ཞོན་སེང་ཞོན་ལ་སོགས་པའི། །
ངོ་མཚར་ཆོས་ཚུལ་དུ་མའི་གདམས་པ་ཐོབ། །
 
ངེས་པའི་དོན་ལ་ཡེ་སངས་རྒྱས་པ་ཀུན་ཏུ་བཟང་དང་དབྱེར་མེད་རོ་གཅིག་བཞུགས་ལགས་ཀྱང་། །
རྒྱལ་བ་དག་ནི་སྣ་ཚོགས་ཐབས་ཀྱིས་གང་འདུལ་སྒྱུ་འཕྲུལ་འགྲོ་ལ་རྩེན་པའི་ངོ་མཚར་གྱིས། །
མཛད་པའི་མཐའ་ལ་འདི་དང་འདི་ཞེས་བདེ་གཤེགས་ཐུགས་ཀྱི་མེ་ལོང་ལས་ཀྱང་འདས་པ་ན། །
ཀུན་མཁྱེན་གཉིས་པ་དྲི་མེད་འོད་ཟེར་མཚན་གྱི་མེ་ཏོག་བརྒྱན་པ་གང་འདིའི་ཐོས་བསམ་མཛོད། །
 
སྐྱེས་ཐོབ་ཤེས་རབ་ཤིན་ཏུ་ཉག་ཕྲ་ཞིང་། །
སྦྱངས་ཐོབ་བློ་གྲོས་ནམ་མཁའི་པདྨོ་ཡི། །
རྗེས་སུ་སྙེག་པའི་ཐ་མལ་བདག་གིས་ནི། །
ཆ་ཤས་ཙམ་ལས་ཇི་བཞིན་བརྗོད་མ་ནུས། །
 
གང་ཐུགས་རྙོག་མའི་དྲི་མ་ཀུན་བྲལ་བ། །
ཐོས་བརྩོན་སྣང་བའི་དཔལ་དང་ལྷན་ཅིག་ཏུ། །
འགྲོགས་པའི་དགེ་ལེགས་བྱེ་བ་གྲངས་མེད་ཀྱིས། །
ཐུབ་བསྟན་པད་ཚལ་སྔར་མེད་ལང་ཚོ་རྫོགས། །
 
དེ་ལྟར་ངོ་མཚར་མཛད་པའི་ཆ་ལས་ཀུན་མཁྱེན་གྱི། །
རྒྱལ་བ་དག་ཀྱང་འགྲོ་རྣམས་འདུལ་བའི་ལམ་བཟང་དུ། །
བརྩོན་པ་ལྷུར་ལེན་ངང་ཚུལ་མཐོང་ན་བདག་འདྲ་དག །
ལེ་ལོའི་མཁར་རྫོང་ཧྲིལ་གྱིས་གཏོར་བའི་སྤོབས་པའང་རྙེད། །
 
བྱིངས་རྒོད་འཕྲང་རིང་ལས་གྲོལ་ཏིང་འཛིན་གྱི། །
བདེ་བའི་མལ་དུ་གཟིམས་ཡུལ་དབེན་པའི་རི། །
གྲུབ་ཐོབ་ཅོག་ལའི་བྲག་ཕུག་ཁང་བཟང་རྩེར། །
རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་སླར་ཡང་བསྒྲེངས། །
 
ལྔ་ཕྲག་ཟླ་བའི་འགྲོས་ཀྱིས་ཉེར་བསྐྱོད་པའི། །
ཉིན་མཚན་དབྱེར་མེད་བསྒོམས་པའི་རྣལ་འབྱོར་གྱི། །
ཉམས་ལེན་ཆེས་ཆེར་མཛད་པའི་དགེ་མཚན་གྱིས། །
ཐོ་རེངས་ནམ་གྱི་ཉམས་སྣང་སྣ་ཚོགས་འབར། །
 
བདེ་གསལ་མི་རྟོག་འབྱུང་བའི་རི་སུལ་ནས། །
བསེ་ཁྲབ་རྒྱན་གྱིས་མཛེས་པའི་མི་བཟང་དང་། །
སྣ་ཚོགས་རྒྱན་གྱིས་སྤུད་པའི་ན་ཆུང་མ། །
ཟུང་གཅིག་ཉེ་སར་ཕེབས་པའི་ངོ་མཚར་མཐོང་། །
 
དེའི་ཚེ་དད་གསུམ་སྙིམ་པ་མཐོར་འདེགས་ཀྱིས། །
འཕགས་མས་རྗེས་བཟུང་མཛོད་ཅེས་གསོལ་བཏབ་པས། །
གང་གིས་རིགས་ལྔའི་དབུ་རྒྱན་ཕྱག་ཟུང་གིས། །
གནང་ཞིང་དགེ་ལེགས་ཤིས་པའི་དཔལ་ཡང་བསྩལ། །
 
དྲན་ཤེས་མཚོན་གྱིས་ཚུལ་མིན་ནགས་ཀློང་གི །
ལོ་མའི་ཚོགས་དག་རིམ་གྱིས་བཅད་དང་ལྷན། །
གཡོ་མེད་ཏིང་འཛིན་ལྷུན་པོའི་རྩེར་འཛེགས་པས། །
བདེ་གསལ་མི་རྟོག་ནམ་མཁའི་བཞིན་རས་མཇལ། །
 
མཁྱེན་རབ་དཔུང་བའི་ཤེད་མོང་ལ་བརྟེན་ནས། །
རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པ་ན། །
གྲུབ་པའི་སར་གཤེགས་ཀུ་མ་རཱ་ཛ་མཆོག །
མཇལ་བར་འགྱུར་ཞེས་ལུང་བསྟན་ཚིག་ཀྱང་ཐོས། །
 
ཡབ་ཡུམ་ཐུགས་ཀྱི་དགྱེས་པ་བསྐང་བའི་ཕྱིར། །
ཀུན་རིག་ཆོག་སྒྲུབ་མཛད་དང་ལྷན་ཅིག་ཏུ། །
སྐལ་ལྡན་འཁོར་ཚོགས་བཅུ་ཕྲག་ཕྱེད་བཞི་ལ། །
སྨིན་བྱེད་དབང་གི་དགའ་སྟོན་སྤེལ་བར་མཛད། །
 
དགུ་གསུམ་དགུང་ལོའི་ན་ཚོད་རྫོགས་པའི་ཚེ། །
སྔོན་ནས་མཁའ་འགྲོའི་ལུང་གིས་དབུགས་དབྱུང་ལྟར། །
གྲུབ་རིགས་གཙུག་རྒྱན་ཀུ་མ་རཱ་ཛ་མཆོག །
མཇལ་ཕྱིར་ཞབས་ཟུང་འཁོར་ལོ་ཕྱོགས་དེར་བསྒྱུར། །
 
དད་གསུམ་སྐྱ་རེངས་འགྲོས་ལ་ཉེར་བཅིབས་ནས། །
གང་སྐུ་ཟླ་གཞོན་ཕྱོགས་སུ་བསྐྱོད་པའི་ཚེ། །
འགྱུར་མེད་གཤིས་ཀྱི་ལང་ཚོ་ཀུན་རྫོགས་པའི། །
རྣལ་འབྱོར་གངས་ཀྱི་རི་བོའི་མཚན་དཔེ་མཇལ། །
 
གང་གི་ཞལ་བཟང་ཉི་མའི་གཟི་མདངས་ཅན། །
མཇལ་བའི་མོད་ལ་དད་དང་མོས་གུས་བཅས། །
བི་མ་དངོས་ཀྱི་འདུ་ཤེས་པད་དཀར་མདངས། །
ཐུགས་ཀྱི་རི་ལུང་ཀུན་ལ་ཡོངས་སུ་འཁྲུངས། །
 
དེའི་ཚེ་མཚུངས་མེད་གྲུབ་རིགས་མཆོག་གིས་ཀྱང་། །
དགྱེས་བརྩེ་འཛུམ་དཀར་ཕྱོགས་སུ་ངོམས་དང་ལྷན། །
ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་སྡེར། །
བསྔགས་བརྗོད་མེ་ཏོག་ཚིག་གིས་ཤིས་པ་བསྒྲུབས། །
 
སླར་ཡང་སུམ་ལྡན་རྡོ་རྗེ་འཛིན་དབང་དེའི། །
དངོས་ཉམས་རྡུལ་བྲལ་མེ་ལོང་གཙང་མ་རུ། །
བི་མ་ལ་ཡིས་བདེན་ཚིག་གསེར་ཞགས་ཀྱིས། །
བསྔགས་ཤིང་རྫོགས་ཆེན་གདམས་པ་སྩོལ་ཅེས་བསྐུལ། །
 
ཤམ་པོ་གངས་ཀྱི་རི་ཞོལ་དུ། །
དཔོན་སློབ་ལྷན་འཛོམས་དགའ་སྟོན་བཅས། །
སྨིན་བྱེད་དབང་དང་གདམས་ངག་སོགས། །
བསྩལ་ཅིང་ཆོས་ཀྱི་དཔལ་ལ་རོལ། །
 
ལྷག་པར་དུ་ཡང་གསང་བ་བླ་མེད་ཀྱི། །
མན་ངག་ཆིག་རྫོགས་ཕན་བདེའི་བསིལ་བ་ཅན། །
རྫོགས་ཆེན་ཕྱི་ནང་གསང་བ་སྐོར་གསུམ་བཅས། །
ཐུགས་ཀྱི་བུམ་པར་ངལ་མེད་གཡས་སུ་བསྐྱིལ། །
 
འཁོར་འདས་སྒྱུ་འཕྲུལ་དྲ་བའི་ལང་ཚོའི་འཛུམ། །
མ་ནོར་རྗེན་པར་སྟོན་པའི་གདམས་ངག་ཅན། །
ཐལ་འགྱུར་རྩ་བའི་རྒྱུད་དང་བཀའ་སྲུང་གི །
སྒྲུབ་ཆོག་རྗེས་གནང་དང་བཅས་ཡང་ཡང་མནོས། །
 
དེའི་ཚེ་རང་རིག་གདོད་མའི་གཞི་དབྱིངས་སུ། །
རང་སྣང་སླར་ཡང་མཐོང་བའི་ངང་ཚུལ་གྱིས། །
མཚུངས་མེད་བླ་མ་མཆོག་གི་ཐུགས་མཉེས་ཏེ། །
ཆོས་ཀྱི་རྒྱལ་ཚབ་ཆེན་མོར་མངའ་གསོལ་མཛད། །
 
ཕྱི་ཚུལ་རྣལ་འབྱོར་གྲུབ་པའི་རྟུལ་ཞུགས་ཅན། །
ནང་དུ་གསང་ཆེན་རིག་པའི་བཙན་ས་ཟིན། །
གསང་བ་འོད་སྐུར་གྲོལ་བའི་ངོ་མཚར་བརྙེས། །
རྒྱལ་བ་གཉིས་པ་ཀློང་ཆེན་པ་ཞེས་གྲགས། །
 
དེ་ཚེའི་དཀར་ཕྱོགས་ཆོས་ཀྱི་རྒྱལ་མཚན་ནི། །
སྒྲེང་ལ་གཅིག་ཏུ་གྲོགས་མཛད་ཁས་བླངས་པའི། །
བཀའ་སྲུང་དྲེགས་པའི་སྡེ་ཚོགས་དག་གིས་ཀྱང་། །
འབྲལ་མེད་གཅིག་ཏུ་སྐྱོང་ཞེས་གཡར་དམ་བཅས། །
 
རྩེ་གཅིག་སྒྲུབ་ལ་མེས་པོས་བསྐྲུན་པ་བཞིན། །
ཡང་དག་འཇོག་གི་ལང་ཚོ་རྒྱས་པའི་གནས། །
བརྟེན་ཚེ་ཉེས་མེད་བསམ་གཏན་མཆོག་གི་ཟས། །
ལོངས་སུ་སྤྱོད་བཞིན་འཁོར་འདས་མཉམ་པར་བརྡལ། །
 
རང་རིག་གཤིས་ཀྱི་བཙན་ས་ཟིན་པའི་ཚེ། །
སྤང་བླང་མཚན་མ་ཀུན་ནས་བྲལ་བ་ན། །
འདོད་ཆེན་མེ་ཚོགས་རབ་ཏུ་ཞི་བའི་ཕྱིར། །
སྒྱེ་སྣོད་རུལ་བ་ཙམ་གྱིས་མལ་སྟན་མཛད། །
 
དེའི་ཚེ་ཀ་དག་གདོད་མའི་ཁྲིར། །
དབང་སྒྱུར་བདེ་གཤེགས་དག་དང་ལྷན། །
དཀར་ཕྱོགས་ལྷ་དང་མི་རྣམས་ཀྱིས། །
ཞབས་ཀྱི་པདྨོ་སྤྱི་བོར་མཆོད། །
 
གང་ཚེ་མགོན་པོས་སྒོ་གསུམ་མི་འདའ་བའི། །
གཡོ་མེད་དམ་བཅས་བསམ་ཡས་མཆིམས་ཕུ་ཡི། །
ལྷུན་གྲུབ་སྒང་དུ་བཅད་རྒྱར་བཞུགས་པའི་ཚེ། །
ངོ་མཚར་ཉམས་བཅས་འཇིག་རྟེན་དགེ་བར་མཛད། །
 
ཕག་མོ་ནག་མོའི་རང་ཞལ་ཞག་བདུན་དང་། །
སྲིད་གསུམ་ཟིལ་གནོན་གུ་རུ་དྲག་པོ་དང་། །
ཆེ་མཆོག་ཉེར་གཅིག་ཞལ་ལ་བཀའ་བརྒྱད་ཀྱི། །
ལྷ་ཚོགས་བདུན་བརྒྱ་ཉི་ཤུས་བསྐོར་བའང་མཇལ། །
 
ཟག་མེད་ལང་ཚོ་ཀུན་ནས་རྫོགས་པས་མཛེས། །
མཛེས་པའི་ཉམས་ཅན་རྡོ་རྗེ་གཡུ་སྒྲོན་མ། །
མ་ལྟར་བྱོན་ནས་རང་གི་སྒྲུབ་ཐབས་དག །
དག་པར་བསྟན་ཏེ་སླར་ཡང་གནས་སུ་གཤེགས། །
 
ཚོགས་གཉིས་རྨད་བྱུང་འཕྲུལ་ལ་དབང་བསྒྱུར་པས། །
སྲིད་གསུམ་འབྱོར་བའི་ཚོགས་རྣམས་འབད་མེད་ཀྱིས། །
སྡེ་བཞིའི་དཔལ་ལ་སྒྲུབ་པའི་འཕྲིན་ལས་ཅན། །
ནོར་བདག་ཛཾ་ལྷ་མཆོག་དེས་ནོར་མཆོག་ཕུལ། །
 
ལྷུན་གྲུབ་སྣང་བའི་ངོས་ཡངས་སུ། །
ཏིང་འཛིན་འབུམ་ཕྲག་འཇུག་ལྡང་གི །
གནས་བཟང་དགེ་གོང་ཞབས་བཅགས་ཚེ། །
གུ་རུ་ཞི་བའི་དཀྱིལ་འཁོར་མཇལ། །
 
ཟག་མེད་བདེ་དགའི་ལང་ཚོ་ཀུན་རྫོགས་མཁའ་སྤྱོད་ཌཱཀྐིའི་ཚོགས་གྲལ་དུ། །
ཅི་བདེར་གཤེགས་ཤིང་དགེ་ལེགས་བྱེ་བའི་དངོས་པོ་མ་ལུས་འབྱུང་བའི་གནས། །
ལུང་རྟོགས་ཆོས་ཀྱི་དགའ་སྟོན་བསྩལ་ཅིང་སླར་ཡང་འཛམ་བུའི་འཇིག་རྟེན་དུ། །
གཤེགས་ཚེ་མ་རྣམས་དགྱེས་པའི་ཚུལ་གྱིས་མེ་ཏོག་དང་བཅས་སྐྱེལ་མ་མཛད། 
 
རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཆེ། །
མཐོང་བའི་མེ་ལོང་མཁའ་འགྲོ་ཡི། །
སྙིང་ཐིག་མེ་ལོང་རྗེས་གནང་གིས། །
མཛེས་བྱེད་དང་བཅས་སྐྱེས་སུ་ཕུལ། །
 
གང་ཚེ་འཁོར་འདས་མཉམ་བརྡལ་བའི། །
ཆོས་ཀྱི་མཛོད་ལ་ལོངས་སྤྱད་པས། །
འོད་ཀྱི་རྣམ་པའི་དཀར་ཕྱོགས་ཀྱི། །
ལྷ་ཚོགས་འཛུམ་པའི་ཞལ་བཟང་མཇལ། །
 
དེ་ཡང་ཕག་དམར་རྡོར་སེམས་དང་། །
རྟ་མགྲིན་སྒྲོལ་མ་ཚེ་དཔག་མེད། །
ཀྱིས་མཚོན་ལྷ་དང་ལྷ་མོའི་ཚོགས། །
དགྱེས་པའི་ལང་ཚོ་གཟིགས་མོར་གྱུར། །
 
རྟོག་པའི་དགྲ་ཚོགས་མ་ཐུལ་བར། །
རང་གར་སྤྱོད་པའི་གནས་མིན་པའི། །
དུར་ཁྲོད་གཉན་ས་བཅད་པའི་ཚེ། །
ལྷ་ཚོགས་མ་ལ་བུ་བཞིན་འཁོར། །
 
རལ་གཅིག་ཞིང་དབྱུག་སྤྱང་ཞོན་མ། །
གཟའ་བདུད་རྡོར་ལེགས་མགོན་པོ་ནི། །
ཕྱག་བཞི་པ་དང་ཞང་གི་བློན། །
རྡོ་རྗེ་བདུད་འདུལ་གཞན་ཡང་ནི། །
 
དགེ་བསྙེན་ཉེར་གཅིག་ལ་སོགས་དཀར་ཕྱོགས་རིགས། །
རང་དབང་ཚུལ་གྱིས་གང་གི་མདུན་དྲུང་གི །
སྐྱེད་ཚལ་ཉམས་དགར་མ་བོས་འདུས་དང་ལྷན། །
ཞབས་ཀྱི་མེ་ཏོག་བླངས་ཤིང་གཡར་དམ་བཅས། །
 
རིག་འཛིན་དགྱེས་པའི་གྲོགས་ཀྱི་མཆོག །
མ་ཚོགས་མཁའ་འགྲོ་དག་དང་ལྷན། །
ཆོས་ཀྱི་བགྲོ་བ་མིར་ལབ་བཞིན། །
མཛད་ཅིང་མན་ངག་གནད་མང་རྟོགས། །
 
གང་གིས་རྩེ་གཅིག་སྒྲུབ་པའི་ངང་ཚུལ་གྱིས། །
འཁོར་འདས་མཉམ་པར་བརྡལ་བའི་ཉམས་རྟོགས་ལ། །
མཚུངས་མེད་བཤེས་གཉེན་མཆོག་ཀྱང་ཐུགས་དགྱེས་ཏེ། །
བསྔགས་བརྗོད་གསུང་གི་མེ་ཏོག་ཡང་ཡང་འཐོར། །
 
ཚོགས་གཉིས་གངས་དཀར་ཞུན་མའི་ཆབ་རྒྱུན་ལས། །
བཀྲུས་པའི་ཐུབ་དབང་ཟླ་ཤེལ་དྭངས་མའི་འོད། །
ཕོག་པ་འགྲོ་བའི་བསོད་ནམས་གསོག་པའི་རྟེན། །
ལྷ་ལྡན་ཇོ་བོའི་དགྱེས་ཞལ་མཇལ་བའི་ཚེ། །
 
དད་གསུམ་སྐྱ་རེངས་འཛུམ་དཀར་གྱིས། །
གང་གི་མཛོད་སྤུའི་མཁའ་དབྱིངས་ལས། །
བྱིན་རླབས་ཟླ་བ་འཛུམ་པའི་རླབས། །
ཐུགས་ཀྱི་མཚོ་མོར་ཅི་བདེར་དྲངས། །
 
དེའི་ཚེ་སྔོན་དུས་ལི་ཡུལ་དང་། །
བྱ་རྒོད་སྤུངས་རིའི་བཀོད་པ་དེར། །
གནས་ལྔ་སྨྲ་བའི་དབང་པོ་རུ། །
གྱུར་པའི་གནས་རྣམས་འཁྲུལ་མེད་དྲན། །
 
གཞན་ཡང་བདེ་གསལ་མི་རྟོག་གི །
ཉམས་སྣང་ནགས་ལ་མེ་ཆེན་བཞིན། །
མཆེད་དེ་ལྷ་དང་མིར་བཅས་ཀྱིས། །
མཆོད་པ་ཆེན་པོའི་གནས་སུ་གྱུར། །
 
ཀ་ནི་སྒོ་བཞི་ལྷ་ཡི་དགའ་ཚལ་དེར། །
ཉམས་རྟོགས་ཁྲུས་ལ་ཡང་ཡང་ཞུགས་པའི་ཚེ། །
མ་ཅིག་ལབ་སྒྲོན་མཐོ་རིས་ན་ཆུང་མས། །
ཟག་མེད་ལང་ཚོས་རྗེས་སུ་བཟུང་དང་ལྷན། །
 
འཛུམ་པའི་མདངས་དང་སྒེག་པའི་ཉམས་འགྱུར་བཅས། །
གདམས་ངག་སྙིང་གི་གཏམ་གྱིས་བསྐུལ་དང་ལྷན། །
གཅོད་ཡུལ་བཀའ་བབས་ལེགས་སྐྱེས་མེ་ཏོག་ཕྲེང་། །
གང་གི་མགུལ་བར་བསྒྲོན་པའི་ལས་དག་བརྩམས། །
 
མཚུངས་མེད་བླ་མ་རས་མ་བ་ཞེས་པར། །
གྲགས་པ་གང་དང་ལྷན་ཅིག་གནས་པའི་ཚེ། །
སྲོག་སྒྲུབ་ནག་མོས་བུད་མེད་གཟུགས་བསྟན་ནས། །
ཌཱཀྐིའི་ཙིཏྟ་ཞེས་བྱའི་པུ་སྟི་ཕུལ། །
 
དེའི་ཚེ་གང་གི་ཐུགས་ཀྱི་མེ་ལོང་མར། །
སྲོག་སྒྲུབ་ནག་མོས་བསྐུལ་བ་དེ་ཤར་ནས། །
བསོད་ནམས་འདབ་སྟོང་གྲོལ་བའི་སྐལ་ལྡན་ལ། །
སྙིང་ཐིག་ཆོས་ཆར་འབེབས་པར་ཞལ་བཞེས་སོ། །
 
མཚན་བཟང་གྲངས་ཀྱིས་ན་ཚོད་ཟིན་པའི་ཚེ། །
ཟག་མེད་བདེ་དགའ་འཕེལ་བའི་གནས་ཀྱི་མཆོག །
མཆིམས་ཕུ་རི་མོ་ཅན་གྱི་དབེན་གནས་སུ། །
ལས་ཅན་ཕོ་མོ་གྲངས་མེད་སྨིན་པར་མཛད། །
 
དེའི་ཚེ་འཁོར་འདས་མཉམ་པའི་གདམས་ངག་གིས། །
གྲོལ་བའི་སྐལ་ལྡན་ཚོགས་ལས་རྣལ་འབྱོར་མ། །
གཅིག་ལ་སྔགས་སྲུང་དངོས་སུ་བབ་པ་ན། །
གཞན་དག་ཐེ་ཚོམ་གྱུར་ནས་གནས་པའི་ཚེ། །
 
གང་གིས་འཁྲུལ་མེད་གསུང་གིས་དབུགས་དབྱུང་ནས། །
སྣང་སེམས་རོ་གཅིག་རྟོགས་པའི་རྣལ་འབྱོར་ལ། །
བར་ཆད་མཚན་མའི་མིང་ཙམ་མི་གྲགས་ཞེས། །
ཟླ་མེད་གསུང་གི་རོལ་མོ་སྣ་ཚོགས་དཀྲོལ། །
 
དེས་ཆོ་གའི་ལྷག་ཆད་ནོར་འཁྲུལ་སོགས། །
ཀུན་བསལ་ནས་ཉམས་རྩལ་རྫོགས་པའི་གླུ། །
བློ་སྒོམ་དང་བྲལ་ན་དགའ་བ་ལ། །
སྒོམ་བློ་དང་བྲལ་ན་སྐྱིད་ཅེས་གསུངས། །
 
འཁོར་སྐལ་ལྡན་ཚོགས་དང་ལྷན་ཅིག་ཏུ། །
ཆོས་མཉམ་ཉིད་རྟོགས་པའི་ཉམས་དང་བཅས། །
ལུས་ཕྱག་རྒྱའི་གར་བསྒྱུར་བདེ་སྟོང་གི །
གནས་འགག་པ་མེད་པའི་གླུ་ཡང་བླངས། །
 
མ་རྣལ་འབྱོར་གཅིག་ལ་ཕག་མོ་མཆོག །
སྐུ་ཡེ་ཤེས་ཚུལ་དུ་བབ་དང་ལྷན། །
གསུང་རྡོ་རྗེའི་སྒྲ་དབྱངས་སྣ་ཚོགས་ཀྱིས། །
དུས་མ་འོངས་འགྲོ་དོན་མཛད་ཚུལ་བསྟན། །
 
རང་གཅིག་པུར་བསྒྲུབས་ན་གདོས་བཅས་ལུས། །
གནས་འོད་སྐུར་གྲོལ་བར་ངེས་གྱུར་ཀྱང་། །
མ་འགྲོ་བའི་དོན་ཆེན་བསྒྲུབ་སླད་དུ། །
ངག་མགྲིན་པ་དུང་དཀར་གཡས་འཁྱིལ་ལས། །
 
མ་མཁའ་འགྲོའི་སྙིང་ཐིག་ཆོས་ཀྱི་མཛོད། །
དེའི་མན་ངག་ཐོས་པ་རང་གྲོལ་བཅས། །
བུ་སྐལ་ལྡན་སྨིན་པའི་བགོ་སྐལ་དུ། །
སྙན་ལྷང་ལྷང་འབུད་དགོས་གཞན་ཡང་ནི། །
 
སྣང་བཞི་མཐར་ཕྱིན་གྲུབ་པ་མཆོག་གི་སར། །
སྐུ་གསུམ་མངོན་མཛད་ལས་འབྲེལ་རྩལ་ཉིད་ཀྱིས། །
རིམ་གཉིས་ལམ་གྱིས་ལོངས་སྐུའི་ཞིང་ཁམས་སུ། །
ཚེ་གཅིག་ཉུལ་ཅེས་ལུང་གིས་དབུགས་དབྱུང་ལྟར། །
 
སྐལ་ལྡན་ཆུ་སྐྱེས་ལེགས་བཤད་ཀྱི། །
ཟླ་བ་འཛུམ་པའི་བསིལ་ངད་ཀྱིས། །
སྐྱོང་བར་མཛོད་ཅེས་ལྐོག་གྱུར་གྱི། །
ལུང་བསྟན་མེ་ཏོག་ཅི་ཡང་བབ། །
 
དམིགས་མེད་རྩེ་གཅིག་སྒྲུབ་པའི་སྣང་བ་ལ། །
བུད་མེད་དར་དཀར་གསོལ་ཞིང་གསེར་གཡུ་ཡིས། །
བརྒྱན་པ་སྐུ་ལ་ཐིམ་པའི་ཉམས་སྣང་གིས། །
འཁོར་འདས་གཞི་གཅིག་གྲོལ་བའི་གདམས་པ་རྙེད། །
 
<ལྷུན་གྲུབ་གདོད་ནས་སྟོང་པ་ཀ་དག་དང་། །
བདེར་གཤེགས་ཀུན་བཟང་ཡབ་ཡུམ་ཕྱག་འཚལ་བསྟོད། །
སེམས་ཉིད་སྤྲོས་དང་བྲལ་བ་ཆོས་ཉིད་དང་། །
གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །
རྣམ་སྣང་ནང་ན་ཡོད་དེ་ཕྱི་ནང་མེད། །
བདེར་གཤེགས་སངས་རྒྱས་རིགས་ལ་གསོལ་བ་འདེབས། །>
 
དེ་ལྟར་འཁྲུལ་མེད་གསུང་ངག་གིས། །
ཟབ་དོན་ལེགས་བཤད་སྒྲོག་དང་ལྷན། །
དགའ་བཞིའི་ལང་ཚོ་རྫོགས་པའི་ཉམས། །
ཕྱག་རྒྱ་གར་གྱིས་བྲོ་ཡང་བརྡུངས། །
 
དྲི་མེད་ནམ་མཁའི་ངོས་ཡངས་སུ། །
བུད་མེད་ནག་མོ་གསུམ་བྱུང་ནས། །
བདེ་ཆེན་གནས་ནས་འདིར་ཡོང་ཟེར། །
ལས་ཅན་སློབ་མ་ཉུལ་ཕྱིར་དང་། །
 
དམ་ཚིག་ཅན་ཁྱོད་བལྟ་ཕྱིར་ཡོང་། །
ཐུབ་པའི་རྒྱལ་ཚབ་མངའ་གསོལ་ན། །
འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །
ཞེས་སོགས་གསུང་གིས་ཡང་ཡང་བསྔགས། །
 
དེ་ལྟར་བདེན་པའི་ཚིག་གིས་དབུགས་དབྱུང་སྣ་ཚོགས་ཐོབ་པ་ན། །
རྟེན་འབྲེལ་ཆོ་གའི་དགའ་སྟོན་དཔལ་ལ་ཅི་བདེར་རོལ་བའི་ཚེ། །
ཨོ་རྒྱན་བི་མ་ལ་མཆོག་ཕག་མོ་མཁའ་འགྲོའི་ཚོགས་དང་བཅས། །
དགྱེས་པའི་འཛུམ་གྱིས་ཕེབས་ནས་དབང་སྐུར་སྐུ་ལ་ཐིམ་པར་གྱུར། །
 
དེའི་ཚེ་རང་རིག་གདོད་མའི་གཤིས། །
མ་འབད་མངོན་སུམ་ཉིད་གྱུར་ནས། །
བདེ་སྟོང་ཉམས་ཀྱི་མགུར་གླུ་དག །
རང་སེམས་སྟོང་པའི་མཁའ་ནས་བླངས། །
 
སླར་ཡང་རྡོ་རྗེ་གཡུ་སྒྲོན་མ། །
དགྱེས་པའི་འཛུམ་གྱིས་ཚུར་ཕེབས་ཏེ། །
བཀའ་ལུང་གསེར་གྱི་ཅོད་པན་གྱིས། །
མི་འཇིགས་དབུགས་དབྱུང་ཅི་ཡང་མཛད། །
 
དོན་དམ་དབྱིངས་སུ་སྟོང་པའི་རང་བཞིན་མ་འགགས་འཕྲིན་ལས་ཀུན་རྫོགས་ཤིང་། །
ཀུན་རྫོབ་ཀློང་དུ་འགྲོ་བ་གདུལ་སླད་མཁའ་འགྲོའི་གར་སྟབས་སྣ་ཚོགས་ཅན། །
མ་ཚོགས་དབང་ཕྱུག་རྡོ་རྗེ་ཕག་མོའི་རྗེས་ཆགས་འཛུམ་དཀར་ངོམས་དང་ལྷན། །
མ་འོངས་འགྲོ་བར་ཕན་བདེའི་དགའ་སྟོན་ཇི་ལྟར་སྤེལ་བའི་ཚུལ་རྣམས་གསུངས། །
 
དེའི་ཚེ་མཁའ་འགྲོ་གཙོ་གྱུར་ཕག་མོ་ཡིས། །
ཟབ་གསང་སྙིང་ཐིག་ཆོས་ཀྱི་བདག་པོ་དང་། །
གསུམ་པའི་དབང་སྐུར་ཚུལ་དང་མཆིམས་ཕུ་རུ། །
བླ་མེད་གཏེར་ཆོས་བཞུགས་ཚུལ་ལྷག་མེད་གསུངས། །
 
སྒྲིབ་བྲལ་ཡེ་ཤེས་མེ་ལོང་གཙང་མ་རུ། །
གདམས་པའི་དཀའ་གནད་གཟུགས་བརྙན་ཇི་བཞིན་དུ། །
མངོན་གྱུར་དེའི་ཚེ་ཐུགས་རྒྱུད་ནམ་མཁའ་མཛོད། །
མཆོག་ལ་མངའ་བརྙེས་ཐུབ་པའི་སྲས་སུ་གྲགས། །
 
མ་ཆགས་པདྨའི་གདན་གྱི་སྟེང་། །
སྲིད་གསུམ་ཟིལ་གནོན་ཧེ་རུ་ཀའི། །
བདེ་ཆེན་ཡེ་ཤེས་འདྲེན་པའི་གཉེན། །
ཡེ་ཤེས་མཚོ་རྒྱལ་ཞེས་སུ་གྲགས། །
 
གང་དེའི་འཕྲིན་ལས་བསིལ་རླུང་གིས། །
ཐུགས་ཀྱི་མཚོ་མོར་རེག་དང་ལྷན། །
བསྐྱེད་རྫོགས་མན་ངག་རླབས་ཀྱི་ཕྲེང་། །
ཐོགས་པ་མེད་པར་མཁའ་ལ་འཕྱུར། །
 
དུས་གསུམ་རྒྱལ་བའི་དྲི་མེད་ཡེ་ཤེས་ལི་ཁྲིའི་ལང་ཚོ་ཀུན་ནས་རབ་རྫོགས་ཉི་གཞོན་བྱེ་བའི་སྙིང་པོ་དག །
སྙིགས་དུས་འགྲོ་བའི་ཡིད་ཀྱི་ནམ་མཁར་ཉོན་མོངས་དྲི་མའི་གཉེན་པོར་གཅིག་བསྡུས་རྒྱལ་བའི་གདུང་འཚོབ་མཚོ་སྐྱེས་རྗེའི། །
རྗེས་ཆགས་བརྩེ་བའི་འཛུམ་དཀར་མེ་ཏོག་གང་ལ་ཕོགས་ཤིང་དགེ་ལེགས་སྤྲིན་གྱི་རོལ་མོ་འབུམ་ཕྲག་སྣ་ཚོགས་བཅས། །
ཐུབ་བསྟན་ལུང་རྟོགས་ཕན་བདེའི་དགའ་ཚལ་གཅིག་ཏུ་རྒྱས་མཛད་དྲི་མེད་འོད་ཟེར་མཚན་གྱི་ཅོད་ཅན་དབུ་ལ་དཔྱངས། །
 
དེའི་ཚེ་རང་རིག་མཁའ་འགྲོ་མ། །
ཡེ་ཤེས་མཚོ་རྒྱལ་ཐུགས་ཀློང་ནས། །
བྱིན་རླབས་བརྡ་ཐབས་སྣ་ཚོགས་བཅས། །
རྡོ་རྗེ་གཟི་བརྗིད་ཅེས་སུ་བསྔགས། །
 
ཟབ་གསང་བླ་མེད་ཆོས་ཀྱི་སྒོ་མོ་ནི། །
སྐལ་ལྡན་ཡིད་ཀྱི་གསོས་སུ་འབྱེད་པ་ལ། །
དཀྱིལ་འཁོར་བཞེངས་ཚེ་ཐིག་སྣ་བུད་མེད་ནི། །
དམར་མོས་མཛད་ཅིང་གཞན་གྱིས་རོགས་དན་བྱས། །
 
མཁའ་འགྲོ་ནམ་གྲུ་རེ་མ་ཏིས། །
ཡུས་པའི་རྣམ་པས་ཟབ་གཏེར་གྱི། །
ཆོས་ཚུལ་དག་གི་སྲུང་མ་ནི། །
ཡིན་ལུགས་འ་འུར་མང་དུ་སྒྲོག །
 
དེའི་ཚེ་གང་ཐུགས་ནམ་མཁའི་ངོས་ཡངས་སུ། །
འཁོར་འདས་ཆོས་ཀུན་རྒྱུ་སྐར་ཚུལ་གྱིས་ནི། །
གསལ་བས་སླར་ཡང་རྟོགས་པའི་ཉམས་མགུར་གྱིས། །
སྲིད་གསུམ་ཁྱབ་པའི་བདེ་སྟོང་གླུ་ཡང་བླངས། །
 
འོད་གསལ་གཏེར་སྒོ་འབྱེད་པ་ལ། །
སྣ་ཚོགས་གཏེར་དག་ཡོད་མེད་ཅི། །
ཆོས་ཟད་བློ་ཟད་རྣལ་འབྱོར་ལ། །
ཆོས་སྲུང་ཡུས་ཆེན་ཅི་ཞིག་བྱ། །
 
ཞེས་སོགས་ཉམས་གླུ་སྣ་ཚོགས་བཅས། །
མཁའ་འགྲོ་གདམས་ངག་བདུད་རྩི་ཡིས། །
ཚིམས་བྱས་ཆོས་ཚུལ་གྲངས་མེད་ཀྱིས། །
ས་གསུམ་ཁྱབ་ལ་ཐུགས་ཀྱང་བསྐྱེད། །
 
འཁོར་འདས་དབྱེར་མེད་ཆོས་ཀྱི་མཆོག་གྱུར་པ། །
ཐོད་རྒལ་ལམ་གྱི་གསང་གནད་ངོ་སྤྲོད་ཚེ། །
ཁྱབ་པ་ཆེན་དང་ཐིག་ལེ་སྟོང་སྒྲོན་རྣམས། །
དཔེས་མཚོན་མ་དགོས་རྗེན་ཅར་ཚུལ་དུ་བསྟན། །
 
རྡོ་རྗེ་ལེགས་པས་རང་ཞལ་གྱི། །
ཟླ་བའི་དཀྱིལ་ངོམས་དང་ལྷན། །
ཨོ་རྒྱན་རྫོང་དུ་ཕེབས་ཚུལ་དང་། །
སྐལ་ལྡན་སློབ་མའི་ལུང་ཡང་བསྟན། །
 
སླར་ཡང་མཁའ་འགྲོ་ནམ་གྲུ་རེ་མ་ཏིས། །
གང་གི་ཞབས་ཟུང་འཁོར་ལོ་བསྒྱུར་བའི་ཡུལ། །
ལྷ་རིངས་བྲག་དང་ཨོ་རྒྱན་རྫོང་གནས་དང་། །
ཞྭ་ཡི་ལྷ་ཁང་ལ་སོགས་གསོ་ཚུལ་བསྟན། །
 
ཐུབ་བསྟན་ཆོས་ཚུལ་དྲི་མ་མེད་པའི་སྒོ། །
ཚུལ་བཞིན་འབྱེད་ལ་གསེར་གྱི་ལྡེའུ་མིག་ནི། །
གང་གི་བསྟན་བཅོས་ཁོ་ནར་ངེས་པའི་ཕྱིར། །
རྩོམ་པའི་རྗེས་གནང་ལུང་བསྟན་དག་ཀྱང་ཐོབ། །
 
རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་བཞིན། །
མཛད་པའི་འཕྲིན་ལས་གཞན་ལས་མངོན་མཐོ་བ། །
མཚོ་སྐྱེས་རྡོ་རྗེའི་ཡབ་ཡུམ་ཟུང་འབྲེལ་གྱིས། །
མ་འོངས་འགྲོ་ལ་བགོ་སྐལ་གཏེར་སྦས་ཆོས། །
 
བླ་མེད་རྫོགས་ཆེན་ཀུན་བཟང་དགོངས་པའི་གནད། །
ཀུན་འདུས་གཏེར་ཆོས་གཉིས་སུ་བཞུགས་པ་ལས། །
ཕྱི་མ་གང་ཉིད་དབྱངས་ཅན་མཆེད་ལྔ་ཡིས། །
ལུང་བསྟན་ཇི་བཞིན་འགྲོ་བའི་དཔལ་དུ་བསུས། །
 
སྔོན་དུས་ཐུབ་པ་ཆེན་པོས་འཇིག་རྟེན་གྱི། །
ཞིང་ཁམས་ཞབས་ཀྱིས་བཅགས་པ་ཇི་བཞིན་དུ། །
གང་གི་ཞབས་ཟུང་གསེར་འཁོར་རྩིབས་སྟོང་ཅན། །
ཕྱོགས་མེད་འགྲོ་བའི་དཔལ་དུ་མངོན་བསྒྱུར་ཚེ། །
 
སྨན་བཙུན་རྡོ་རྗེ་གཡུ་སྒྲོན་གཙོར་བྱས་ནས། །
བོད་ཀྱི་བསྟན་སྲུང་བསྟན་མ་བཅུ་གཉིས་དང་། །
ལྷ་རབས་མཆེད་དགུ་སོགས་ཀྱིས་མདུན་བསུས་ཏེ། །
ས་གསུམ་ཐུགས་རྗེའི་འོད་ཀྱིས་ཁྱབ་པར་མཛད། །
 
བསྐལ་མང་ཚོགས་གཉིས་ཆུ་གཏེར་བསྲུབས་ལས་ལེགས་བལྟམས་སྟོན་མཆོག་སྨྲ་བའི་ཟླ་བ་འགྲོ་བའི་བསོད་ནམས་མིག་གི་དགའ་སྟོན་མ་ལུས་རྫོགས་ཕྱིར་སླར་ཡང་སྲིད་ཞིའི་དཔལ་དུ་ནི། །
བླ་མེད་ཐུགས་བསྐྱེད་འཕྲིན་ལས་རླུང་གིས་ཉེར་བར་བསྐུལ་ཏེ་ངོ་མཚར་མཚན་དཔེའི་ལང་ཚོ་དང་བཅས་ལུང་དང་རྟོགས་པའི་ཆོས་ཚུལ་མཁའ་ལ་ཏིང་འཛིན་འགྲོས་ཀྱིས་གཤེགས་པ་བཞིན། །
མཐོང་དང་ཐོས་པས་མ་རིག་ཉེས་ཚོགས་མུན་པའི་དཔུང་འཇོམས་ཕན་བདེའི་འོད་སྣང་ཀུན་ནས་རྒྱས་བྱེད་གང་སྐུ་དྲི་མེད་ཟླ་གཞོན་དྭངས་མ་ཤར་རིའི་རྩེ་ནས་མངོན་འཕགས་ཏེ། །
ངོ་མཚར་ཏིང་འཛིན་ལྗོན་པའི་ཚོགས་རྣམས་མ་འབད་རང་བྱུང་ཤེས་རབ་འདབ་སྟོང་ཕྱོགས་སུ་འཛུམ་པའི་ཁོར་ཡུག་ཉམས་དགའ་གངས་རི་ཐོད་དཀར་ཞབས་ཟུང་མེ་ཏོག་དགོད་པར་མཛད། །
 
དྲི་མེད་ཐུགས་ཀྱི་ཟླ་གཞོན་འཛུམ་པ་ཡིས། །
མཚུངས་མེད་ཆོས་ཀྱི་པད་དཀར་སྣ་ཚོགས་པ། །
ཕྱོགས་མེད་འགྲོ་བའི་བསོད་ནམས་མིག་གི་དཔལ། །
ཡོལ་མེད་རྒྱས་མཛད་རྒྱལ་བའི་རྟུལ་ཞུགས་ཅན། །
 
ཆོས་ཀྱི་རྔ་ཆེན་རི་མོ་གསུམ་པའི་གཟུགས། །
སྐལ་ལྡན་འགྲོ་བའི་རྣ་བ་བཟང་པོའི་དཔལ། །
འཕྲིན་ལས་དབྱུ་གུས་བར་མེད་བརྡུང་བའི་གནས། །
ཨོ་རྒྱན་རྫོང་གནས་ཆོས་ཀྱི་སྡེ་ཡང་བཙུགས། །
 
བསོད་ནམས་འོ་མའི་མཚོ་མོ་རྒྱས་པ་ལས། །
བྱུང་བའི་སྐལ་ལྡན་བདུན་ཕྲག་གསུམ་པོ་ལ། །
ཟབ་གསང་ཆོས་ཀྱི་ཡང་མཛོད་སྙིང་ཐིག་གི །
བདུད་རྩིའི་དཔལ་ལ་ལོངས་སྤྱོད་སྐལ་བཟང་བསྩལ། །
 
རྟོགས་པའི་གངས་རི་གཞན་ལས་མངོན་མཐོ་བ། །
འོད་ཟེར་གོ་ཆས་གསུང་གིས་བསྐུལ་བ་ལྟར། །
མཁའ་འགྲོའི་ཡང་ཏིག་ཡིད་བཞིན་ནོར་བུ་ཡི། །
ངོ་མཚར་ཆོས་ཀྱི་པུསྟི་གསར་དུ་བརྩམས། །
 
དེའི་ཚེ་རང་རིག་གདོད་མའི་མགོན་པོ་དང་། །
ཕྱོགས་བཅུའི་དུས་བཞིའི་རྒྱལ་བ་སྲས་དང་བཅས། །
ཕུལ་བྱུང་མཛད་པར་དགྱེས་པའི་ངང་ཚུལ་གྱིས། །
དགེ་ལེགས་མེ་ཏོག་སིལ་མས་ཡང་ཡང་གཏོར། །
 
གང་གི་གསང་གསུམ་སྤྲིན་དཀར་གཡས་འཁྱིལ་ལས། །
བྱུང་བའི་ལེགས་བཤད་ཆོས་ཚུལ་བསང་གཏོར་གྱིས། །
ཐུབ་བསྟན་གངས་རིའི་ལང་ཚོ་འཁྲུད་བྱེད་དག །
ཕལ་ཆེར་གནས་འདིར་བརྩམས་ཞེས་ཡོངས་སུ་གྲགས། །
 
ཉི་མའི་འཛུམ་དཀར་གྲོལ་བའི་དུས། །
ཤར་རིའི་རྩེ་ནས་སྣ་ཚོགས་པའི། །
སྒྲ་དབྱངས་མཆེད་པའི་ངོ་མཚར་གྱིས། །
ས་གསུམ་ཤིས་པའི་དཔལ་དག་བསྒྲུབས། །
 
གང་གི་དག་སྣང་མེ་ལོང་གི །
ངོས་དག་དྲི་མས་བཏང་བའི་གཞིར། །
ཀུན་བཟང་ཞི་ཁྲོའི་ཚོམ་བུ་བཅས། །
དངོས་སུ་མཇལ་བའི་སྐལ་བཟང་རྙེད། །
 
བདེ་གསལ་མི་རྟོག་ནམ་མཁའི་ངོས་ཡངས་སུ། །
ཏིང་འཛིན་ཉི་ཟླའི་འཇུག་ལྡང་འབུམ་ཕྲག་གྲངས། །
རང་གར་མཛད་ལ་དབང་ཐོབ་སེམས་དཔའི་ཚུལ། །
བཱི་མ་མི་ཏྲ་སྐུ་མདོག་ལྗང་སེར་མཇལ། །
 
མཁའ་སྤྱོད་བླ་མ་བཞི་དང་གྲུབ་རིག་འཛིན། །
ཀུ་མ་རཱ་ཛ་ལོངས་སྐུའི་ཆ་ལུགས་ཅན། །
སྲིད་གསུམ་ཟིལ་གནོན་པདྨ་རྒྱལ་པོ་སོགས། །
ཞལ་གཟིགས་ལུང་བསྟན་ཀུན་གྱིས་དམ་པར་བསྔགས། །
 
དེ་ནས་བཟུང་སྟེ་ཡི་དམ་ལྷག་པའི་ལྷའི། །
ཞལ་མཐོང་མཚུངས་མེད་བླ་མ་དག་གིས་ཀྱང་། །
དངོས་ཉམས་རྨི་ལམ་སྣ་ཚོགས་དང་བཅས་ཏེ། །
འོད་གསལ་སྣང་བ་ཚད་ཕེབས་རྒྱུན་མར་བྱུང་། །
 
སྐུ་ཡི་ངོ་མཚར་མཆོག་ལ་མངའ་བརྙེས་བར་སྣང་རི་བྲག་ཐོགས་མེད་གཤེགས་པའི་འཕྲིན་ལས་རྫོགས། །
གསུང་གི་ངོ་མཚར་མཆོག་ལ་མངའ་བརྙེས་གང་གསུང་འཁྲུལ་བྲལ་རྒྱལ་བའི་བཀའ་དང་གཉིས་སུ་མེད། །
ཐུགས་ཀྱི་ངོ་མཚར་མཆོག་ལ་མངའ་བརྙེས་དབྱིངས་རིག་མ་བུ་གཅིག་ཏུ་འདྲེས་པའི་དགེ་ལེགས་ཀྱིས། །
དུས་གསུམ་རྒྱལ་རྣམས་དགའ་བའི་དཔལ་སྐྱེད་ཐུབ་བསྟན་པད་ཚལ་ཀུན་ནས་རྒྱས་པའི་བྱེད་པོར་གྱུར། །
 
ལྷ་རིངས་བྲག་ཏུ་རིགས་བརྒྱའི་ཆོ་ག་ཡི། །
ཁ་སྐོང་མཛད་དུས་དཀྱིལ་འཁོར་ཚོམ་བུ་བཅས། །
དངོས་སུ་སྣང་བ་སྐལ་ལྡན་གྲངས་མེད་ཀྱིས། །
མཇལ་བའི་ངོ་མཚར་སྒྲ་དབྱངས་ས་གསུམ་ཁྱབ། །
 
ཁྱད་པར་དུ་ཡང་ལྷོ་ནུབ་མཁའ་དབྱིངས་ཀྱི། །
མཚམས་སྤྲིན་སྣ་ཚོགས་འཁྱིལ་བའི་གུར་ཁང་ལས། །
བཱི་མ་ལ་ཉིད་ཉི་མའི་དཀྱིལ་འཁོར་བཞིན། །
དགྱེས་པའི་འཛུམ་ཞལ་གང་ལ་ཕྱོགས་བྱས་ཏེ། །
 
འཁྲུལ་མེད་ལམ་གྱི་སྒོ་མོ་འབྱེད་བྱེད་པའི། །
ཕྱག་མཛུབ་གསེར་གྱི་ཐུར་མ་བཟང་པོ་ཡིས། །
ཤར་ལྷོའི་མཚམས་སུ་སྡིགས་མཛུབ་མཛད་དང་ལྷན། །
ལུང་བསྟན་བརྡ་ཐབས་ཅི་ཡང་བསྟན་པར་མཛད། །
 
དེའི་སྐབས་གང་གི་མནལ་ལམ་སྣང་བ་ལ། །
མི་འཇིགས་སེངྒེ་བཞིས་བཏེག་ཁྲི་བཟང་ལ། །
བཞུགས་པའི་མཚུངས་མེད་སྟོན་པ་བཱི་མ་ལས། །
སླར་ཡང་འགག་མེད་གསུང་གི་རང་སྒྲ་ནི། །
 
<ང་ནི་ཀུ་མ་རཱ་ཛ་ཡིན། །
པདྨ་བརྩེགས་པའི་ཞིང་དུ་འགྲོ། །
སངས་རྒྱས་བསྟན་པ་དར་བར་གྱིས། །>
ཞེས་པའི་བདེན་གཏམ་གསན་པ་ན། །
 
མཚུངས་མེད་རིགས་བདག་ཀུ་མ་རཱ་ཛ་མཆོག །
ཞི་བར་གཤེགས་པའི་ངང་ཚུལ་ལ་དགོངས་ནས། །
འཁོར་གསུམ་ཡོངས་དག་ཆོས་ཀྱི་སྒྲ་དབྱངས་ནི། །
ལན་གསུམ་བསྒྲགས་པས་སྲིད་ཞི་བསྒུལ་བར་བྱས། །
 
ཁྱད་པར་དུ་ཡང་འོད་གསལ་རྡོ་རྗེ་ཡི། །
སྙིང་པོའི་བསྟན་པ་མི་ནུབ་ཡུན་རིང་དུ། །
གནས་ཕྱིར་གང་གིས་སྐུ་ལུས་དུ་མ་རུ། །
སྤྲུལ་ཞིང་གཟའ་བདུད་ས་སོགས་བྲན་དུ་བཀོལ། 
 
དེའི་ཚེ་གང་གི་མཁྱེན་རབ་གངས་ཀྱི་རི། །
འཕྲིན་ལས་ཉི་མས་ཡོངས་སུ་བཞུས་པ་ན། །
ཐེ༵ག་པའི་མཆོ༵ག་གྱུར་གསང་ཆེན་བསྟན་པའི་མཛོ༵ད། །
མཛེས་བྱེད་ཆོས་ཀྱི་དགའ་སྟོན་འདི་ཡང་སྤེལ། །
 
གང་ཚེ་རྒྱ་མ་གནས་སུ་སློབ་དཔོན་མཁས་པའི་སྡེ། །
དཔལ་མཆོག་དང་ནི་བསོད་ནམས་སེང་གེ་སོགས། །
དགེ་བཤེས་མང་དུ་འདུས་པའི་ཚོགས་ཀྱི་གྲལ་དག་ལ། །
སྙིང་ཐིག་ཆོས་ཀྱི་བདུད་རྩིའི་དགའ་སྟོན་སྩོལ་བའི་ཚེ། །
 
མཁས་རློམས་གངས་ཀྱི་རི་བོ་ཆེས་མཐོའི་རྩེར། །
གང་གི་མཁྱེན་རབ་མཆེ་སྡེར་ངོམས་བྱས་ཏེ། །
ལུང་རིགས་ང་རོ་སྒྲོག་པའི་དགེ་ལེགས་ཀྱིས། །
མཁས་པའི་གོ་འཕང་མཆོག་ལ་སླར་ཡང་གཤེགས། །
 
འབྲི་གུང་སྒོམ་པ་ཀུན་རིན་ཞེས་བྱ་བས། །
དད་གསུམ་དར་དཀར་རིང་མོས་སྤྱན་དྲངས་ཏེ། །
རྙེད་བཀུར་གསེར་གྱི་ཁྲི་ལ་མངའ་གསོལ་ཚེ། །
འཁྲུལ་མེད་ཐར་བའི་ལམ་ལ་འགོད་པར་མཛད། །
 
ཤིན་ཏུ་ཉམས་དགའ་དབེན་པའི་རི་སུལ་ཆེ། །
ཏེ་སྒྲོར་བྱོན་ཚེ་མཁའ་འགྲོ་སྣ་ཚོགས་ཀྱིས། །
སྤྱན་དྲངས་གནས་དེའི་ས་གནང་མཛད་པ་སོགས། །
ཕལ་བའི་སྤྱོད་ཡུལ་ལས་འདས་ངོ་མཚར་བརྙེས། །
 
གང་གི་ཞབས་ཟུང་ཉི་ཟླའི་འགྲོས་རྩལ་ཞྭ་ཡི་ལྷ་ཁང་ནམ་མཁའི་མཐོངས་སུ་བསྒྱུར་བ་ན། །
དེའི་ཚེ་དམ་ཅན་རྡོ་རྗེ་ལེགས་པ་མི་དཀར་རྟ་དཀར་ཚུལ་དུ་ཡོང་ནས་ཕྱག་བྱས་ཏེ། །
ལྷ་ཁང་ཕྱོགས་ལ་སྡིག་མཛུབ་མཛད་པས་གང་གི་ཐུགས་ཀྱི་མེ་ལོང་གཙང་མའི་ངོས་ཡངས་སུ། །
སླར་ཡང་གསོ་བའི་དུས་སུ་བབ་མཁྱེན་མཐུ་རྐྱེན་གསེར་དངུལ་གཏེར་ནས་བཏོན་དང་ལྷན་ཅིག་ཏུ། །
 
བོད་ཡུལ་སྐྱོང་བའི་ལྷ་རབས་ཏེ། །
བརྟན་པ་བཅུ་གཉིས་གཞན་ཡང་ནི། །
རྡོར་ལེགས་ལ་སོགས་ཆོས་སྐྱོང་གི །
སྒྲུབ་ཐབས་དུ་མ་གཏེར་ནས་དྲངས། །
 
དེའི་ཚེ་ལྷ་མིན་ཕྲག་དོགས་མཚོན་རྣོན་ཅན། །
མཐུ་སྟོབས་རྡོ་རྗེའི་འཕྲུལ་གྱིས་དབང་དུ་བྱས། །
ཤིན་ཏུ་སྐལ་བཟང་འགྲོ་བ་གང་མང་གིས། །
གུ་རུ་དྲག་པོའི་ངང་ཚུལ་དངོས་སུ་མཇལ། །
 
ཁྱད་པར་དུ་ཡང་ཞྭ་ཡི་ལྷ་ཁང་ནི། །
སླར་གསོ་མཛད་ཚེ་དམ་ཅན་རྡོར་ལེགས་ཀྱིས། །
བྱིས་པའི་ཚུལ་གྱིས་གྲོགས་བྱས་ཕན་ཚུན་དུ། །
མིར་ལབ་བཞིན་དུ་གཏམ་དག་སྨྲ་བར་མཛད། །
 
མི་བརྗེད་ལོ་རྒྱུས་གསལ་བའི་ངོ་མཚར་ཅན། །
རྡོ་རིང་འགྱེལ་བ་སླར་ཡང་སློང་བའི་དུས། །
བདེན་སྟོབས་གསུངས་ཤིང་གཡབ་མོ་མཛད་པ་ན། །
རང་དབང་ཚུལ་གྱིས་བསླངས་པའི་མཛད་པ་བསྟན། །
 
ནམ་ཞིག་གང་གི་ཕྱག་སོར་རྩེ་མོ་སྣ་ཚོགས་འཇའ་སྤྲིན་གོས་ཀྱིས་ཀླུབ་པ་ཅན། །
ནམ་མཁར་གདེངས་ཚེ་རྒྱལ་དང་རྒྱལ་སྲས་གྲངས་ཀྱིས་མི་ལངས་སྣང་བར་མཛད་པ་ན། །
ལས་ཅན་གྲངས་མེད་རྣམ་དཀར་ཆོས་ཀྱི་སྒོ་མོ་ཡངས་པོར་འཇུག་པའི་ཐབས་སུ་གྱུར། །
དེའི་ཚེ་གང་ཉིད་གདོད་མའི་མགོན་དང་དབྱེར་མེད་རྣམ་ཐར་འགྲོ་བ་ཡོངས་ལ་གྲགས། །
 
གངས་ཐུགས་བདེན་སྟོང་ནམ་མཁའི་ངོས་ཡངས་སུ། །
ཐུབ་དབང་ཟླ་བར་གནས་བརྟན་སྐར་ཚོགས་ཀྱིས། །
ཡོངས་སུ་བསྐོར་བ་དགྱེས་པའི་འཛུམ་དཀར་བཅས། །
ཕེབས་ཤིང་བདེན་ཚིག་འོད་སྣང་སྣ་ཚོགས་བསྩལ། །
 
འདི་ནས་སྐྱེ་བ་གཉིས་ཀྱི་མཐར། །
རྣམ་པར་བརྩེགས་པའི་ཞིང་ཁམས་སུ། །
རྒྱལ་བ་རི་རབ་མར་མེ་འཛིན། །
ཞེས་སུ་གྲགས་པར་འགྱུར་ཞེས་བསྔགས། །
 
གང་ཚེ་གང་གི་དད་གསུམ་འོ་མའི་མཚོར། །
སློབ་དཔོན་ཆེན་པོ་པདྨའི་ངང་ཚུལ་ཅན། །
ཕེབས་ཤིང་བདེན་གསུང་དྲི་བསུང་སྣ་ཚོགས་ཀྱིས། །
ཕྱོགས་དུས་འགྲོ་བའི་བསོད་ནམས་སྤེལ་ལ་བསྔགས། །
 
ཏིང་འཛིན་ཟླ་བའི་འཇུག་ལྡང་འབུམ་ཕྲག་གི །
ཟག་མེད་ལང་ཚོ་ཀུན་ནས་རྒྱས་པའི་གནས། །
ཏི་སྒྲོར་བྱོན་ཏེ་ས་གསོའི་ཐབས་སྣ་ཚོགས། །
མཛད་ཅིང་གྲུབ་པའི་རྟགས་མཚན་ཅི་ཡང་བསྟན། །
 
ནམ་ཞིག་ཇོ་མོ་ཁ་རག་བཟའ་ཡིས་ནི། །
སྣ་ཚོགས་སྤྲུལ་བའི་བརྡ་ཐབས་དང་བཅས་ཏེ། །
ས་ཕག་ལོ་ལ་འཁྲུགས་སློང་འབྱུང་བའི་ཚུལ། །
གང་གི་ཐུགས་ཀྱི་ངོགས་སུ་གསལ་བར་བྱས། །
 
དེ་ནས་གང་གི་ཐུགས་བསྐྱེད་རྟ་བདུན་འགྲོས་རྩལ་གྱིས། །
དཔོན་སློབ་རྒྱུ་སྐར་ཚོགས་རྣམས་བུམ་ཐང་ཕྱོགས་སུ་ནི། །
ཞབས་ཟུང་སྒྱུར་ཚེ་ཡར་ཀླུངས་དམག་དཔུང་སྒྲ་གཅན་གྱིས། །
གནོད་པར་མ་ནུས་རྫུ་འཕྲུལ་ཐབས་ཀྱིས་རྣམ་པར་རྒྱལ། །
 
དེ་ནུབ་བར་ཁང་བདེ་བའི་གནས་མལ་དུ། །
གཟིམས་པའི་རྨི་ལམ་འོད་གསལ་ལ་ཤར་བ། །
གང་ཉིད་ཇོ་བོའི་སྐུ་མདུན་གནས་པ་ལ། །
སྐུ་ལས་འོད་ཟེར་དཔག་མེད་སོ་སོར་འཕྲོས། །
 
དེ་ཡི་དཔྲལ་བའི་དཀྱིལ་གྱི་འོད་ཚོམས་སུ། །
སངས་རྒྱས་རབས་བདུན་མཚན་དང་དཔེ་བྱད་ཅན། །
བཞུགས་པ་མཐོང་ཞིང་དད་གསུམ་ཡིད་ཀྱི་སྒོར། །
བྱིན་རླབས་སྣང་བའི་ངོ་མཚར་ཅི་ཡང་མཆེད། །
 
གཞན་ཡང་སྨན་བླ་སྒྲོལ་མ་དཀར་སྔོན་དང་། །
བདེ་མཆོག་དགྱེས་རྡོར་སྤྱན་གཟིགས་རྒྱལ་པོའི་ལུགས། །
ཕྱག་སྟོང་སྤྱན་སྟོང་རྒྱལ་བ་རྒྱ་མཚོ་སོགས། །
མཐའ་སྐོར་ཆོས་སྐྱོང་དག་གིས་བསྐོར་བ་མཇལ། །
 
སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེ་མཆོག །
སླར་ཡང་གངས་རིའི་ལྗོངས་སུ་བྱོན་པ་བཞིན། །
དགེ་བསྙེན་ཉེར་གཅིག་སོགས་ཀྱིས་མདུན་བསུས་ཏེ། །
ཕོ་མའི་བྱང་ཐང་ཕྱོགས་སུ་ཞབས་ཟུང་བསྒྱུར། །
 
དེའི་ཚེ་སྔོན་དུས་རྒྱལ་བ་སྐྱོབ་པ་གང་དེས་སྣ་ཚོགས་འགྲོ་བའི་ཡིད་ཀྱི་མེ་ལོང་མར། །
བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་རིམ་པས་སྐལ་ལྡན་སེམས་ཀྱི་དགའ་སྟོན་ཅི་ཡང་སྤེལ་བ་བཞིན། །
གང་འདིས་ལ་ཡགས་མན་ཐང་གནས་སུ་མཁན་ཆེན་ཁྱབ་བརྡལ་ལྷུན་གྲུབ་གཙོར་བྱས་སྐལ་ལྡན་ནི། །
སྙིང་ཐིག་ལ་སོགས་ཆོས་ཚུལ་དག་གིས་སྨིན་པར་མཛད་ཅིང་འཕྲིན་ལས་སྣང་བ་ཕྱོགས་སུ་མཆེད། །
 
དེ་ནས་སླར་ཡང་ལྷོ་ཕྱོགས་འཇིག་རྟེན་དུ། །
གཤེགས་ཤིང་བླ་མེད་མཛད་པའི་འཕྲིན་ལས་ཀྱིས། །
ཐུབ་བསྟན་ཆོས་ཀྱི་པད་ཚལ་སྐྱོང་དང་ལྷན། །
དགོན་གནས་གླིང་བརྒྱད་གྲགས་པ་གསར་བཞེངས་མཛད། །
 
བབ་རོན་ཐར་པ་གླིང་དང་ཤིང་མཁར་བདེ་ཆེན་གླིང་། །
སྟང་གི་ཨོ་རྒྱན་གླིང་དང་ཀུར་སྟོད་ཀུན་བཟང་གླིང་། །
སྔོན་ལུང་འབྲས་བཅགས་གླིང་དང་ཁོ་ཐང་པདྨ་གླིང་། །
མེན་ལོག་ཀུན་བཟང་གླིང་དང་སྤ་གྲོ་སྟག་ཚང་གླིང་། །
 
གང་གི་མཛད་བཟང་སྣང་བ་འབར་བའི་གཟིས། །
ཐུབ་བསྟན་ཆོས་ཚུལ་པད་ཚལ་རྒྱས་པའི་གནས། །
དེ་ལྟར་ཐུགས་བསྐྱེད་འབུམ་གྱིས་བཞེངས་པའི་ཚེ། །
བསོད་ནམས་གངས་ཀྱི་རི་བོ་གཞན་ལས་མཐོ། །
 
གནས་དེར་ཆུ་མིག་གཏེར་བཏོན་དང་། །
རྡོ་དང་བྲག་ལ་ཕྱག་ཞབས་ཀྱིས། །
བཀོད་པའི་སྣང་བརྙན་རྨད་བྱུང་བ། །
དད་ལྡན་མིག་གི་བདུད་རྩིར་གྱུར། །
 
ཁྱད་པར་དུ་ཡང་མེན་ལོག་ཏུ། །
བཞུགས་སྐབས་རི་ལུང་ཕན་ཚན་དུ། །
རང་དབང་ཚུལ་གྱིས་འཕུར་བ་དང་། །
སྣ་ཚོགས་རྫུ་འཕྲུལ་གྲངས་མེད་བསྟན། །
 
དགེ་བཅུའི་ལས་ཀྱིས་ཕོངས་པའི་གནས། །
དམུ་རྒོད་འཚོ་བའི་འཇིག་རྟེན་དེར། །
དགེ་ལེགས་བྱེ་བའི་འབྱུང་གནས་ཆེ། །
ལུང་རྟོགས་ཆོས་ཚུལ་དར་བར་མཛད། །
 
གནས་དེའི་སྐྱེ་རྒུའི་མོས་བློ་དང་། །
འཚམས་པའི་ཆོས་ཀྱི་འཁོར་ལོ་ཡང་། །
ཐུབ་པ་སླར་ཡང་བྱོན་པ་བཞིན། །
བསྐོར་བའི་ངོ་མཚར་བརྗོད་ལས་འདས། །
 
ཡུལ་དེའི་ནག་ཕྱོགས་བདུད་ཀྱི་རིགས། །
ཁྱུང་བདུད་གདོང་ཟུར་སྨན་མོ་སོགས། །
བཏུལ་ཅིང་བྲན་དུ་བཀོལ་བ་ལས། །
བླ་མར་དྲི་མེད་འོད་ཟེར་གྲགས། །
 
ཐར་པ་གླིང་དུ་ཀུན་བཟང་དགོངས་འདུས་སོགས། །
ཆོས་སྐོར་མང་དང་གཞན་ཡང་མན་ངག་ནི། །
སྣ་ཚོགས་ཕྱི་རབས་འགྲོ་བའི་བགོ་སྐལ་དུ། །
གཏེར་དུ་སྦས་ཤིང་སྨོན་ལམ་རྒྱས་བཏབ་བོ། །
 
གང་གི་མཁྱེན་རབ་ཟླ་བའི་མདངས་འཛིན་ངེས་འབྱུང་ཆབ་ཀྱིས་ལེགས་བྲན་པ། །
ལུང་རྟོགས་ཆོས་ཚུལ་ནམ་མཁའི་མཐོངས་སུ་འཇིགས་པ་ཀུན་བྲལ་རྒྱུ་བ་ན། །
ཏ་སི་ཐུགས་ཀྱི་དྲི་མེད་གཙང་པོར་དད་གསུམ་རླབས་རིས་ཕྱོགས་སུ་མཆེད། །
དེའི་ཚེ་གང་མཚན་ཀློང་ཆེན་རབ་འབྱམས་ཞེས་བྱའི་རྒྱལ་རྔ་ཕྱོགས་སུ་བརྡུངས། །
 
གོང་དཀར་མཐིལ་དུ་སི་ཏུས་གཙོར་གྱུར་པའི། །
འཁོར་ཚོགས་མ་ལུས་དབང་ལུང་མན་ངག་གིས། །
གདམས་པའི་གནད་ཀྱིས་སྨིན་པར་བྱས་དང་ལྷན། །
མི་ནུབ་ཆོས་ཀྱི་རྒྱལ་མཚན་ཕྱོགས་སུ་བསྒྲེངས། །
 
ས་སྐྱའི་བླ་མ་དམ་པ་ཡིས། །
དྲི་བ་མཛད་པའི་ལན་དུ་ནི། །
ཞུ་ཡིག་གསེར་གྱི་ཆོས་སྡོང་ཞེས། །
མཛད་པས་ཐུགས་ཀྱི་དགྱེས་པ་བསྐངས། །
 
ཁྱད་པར་དུ་ཡང་མདོ་སྔགས་ཀྱི། །
ཆོས་ཚུལ་གནད་རྣམས་མ་ལུས་པ། །
བློ་གྲོས་གསེར་གྱི་ཐུར་མ་ཡིས། །
ཡོངས་སུ་རྫོགས་པའི་རི་མོ་བྲིས། །
 
དེའི་ཚེ་གང་གི་ཐུགས་ཀྱི་ནམ་མཁའ་ལ། །
ཤར་བའི་མན་ངག་རྒྱུ་སྐར་ཕྲེང་བ་དག །
བློ་ལྡན་ཕལ་གྱིས་ཁོང་དུ་མ་ཆུབ་པར། །
འབེལ་གཏམ་མཛུབ་མོས་མ་ལུས་གསལ་བར་མཛད། །
 
ཐུབ་པ་སླར་ཡང་རང་གི་ཆོས་ཚུལ་མཛོད། །
འཛིན་ཕྱིར་ངུར་སྨྲིག་རྣམ་པར་རོལ་བ་བཞིན། །
གང་གི་མཛད་བཟང་སྣང་བ་སྣ་ཚོགས་ཀྱིས། །
ཀུན་མཁྱེན་ཆོས་རྗེ་ཞེས་པའི་མཚན་ཡང་བཞེས། །
 
དྲི་མེད་མཁྱེན་རབ་མཐའ་ཡས་རྒྱ་མཚོར་སེམས་བསྐྱེད་ཟླ་གཞོན་འབུམ་ཕྲག་འཛུམ་པའི་ངོ་མཚར་ལས། །
ཕན་དང་བདེ་བའི་ལང་ཚོ་ཕྱོགས་རྫོགས་ཐུབ་བསྟན་སྐྱེད་ཚལ་ཀུན་ནས་མཛེས་བྱེད་གསུང་རབ་ཀྱི། །
སྣ་ཚོགས་འགྲོ་ཁམས་བུང་བ་གཞོན་ནུར་དགེ་ལེགས་སྦྲང་རྩིའི་དགའ་སྟོན་མ་ལུས་རྫོགས་པའི་ཕྱིར། །
མདོ་སྔགས་འདབ་མ་བརྒྱ་ཕྲག་རྫོགས་པའི་ངོ་མཚར་མེ་ཏོག་སྲིད་གསུམ་དགེ་བའི་དཔལ་དུ་འཛུམ། །
 
སྔོན་དུས་འཕགས་ཡུལ་ཆོས་ཀྱི་གྲྭར། །
ཐུབ་པ་མཆོག་གི་ཐུགས་མཚོ་ལས། །
ཆོས་ཚུལ་བསམ་ཡས་འཁྲུངས་པ་ལས། །
སྲིད་དང་ཞི་བའི་དཔལ་རྣམས་རྒྱས། །
 
དེ་བཞིན་དྲི་མེད་འོད་ཟེར་གྱི། །
ཐུགས་རྗེའི་སྤྲིན་དཀར་འཛུམ་པ་ལས། །
ཕན་དང་བདེ་བའི་ལང་ཚོ་ཅན། །
ཆོས་ཚུལ་སྤྲིན་གྱི་མེ་ཏོག་བབ། །
 
བདེ་གཤེགས་དག་གི་འཕྲིན་ལས་ཀྱི། །
འཇུག་པའི་མཐའ་ལ་གཞལ་མེད་པས། །
འདིས་ཀྱང་ཁམས་གསུམ་འགྲོ་བའི་ཚོགས། །
འདུལ་བའི་ཚུལ་ཡང་བསམ་མི་ཁྱབ། །
 
དེ་ལྟ་ན་ཡང་ཕྱི་རབས་ཀྱི། །
འགྲོ་བ་གང་དང་གང་དག་ལ། །
འཚམས་པའི་ཆོས་སྐོར་ནོར་བུའི་ཕྲེང་། །
ཕྱོགས་དུས་ཀུན་ཏུ་གྲངས་མེད་མཛེས། །
 
དེ་ལས་དེང་འདིར་འགྲོ་རྣམས་ཀྱི། །
བསོད་ནམས་མིག་གི་དགའ་སྟོན་དུ། །
བཞུགས་པའི་གསུང་རབ་ངོ་མཚར་ཅན། །
མ་ཉམས་བཞུགས་ལས་འདིར་འགའ་བརྗོད། །
 
གདོད་ནས་ལྷུན་གྲུབ་དྲི་མེད་འོད་གསལ་རྒྱལ་བའི་ཁམས་ཉིད་མ་རིག་གཟུང་འཛིན་སྣང་བས་སྲིད་འདིར་འཁྱམས་བྱས་ཏེ། །
ལས་དང་ཉོན་མོངས་ཀུན་ནས་རབ་དཀྲིགས་ནགས་ཚལ་སྟུག་པོར་བདག་ཏུ་འཛིན་པའི་གླང་ཆེན་སྨྱོན་པ་འདུར་ཚུལ་གྱིས། །
ཕན་དང་བདེ་བའི་དངོས་ལ་རྟག་རྨོངས་ཐོག་མེད་འཁོར་བའི་རྐང་ལམ་དག་ལ་ཆགས་སྡང་ལས་ཀྱིས་རབ་མནར་བས། །
དུབ་པའི་སེ༵མས་ཉི༵ད་གཤིས་ཀྱི་རང་ཞལ་མཐོང་བའི་ཐབས་མཆོག་ཚུལ་རྣམས་མ་ནོར་ལེགས་བསྟན་ང༵ལ་གསོ༵འི་དཔལ་དུ་འཁྲུངས། །
 
རང་བཞིན་གདོད་མའི་གནས་ལུགས་མཆོག་གི་གཞིར། །
ཆོས་ཀུན་སྒྱུ་མའི་ངང་ཚུལ་འདི་ལགས་ཀྱང་། །
མ་མཐོང་འཁྲུལ་སྣང་གིས་གདུང་སྐྱེ་བོའི་ཚོགས། །
སྣང་སྲིད་སྒྱུ༵་མ༵འི་ཀློང་དུ་ང༵ལ་གསོ༵ར་གདམས། །
 
གདོད་མའི་རང་བཞིན་ནམ་མཁའི་གཞིར། །
འཁྲུལ་བ་དང་བྲལ་རྒྱལ་བའི་ཆོས། །
ཚུལ་བཞིན་རྟོགས་པས་བས༵མ་གཏ༵ན་གྱི། །
བདེ་བ་མཆོག་ལ་ང༵ལ་གས༵ར་བསྐུལ། །
 
རྒྱལ་དང་རྒྱལ་བའི་ཆོས་ཚུལ་མ་ལུས་གཞི་གཅིག་ཏུ། །
དྲིལ་བའི་མན་ངག་ང༵ལ་གསོ༵་སྐོ༵ར་གསུ༵མ་ཞེས་བྱ་བ། །
ཀུན་བཟང་དགོངས་པ་ཀློང་དུ་རྫོགས་པའི་ངང་ཚུལ་ཅན། །
མཐོང་ཐོས་དད་པ་ཙམ་གྱིས་སྲིད་པ་མཐའ་ཅན་འགྱུར། །
 
སེ༵མས་ཉི༵ད་དུབ་པ་ངལ་གསོའི་མན་ངག་ཀུན་ནས་འགྲེ༵ལ་བ༵་དགེ་ལེགས་བྱེ་བའི་ལང་ཚོ་ཀུན་རྫོགས་ཤི༵ང་རྟ༵་ཆེ༵ན་མོ༵་ཞེས་སུ་གྲགས། །
ཆོས་ཀུན་སྒྱུ༵་མ༵འི་ངང་ཚུལ་གསལ་བྱེད་འཁྲུལ་བའི་འགྲོ་བར་ང༵ལ་གསོ༵འི་དཔལ་སྦྱིན་ཡང་དག་འགྲེ༵ལ་བ༵་ཤི༵ང་རྟ༵་བཟ༵ང་པོ༵་ངོ་མཚར་ཅན། །
ཀ་དག་ཀུན་བཟང་དགོངས་པ་མངོན་གྱུར་མ་དག་འགྲོ་བའི་སེམས་ཀྱི་འཇུག་པ་བས༵མ་གཏ༵ན་ང༵ལ་གསོ༵འི་འགྲེ༵ལ་བ༵་ཤི༵ང་རྟ༵་རྣ༵མ་ད༵ག་སྟེ། །
ང༵ལ་གསོ༵་སྐོ༵ར་གསུ༵མ་ཡོངས་སུ་གསལ་བྱེད་ཤི༵ང་རྟ༵་རྣམ་གསུ༵མ་ཉི་ཟླ་སྐར་ཚོགས་ལྷན་དུ་འཛོམས་པ་ཐུབ་བསྟན་གནམ་སྔོན་མཛེས་པའི་རྒྱན། །
 
ཀུན་བཟང་རྒྱལ་བའི་དགོངས་པ་རྨད་བྱུང་བ། །
གཅིག་ཏུ་གསལ་བྱེད་ཕྱོ༵གས་བཅུ༵འི་མུ༵ན་པ་དག །
ཡོངས་སུ་སེ༵ལ་བའི་རྒྱ༵ས་འགྲེ༵ལ་འོད་དཀར་ཅན། །
ལེ༵གས་བཤ༷ད་ཉི༵་ཟླ༵འི་སྤྲི༵ན་སྣ༵ང་བ༵་མཆེད། །
 
ཟབ་དོན་ཆོས་ཀྱི་མཛོད་གྱུར་པ། །
དེ་ཉིད་རྟོགས་པའི་མན་ངག་གིས། །
རྒྱས་བཏབ་སྤྱི༵་དོ༵ན་ཡི༵ད་ཀྱི༵་ནི། །
མུ༵ན་སེ༵ལ་ཉི་མའི་ལང་ཚོ་རྫོགས། །
 
འགྲོ་བའི་རྟོག་ཚོགས་མེ་ལོང་གི །
ངོས་སུ་ཆོས་ཚུལ་གང་འཚམས་པ། །
ཤར་བའི་འཕྲིན་ལས་ཀུན་རྫོགས་པས། །
བསྡུ༵ས་དོ༵ན་མ༵་རི༵ག་མུ༵ན་སེ༵ལ་མཛད། །
 
རྒྱལ་བ་སྐྱོབ་པའི་གསུང་གི་སྙིང་པོ་མཆོག །
མ་ལུས་ཀུན་ཚང་ཀུན་འབྱུང་ཡིད་བཞིན་ནོར། །
མུ༵ན་སེ༵ལ་སྐ༵ར་གསུ༵མ་ཕན་བདེའི་དགེ་ལེགས་ཅན། །
གདུལ་བྱའི་བསོད་ནམས་དཔལ་དུ་འཛུམ་པ་དགེ །
 
མ་རིག་གཟུང་འཛིན་སྦུབ་རྒྱ་རུ། །
ཚུད་པའི་སེ༵མས་ཉི༵ད་ཧྲིག་གེ་བ། །
མ་བཅོས་སོར་བཞག་ར༵ང་གྲོ༵ལ་བའི། །
གདམས་པ་གཞན་ལས་རྨད་དུ་བྱུང་། །
 
སྨྲ་བསམ་ཡུལ་འདས་ཆོ༵ས་ཉི༵ད་མཆོག །
གནས་ལུགས་ཇི་ལྟ་བ་བཞིན་ཉིད། །
མ་འབད་ར༵ང་གྲོ༵ལ་ངོ་མཚར་ཅན། །
དུས་གསུམ་རྒྱལ་བའི་དགོངས་པ་ཉིད། །
 
མཐའ་བརྒྱད་ལས་འདས་རྫོགས་པའི་ཆོས། །
འཁོར་འདས་མཉ༵མ་ཉི༵ད་གདལ་བའི་མཛོད། །
མ་བྱས་ར༵ང་གྲོ༵ལ་ལྷུན་གྲུབ་ཀྱིས། །
སྲིད་དང་ཞི་བའི་དོན་རྣམས་རྫོགས། །
 
སེ༵མས་ཉི༵ད་ར༵ང་གྲོ༵ལ་མ་ནོར་འགྲལ་བ༵འི་ལེགས་བཤད་འོ༵ད་ཀྱི༵་འཁོ༵ར་ལོ༵ས་མཛེས། །
ཆོ༵ས་ཉི༵ད་ར༵ང་གྲོ༵ལ་རྗེན་པར་འགྲེ༵ལ་བ༵འི་གཞུང་བཟང་འོ༵ད་ཀྱི༵་སྙེ༵་མ༵ས་བརྒྱན། །
མཉ༵མ་ཉི༵ད་ར༵ང་གྲོ༵ལ་ཀུན་ནས་འགྲེ༵ལ་བ༵འི་མན་ངག་ཀྱི༵ད་ཀྱི༵་དྲ༵་བ༵་ཅན། །
ར༵ང་གྲོ༵ལ་སྐོ༵ར་གསུ༵མ་ཆོས་ཀྱི་ཟབ་གནད་འོ༵ད་ཀྱི༵་སྐོ༵ར་གསུ༵མ་རྨད་དུ་བྱུང་། །
 
སྐལ་བཟང་འགྲོ་བས་དོན་དུ་གཉེར་བྱའི་མཆོག །
གཏན་གྱི་བདེ་བ་སྒྲུབ་པའི་ཐབས་སྣ་ཚོགས། །
མཆིས་ལས་གདམས་ངག་གཞན་ལས་རྨད་བྱུང་བ། །
ཡི༵ད་བཞི༵ན་མཛོ༵ད་ཀྱི་སྒོ་འཕར་ཡངས་པོར་ཕྱེས། །
 
དུས་གསུམ་རྒྱལ་བའི་ཐུགས་བསྐྱེད་རླུང་གིས་གདུལ་བྱའི་བསོད་ནམས་མཁའ་དབྱིངས་སུ། །
ལེགས་དྲངས་ཕན་དང་བདེ་བའི་འབྱུང་གནས་ཆོས་ཚུལ་མདོ་སྔགས་ཉི་ཟླའི་སྤྲིན། །
ཕྱོགས་དང་དུས་ཀྱིས་རིས་སུ་མ་བཅད་རྣམ་མང་འགྲོ་བའི་ཁམས་ཀྱི་སྒོར། །
ཀུན་ནས་གསལ་བྱེད་གྲུ༵བ་མཐ༵འི་མཛོ༵ད་གྱུར་ལེགས་བཤད་མེ་ལོང་ངོ་མཚར་ཅན། །
 
སྐལ་བཟང་གང་ཞིག་ཐར་བའི་མཆོག་འདོད་པ། །
དེ་དག་སེམས་ཀྱི་གཤིས་ལུགས་རྗེན་ཅར་དུ། །
རྟོགས་པའི་མ༵ན་ང༵ག་ལེགས་བཤད་ཆོས་ཚུལ་གྱི། །
ས་གསུམ་དཔལ་དུ་དགེ་ལེགས་འདྲེན་པའི་མཛོ༵ད། །
 
ཤེས་བྱའི་མཁའ་དབྱིངས་རྒྱ་ཆེ་བར། །
རྒྱལ་བའི་ཆོས་ཚུལ་བསམ་ཡས་ཀྱང་། །
གསང་སྔགས་བླ་མེད་ཟླ་བའི་འོད། །
ཚི༵ག་དོ༵ན་མཛོ༵ད་ཀྱིས་ཡོངས་སུ་འཛིན། །
 
འཁོར་འདས་ཆོས་ཀུན་བརྗོད་དུ་མེད་པའི་གཞི་དབྱིངས་སུ། །
ལྟ་བའི་རྩེ་མོ་མངོན་མཐོ་རྫོགས་ཆེན་གངས་ཀྱི་རི། །
གདམས་ངག་ཉི་ཟླའི་འོད་ཀྱིས་ཀུན་ནས་གསལ་བྱེད་པའི། །
གན༵ས་ལུ༵གས་ནམ་མཁའི་རང་བཞིན་ཆོས་ཀྱི་མཛོ༵ད་ཅེས་གྲགས། །
 
ཐེག་པའི་ཡང་རྩེ་ནམ་མཁའ་མཛོད་ཀྱི་སྒོ། །
མ་ནོར་འབྱེད་པའི་ངོ་མཚར་འཕྲིན་ལས་ཅན། །
གནས་ལུགས་འབྱམས་ཀླས་ཆོས་ཀྱི་རང་བཞིན་ནི། །
ཀུན་གནས་གསལ་བྱེད་ཆོ༵ས་དབྱི༵ངས་མཛོ༵ད་ཅེས་བསྔགས། །
 
ལུང་རྟོགས་ཆོས་ཀྱི་རྣམ་གྲངས་བསམ་ཡས་ལས། །
ཀུན་ཏུ་མཆོག་གྱུར་གསང་སྔགས་རྡོ་རྗེའི་དབྱིངས། །
ཡོངས་སུ་གསལ་བྱེད་ཐེ༵ག་མཆོ༵ག་ཆོས་ཀྱི་མཛོ༵ད། །
སྒོ་འབྱེད་འཕྲིན་ལས་གཞན་ལས་མངོན་པར་མཐོ། །
 
གང་གི་མཁྱེན་རབ་འོ་མའི་མཚོ། །
སྨོན་ལམ་རླུང་གིས་བསྐྱོད་པ་ལས། །
བྱུང་བའི་མཛོད་བདུན་རླབས་ཕྲེང་གིས། །
ཐུབ་བསྟན་པད་ཚལ་ཅི་ཡང་རྒྱས། །
 
འོད་གསལ་བདེ་བའི་ཏིང་འཛིན་གྱི། །
ཟབ་གནད་གསལ་བའི་ངོ་མཚར་ཅན། །
ཆོས་ཉིད་གནད་ཀྱི་ཁ་ཚར་མཛེས། །
བླ༵་མ༵་ཡ༷ང་ཐི༵ག་ཆོས་ཀྱི་མཆོག །
 
མདོ་སྔགས་ཆོས་ཚུལ་དྲི་མ་མེད་པའི་མཆོག །
ཐེག་དགུའི་ལམ་གྱི་གསང་བ་ཀུན་འདུས་པ། །
ཚེ་གཅིག་མཆོག་གི་ས་ལ་སྦྱོར་བའི་ཆོས། །
མཁ༵འ་འགྲོ༵་ཡ༷ང་ཐི༵ག་སྐལ་ལྡན་དགྱེས་པའི་མཛོད། །
 
ཟབ་ཞི་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཚུལ། །
སྨྲ་བསམ་བརྗོད་འདས་ངོ་མཚར་བླ་མེད་ཆོས། །
ཐུན་མིན་མན་ངག་ལམ་ནས་གསལ་བྱེད་པའི། །
ཟ༵བ་མོ༵་ཡ༵ང་ཐི༵ག་ཐེག་དགུའི་རྩེ་མོར་མཛེས། །
 
ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་ཀྱི། །
ཐུགས་ཀྱི་གངས་རི་འཕྲིན་ལས་ཉི་འོད་ཀྱིས། །
བཞུས་པའི་ལེགས་བཤད་ཕན་བདེའི་ལང་ཚོ་ཅན། །
སྐལ་ལྡན་སེམས་ཀྱི་གདུང་བ་སེལ་བའི་དཔལ། །
 
གཞན་ཡང་ཆོས་སྐོར་གྲངས་ཀྱིས་མི་ལངས་པ། །
རྒྱལ་བའི་གསུང་རབ་མཆོག་དང་གཏོས་མཉམ་པ། །
མཛད་ཅིང་དེ་དག་ཀུན་ཀྱང་ཐུབ་བསྟན་ནི། །
ཀུན་ནས་གསལ་བྱེད་ཉི་ཟླའི་སྣང་བ་བཞིན། །
 
ནམ་ཞིག་གསང་ཕུའི་སློབ་དཔོན་ཡོན་རྒྱལ་སོགས། །
འགའ་ཡིས་དྲི་བ་བཀོད་པར་ལན་གནང་ཞིང་། །
སེམས་ཀྱི་ཁེངས་པ་ཡོངས་སུ་ཕྲོགས་དང་ལྷན། །
ཟང་ཟིང་ནོར་གྱིས་འཁོར་ཚོགས་ཚིམས་པར་མཛད། །
 
སླར་ཡང་ལྷ་ལྡན་དག་པའི་ཞིང་དུ་གང་གི་ཞབས་ཟུང་གསེར་གྱི་ཉི་གཞོན་འཕྲིན་ལས་རླུང་གིས་ཉེར་བསྐྱོད་དེ། །
དམར་སེར་ལི་ཁྲིའི་མདངས་ལ་རབ་འགྲན་དགེ་འདུན་ཚོགས་ཀྱིས་སེར་སྦྲེངས་གསེར་གྱི་ཞུན་མ་གཡས་སུ་འཁྱིལ་བའི་སར། །
ཐུགས་རྗེའི་འཛུམ་རླབས་རྣམ་པར་རྩེན་བཞིན་ཐུབ་པ་སླར་ཡང་ཐུབ་བསྟན་པད་ཚལ་ཀུན་ནས་རྒྱས་ཕྱིར་ཕེབས་པ་བཞིན། །
ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཕ་རོལ་ཁེངས་པའི་སེམས་ཀྱི་གངས་རི་གློ་བུར་ངང་གིས་རང་མདངས་ཉམས། །
 
ཐུགས་བསྐྱེད་སྤྲིན་དཀར་འཛུམ་དང་བཅས། །
ཟླ་ཕྱེད་རིང་ལ་ལྷ་ལྡན་དུ། །
ཆོས་ཚུལ་ལྷ་ཡི་བསང་གཏོར་གྱིས། །
གདུལ་བྱའི་ཡིད་ཀྱི་པད་དཀར་བསྐྱངས། །
 
སྔོན་བྱོན་དམ་པས་བྱིན་བརླབས་པའི། །
གནས་ཆེན་རྣམས་ལ་ཆོས་ཀྱི་སྡེ། །
དུ་མ་བཙུགས་ཤིང་དེ་དག་ཀྱང་། །
ཐུབ་བསྟན་མཛེས་ཕྱིར་ཁོ་ན་འོ། །
 
དམིགས་མེད་ཐུགས་རྗེ་ཟླ་བ་འཛུམ་པའི་རླབས། །
དམིགས་བཅས་བསོད་ནམས་ཉི་མ་ལ་བསྡོངས་ནས། །
རྨད་བྱུང་ཚོགས་ཀྱི་གཙང་པོ་གཡས་འཁྱིལ་བ། །
ཕན་དང་བདེ་བའི་འབྱུང་གནས་གཅིག་པུར་གྲུབ། །
 
དེ་ནས་སྙེ་ཕུའི་ཤུགས་གསེབ་ཏུ། །
ཕེབས་ནས་འདུས་པ་སྟོང་ཕྲག་འགར། །
ཟབ་ལམ་རྫོགས་ཆེན་མན་ངག་གིས། །
ཡོངས་སུ་གྲོལ་བའི་ལས་དག་མཛད། །
 
དུས་གསུམ་རྒྱལ་བའི་ཡེ་ཤེས་ནི། །
གཅིག་བསྡུས་གང་ཐུགས་མེ་ལོང་མར། །
སྔོན་དང་ཕྱི་མའི་དོན་རྣམས་ཀུན། །
མ་འབད་བཞིན་དུ་ངང་གིས་གསལ། །
 
མཁར་བ་རི་ལ་སི་ཏུ་ཤཱཀྱ་བཟང་པོ་ཡིས། །
དད་གསུམ་དར་དཀར་རིང་མོས་ལེགས་པར་དྲངས་དང་ལྷན། །
གང་གི་ཡིད་ཀྱི་གཙང་པོའི་རྒྱས་པའི་དཔལ་ཉིད་དུ། །
ལེགས་བཤད་གཏམ་གྱི་ཟླ་བ་འབུམ་ཕྲག་འཛུམ་པར་མཛད། །
 
སྔོན་ཚེ་ཐུབ་པ་མཆོག་གིས་འཕགས་ཡུལ་དུ། །
ཞི་བསིལ་ཆོས་ཀྱི་འཁོར་ལོ་བསྐོར་བ་བཞིན། །
གང་གིས་འདུས་པ་སྟོང་ཕྲག་མང་པོའི་སྡེར། །
འོད་གསལ་ཐེག་མཆོག་ཆོས་ཀྱི་དགའ་སྟོན་བསྩལ། །
 
དབེན་པའི་རི་ཡི་བྲག་དང་ཤིང་ལོ་སོགས། །
གནས་སུ་བརྟེན་ཅིང་འདུས་པ་གྲངས་མེད་ལ། །
མདོ་སྔགས་ཆོས་ཚུལ་གང་ལ་གང་འཚམས་ཀྱི། །
གསུངས་ཤིང་རྒྱལ་བའི་མཛད་པ་ཡོངས་སུ་གསལ། །
 
གང་ཞིག་དད་པས་ཀུན་ནས་བསླངས་ཏེ་སྲིད་པའི་འབྱོར་བ་སྣ་ཚོགས་པ། །
ལྟོས་པ་མེད་པར་ཕུལ་བ་དག་ཀྱང་བདག་གིར་མི་མཛད་མཆོད་པ་དང་། །
ཆོས་ཕྱིར་ཁོ་ནར་ལོངས་སུ་སྤྱོད་པའི་ངོ་མཚར་ལང་ཚོས་རྒྱལ་རྣམས་ལ། །
འགྲན་པའི་ངང་ཚུལ་སྔོན་བྱོན་དམ་པའི་རྗེས་སུ་ཅི་ཡང་བསྙེགས་པར་མཛད། །
 
ཆོས་མཐུན་བཀུར་བསྟི་གོ་ལྡོག་མི་རིགས་པའི། །
མ་ནོར་སྤྱོད་པའི་གསང་བ་ལེགས་རྟོགས་ནས། །
མི་ཆེན་དཔོན་པོ་གངས་རི་མངོན་མཐོ་བར། །
གུས་པས་ཕྱག་སྲོལ་ནམ་ཡང་སྤངས་ཏེ་བཞུགས། །
 
མ་སྨད་ཚུལ་ཁྲིམས་གཙང་མས་རྒྱུད་བསྡམས་ཤིང་། །
ཐུབ་བསྟན་འོ་མའི་མཚོ་མོར་ཐོས་བརྩོན་གྱིས། །
འཇུག་པའི་དགེ་འདུན་ངང་པའི་སྡེ་ཚོགས་ལ། །
ཀུན་ནས་དྭངས་པའི་སྒོ་གསུམ་རྣམ་པར་གུས། །
 
འགྲོ་བའི་ཁམས་དབང་མོས་པའི་མཚོར། །
ཐུགས་རྗེའི་ཟླ་གཞོན་འཛུམ་པའི་མདངས། །
བསྙེལ་བར་མི་མངའ་དུས་བབས་ན། །
དགེ་ལེགས་སྣང་བ་ཕྱོགས་སུ་མཆེད། །
 
གང་གི་ཐུགས་བསྐྱེད་ཉི་གཞོན་གྱིས། །
གསོས་པའི་གཞན་དོན་འཕྲིན་ལས་ཀྱི། །
འདབ་མ་གྲོལ་བའི་སློབ་ཚོགས་ལ། །
ཐུན་མིན་དབང་མཆོག་དངོས་གྲུབ་གནང་། །
 
ནམ་ཞིག་གང་གིས་སྐུ་དངོས་འགྲོ་བའི་དོན། །
མཛད་པའི་མཐའ་ཡང་བསྡུ་བར་དགོངས་པ་ན། །
འཁོར་གྱི་མཆོག་གྱུར་རྒྱལ་སྲས་བཟོད་པ་ལ། །
ཡི་གེར་འབྲིར་བཅུག་མི་རྟག་མགུར་གླུ་བླངས། །
 
<འགྲོ་བའི་དུས་བབས་མགྲོན་པོ་ལམ་ཞུགས་བཞིན། །>
ཞེས་སོགས་སྲིད་གསུམ་མི་རྟག་སྟོན་པའི་མགུར། །
དྲི༵་མེ༵ད་འོ༵ད་དང་གན༵ད་ཀྱི༵་མེ༵་ལོ༵ང་གཉིས། །
མཁའ་འགྲོ་ཡང་ཐིག་གྲས་སུ་བཞུགས་པར་གྲགས། །
 
གང་ཚེ་ཆོས་ཀྱི་འཁོར་ལོ་ནི། །
ལེགས་པར་གྲུབ་པའི་དགའ་སྟོན་དུ། །
ཚོགས་འཁོར་སྐོར་སྐབས་འཁོར་རྣམས་ལ། །
དགའ་སྟོན་མཐའ་མ་ཡིན་ཞེས་གསུངས། །
 
གཞན་ཡང་སྐལ་ལྡན་སློབ་ཚོགས་ལས། །
གཞན་དོན་ནུས་པ་གང་དག་ལ། །
རང་དོན་འཁྲི་བ་ཀུན་སྤངས་ནས། །
གཞན་དོན་སྤྱོད་པ་བསྐྱང་བར་བསྐུལ། །
 
ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་གནད་ཀྱི་མཆོག །
མ་ནོར་ལམ་གྱི་རྩེ་མོར་བསྔགས་པའི་དོན། །
ཉམས་སུ་ལོངས་ལ་གདོད་མའི་གཞི་དབྱིངས་སུ། །
རང་དབང་ཚུལ་གྱིས་གཤེགས་ལ་གཅིག་ཏུ་འབུངས། །
 
ཞེས་སོགས་གདམས་ངག་གསེར་གྱི་ཞུན་མ་ཡིས། །
ལས་ཅན་བུ་སློབ་ཡོངས་སུ་ཚིམས་མཛད་ནས། །
ཡང་ཐིག་ཡིད་བཞིན་ནོར་བུ་འདི་འདྲ་བའི། །
ཆོས་ཚུལ་གཞན་ཞིག་མེད་ཅེས་ཡང་ཡང་གདམས། །
 
དེ་ནས་ངོ་མཚར་གནས་རྣམས་སུ། །
ཆིབས་བསྒྱུར་སྨོན་ལམ་སྣ་ཚོགས་ཀྱིས། །
རྒྱས་བཏབ་དེ་ནས་བསམ་ཡས་ཀྱི། །
མཆིམས་ཕུ་ག་ལ་བ་དེར་གཤེགས། །
 
ངོ་མཚར་རྨད་བྱུང་གནས་འདི་ནི། །
བསིལ་བ་ཚལ་དང་མཚུངས་པས་ན། །
བདག་ཀྱང་སྒྱུ་ལུས་ཕུང་པོ་ནི། །
འདི་རུ་དོར་བ་ཡིན་ནོ་གསུངས། །
 
གང་ཚེ་གང་གིས་འཁོར་གྱི་ཚོགས་ལ་གསང་བ་བླ་མེད་ཆོས་ཀྱི་མཛོད། །
ཇི་ལྟ་ཇི་ལྟར་མཉན་པར་འདོད་ལ་དེ་དང་དེ་བཞིན་ལེགས་གསུང་སྐབས། །
སྣང་སྟོང་སྐུ་ལ་བགྲེས་རྒུད་བྲལ་ཡང་རྟག་འཛིན་སྐྱེ་བོའི་ལོག་རྟོག་ཚོགས། །
ཀུན་ནས་གཞོམ་ཕྱིར་ན་རྒའི་ངང་ཚུལ་ཚུར་མཐོང་བཞིན་དུ་གསལ་བར་མཛད། །
 
སྲས་བཅས་རྒྱལ་བའི་སྨོམ་ལམ་ཀུན་རྫོགས་བདེ་གཤེགས་དམ་པའི་ངང་ཚུལ་ཅན། །
ཀློང་ཆེན་པ་ཞེས་ཐུབ་བསྟན་གསལ་བའི་སྒྲོན་མེ་གཅིག་པུར་ལྗོངས་འདིར་འཛུམ། །
འོན་ཏེ་གདུལ་བྱའི་བསོད་ནམས་ལག་གིས་མ་ཐེག་གློ་བུར་ཞི་དབྱིངས་སུ། །
གཟིམས་པའི་ངང་ཚུལ་ཀུན་ནས་གསལ་བས་རྒྱལ་བ་དག་ཀྱང་སྐྱོ་བས་མནར། །
 
གང་སྐུ་སྟོན་མཚན་ཟླ་གཞོན་མཆོག །
ཞི་དབྱིངས་ནུབ་མཚོར་ཡིབས་པ་ན། །
ས་གསུམ་འགུལ་བའི་རྣམ་འགྱུར་གྱིས། །
བདེ་གཤེགས་ཏིང་འཛིན་མལ་ལས་བསླངས། །
 
སྔོན་དུས་ཞིང་འདིར་སྟོན་པ་ཤཱཀྱའི་རྒྱལ། །
ཆོས་དབྱིངས་གནས་སུ་ཇི་ལྟར་གཤེགས་པ་བཞིན། །
གང་སྐུ་བཀོད་པ་ཡོངས་སུ་བསྡུས་པའི་ཚེ། །
ངོ་མཚར་དཔལ་གྱིས་ས་གསུམ་ཡོངས་སུ་ཁྱབ། །
 
སྐུ་གདུང་ཞུགས་འབུལ་ངོ་མཚར་གྱིས། །
སྲིད་ཞི་དགེ་ལེགས་སྒྲུབ་པའི་ཚེ། །
རིང་བསྲེལ་གདུང་རུས་ལྷ་སྐུ་སོགས། །
ངོ་མཚར་མཚན་མ་བརྗོད་ལས་འདས། །
 
དུས་གསུམ་རྒྱལ་བའི་ཡེ་ཤེས་ཉི་མའི་ཁམས། །
གཅིག་བསྡུས་བཤེས་གཉེན་མཆོག་གི་རྣམ་རོལ་པ། །
ཐུབ་བསྟན་མཛེས་བྱེད་ཀློང་ཆེན་རབ་འབྱམས་ཀྱི། །
སྐྱེ་རབས་ཆ་ལས་ཅུང་ཙམ་བླངས་ཏེ་བྲིས། །
 
དྲི་མེད་མཁྱེན་རབ་ཡོངས་སུ་གསལ་བ་ཡིས། །
སྣང་བཞི་མཐར་ཕྱིན་དཀྱིལ་འཁོར་རྫོགས་པ་ཅན། །
ཕན་དང་བདེ་བའི་བསིལ་བ་འབུམ་འཛགས་པའི། །
རྟོགས་བརྗོད་ཟླ་ཤེལ་འཛུམ་པའི་ངོ་མཚར་མཐོང་། །
 
ཚུལ་མིན་ཚིག་གི་དྲི་མ་ཀུན་བྲལ་སྡེབ་ལེགས་ལང་ཚོ་རྫོགས་པ་ཅན། །
སྙན་འགྱུར་དྲི་ཟའི་གདངས་ལ་ཉེར་བསྐྱོན་རྣམ་ཐར་མུ་ཏིག་ཕྲེང་བས་མཛེས། །
དད་གསུམ་རྩིས་ཀྱིས་གཏན་ལ་རབ་ཕབ་རྟོགས་བརྗོད་ཚངས་པའི་བུ་མོ་འདི། །
སྐལ་ལྡན་གང་ཞིག་ཡིད་དགའི་གསོས་སུ་ངག་རིག་སྨྲ་བ་བདག་གིས་བྱས། །
 
དགེ་དེས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །
ཀུན་མཁྱེན་བླ་མའི་ཆོས་ཚུལ་བཟང་པོ་ལ། །
ལོངས་སུ་སྤྱོད་བཞིན་བསྟན་དང་འགྲོ་བ་ལ། །
ཕན་བདེའི་འཕྲིན་ལས་སྒྲུབ་པའི་བྱེད་པོར་ཤོག །
 
གཞན་ཡང་བསོད་ནམས་དུང་གི་ཟླ་གཞོན་གྱིས། །
བསྟན་འཛིན་གངས་རིའི་ལང་ཚོ་རྒྱས་དང་ལྷན། །
བཤད་སྒྲུབ་འོ་མཚོ་ཡོངས་སུ་འཕེལ་བའི་ཀློང་། །
དམར་སེར་ངང་པའི་སྡེ་ཚོགས་བདེ་གྱུར་ཅིག །
 
ཅེས་ཀུན་མཁྱེན་སངས་རྒྱས་གཉིས་པ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་རྣམ་པར་ཐར་པ་མདོར་ཙམ་བརྗོད་པ་ཚོགས་གཉིས་གྲུ་ཆར་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ་ཚིགས་སུ་བཅད་པ་སུམ་བརྒྱ་པ་འདི་ནི་ཡུལ་མདོ་སྨད་ཕྱོགས་ཀྱི་ཆོས་སྡེ་ཆེན་མོ་ཁམས་སྡེ་དགེ་ཞེ་ཆེན་ལྔ་རིག་ནང་བསྟན་སློབ་གླིང་ལེགས་བཤད་ཉི་ཟླའི་དགའ་ཚལ་དུ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་བསྟན་པ་ལ་གཅིག་ཏུ་དད་པའི་བསོད་ནམས་ཅན་གངས་རིའི་ཁྲོད་ཀྱི་སྙན་ངག་སྨྲ་བའི་གྲལ་མཐར་སྙེག་པ་རིག་བྱེད་ཀྱི་བཏགས་མིང་ལ་ངག་དབང་དབྱངས་ཅན་དགྱེས་པའི་སྡེ་དང་ཡོངས་གྲགས་སུ་སྟོང་འཇམ་ཤེར་དུ་འབོད་པ་དེས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆོན་མོ་གསེར་པ་མཁན་ཆེན་ཆོས་འཕེལ་མཆོག་གི་སྐུ་མདུན་ནས་ཀུན་མཁྱེན་བླ་མའི་གསུང་རབ་རྒྱ་མཚོ་ལྟ་བུ་ལས་ཆེས་ངོ་མཚར་རྨད་དུ་བྱུང་བ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྒྱུད་གསང་བ་སྙིང་པོའི་འགྲེལ་བ་མུན་སེལ་སྐོར་གསུམ་ལས་རྒྱས་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་ལྗགས་ཁྲིད་དང་།  སྤྱི་དོན་ཡིད་ཀྱི་མུན་སེལ་དང་བསྡུས་དོན་མ་རིག་མུན་སེལ་གཉིས་ཁྲིད་ལུང་བཅས་མཇུག་ལེགས་པར་གྲུབ་པའི་དུས་བཟང་སྟེ། བོད་རབ་གནས།  ལེགས་སྦྱར་སྐད་དུ།  སརྦ་བ་ཏི་དང་།  མ་རྒྱུད་བདེ་མཆོག་སྟོད་འགྲེལ་ལས།  ཀུན་ལྡན།  ཞེས་པ་དང་།  གངས་ཅན་ལྗོངས་སུ་ལྕགས་བྱི་ཞེས་ཡོངས་སུ་གྲགས་པའི་ལོའི་ས་ག་ཟླ་བའི་རྟ་བདུན་ཁྱུ་མཆོག་ཁབ་ཏུ་རྩེན་པའི་དམར་ཕྱོགས་སྟོང་བ་དང་པོའི་ཉིན།  བསྟན་པའི་དོན་འགྲུབ་ཀྱི་སྐར་མ་ཆུ་སྟོད་ཀྱི་དུས་བཟང་ཤར་ནས་ཉི་གྲོས་སྦྲུལ་གྱི་ཕྱི་ཆ་ལ་གྲུབ་པར་བགྱིས་པ་འདིའི་དགེ་བས་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ཀུན་མཁྱེན་བླ་མའི་བསྟན་པ་དང་འཕྲད་ཅིང་འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་པའི་རྒྱུ་རུ་གྱུར་ཅིག་གུ། སརྦ་མངྒ་ལཾ།  །
 
 རྩོམ་སྒྲིག་པ། ལྷ་སྐྱིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀུན་མཁྱེན་སངས་རྒྱས་གཉིས་པ་རྒྱལ་པ་ཀློང་ཆེན་རབ་འབྱམས་ཀྱི་རྣམ་པར་ཐར་པ་མདོར་ཙམ་བརྗོད་པ་ཚོགས་གཉིས་གྲུ་ཆར་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

2020-06-09 སྟོང་འཇམ་ཤེར།(ཆབ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།