མདོ་སྨད་གཅན་ཚའི་ཡུལ་གྱི་གོར་སྐྱ་ལ་རགས་ཙམ་དཔྱད་པ།
【ནང་དོན་གནད་བསྡུས།】དཔྱད་རྩོམ་འདིར་མདོ་སྨད་གཅན་ཚའི་ཡུལ་གྱི་གོར་སྐྱའི་བྱུང་བ་དང་། གོར་སྐྱའི་དབྱེ་བ། གོར་སྐྱ་བཟོ་བའི་རྒྱུ་ཆ། གོར་སྐྱ་བཟོ་བའི་དུས་ཚིགས། གོར་སྐྱ་བཟོ་བའི་གོ་རིམ། གོར་སྐྱའི་སྤྱོད་ཡུལ་བཅས་གཙོ་བོར་བྱས་ནས་བརྗོད་ཡོད།
【བརྡ་ཆད་གཙོ་བོ།】 གོར་སྐྱ། གོར་མོ་ཆེ། ཕྱེ་སྐྱུར། ས་ཚིག གྲོ་ཕྱེ། འོ་ཐོ།(སྤོ་ཐོ།)
སྤྱི་བཤད།
མདོ་སྨད་གཅན་ཚ་ནི་ཡུལ་མིང་ཞིག་ཡིན། གཅན་ཚ་ཞེས་པ་ནི་གཅན་འཕྲང་དང་རྨ་ཆུའི་ཚ་འགྲམ་གཉིས་ཀྱི་བསྡུས་མིང་སྟེ། གཅན་འཕྲང་ཞེས་པ་འཕྲང་འགག་གི་དོན་ཡིན་པས་སྟོད་ན་སུམ་པ་འགག་དང་སྨད་ན་ཤ་བོ་འགག་ཡོད་པའི་བར་གྱི་རྨ་ཆུའི་ཉིན་སྲིབ་ཕྱོགས་ཀྱི་འགྲམ་ངོགས་ལ་གོ་ཞིང་། དེ་ནི་ས་བབ་དམའ་ཞིང་ཚ་བ་ཆེ་བའི་ས་ཁུལ་ཡིན་པས་དེ་ལ་གཅན་ཚ་ཟེར། རྨ་ཀླུང་ཕྱུག་མོ་དལ་བུར་འབབ་པའི་འགྲམ་ངོགས་སུ་ས་བབ་ཧ་ཅང་དམའ་བ་དང་ས་གཤིས་ཤིན་ཏུ་ལེགས་པས་སིལ་སྡོང་དང་སྔོ་ཚོད། འབྲུ་རིགས་སོགས་འདེབས་འཛུགས་ལ་ཕུན་སུམ་ཚོགས་པའི་ཆ་རྐྱེན་འཛོམས་ཕྱིར། མཚོ་སྔོན་ཞིང་ཆེན་ནས་བཤད་ན་འབྲུ་རིགས་དང་བཅས་པའི་འདེབས་འཛུགས་ཀྱི་ཐོན་ཚད་ཧ་ཅང་མཐོ་བའི་ས་ཁུལ་ཞིག་ཡིན་པ་དང་། གནས་འདིའི་སྟོད་སྨད་རི་དང་ཆུ་ཡིས་བརྒྱན་པའི་སའི་ཡོན་ཏན་ཕུན་སུམ་ཚོགས་པར་གྲུབ་ཅིང་། རི་ཆུ་བར་གསུམ་གྱི་རང་བྱུང་གི་ཐོན་ཁུངས་ཀྱིས་གཅན་ཚའི་ངལ་རྩོལ་མི་དམངས་ཀྱི་འཚོ་བའི་ལས་བགོས་ཀྱང་གཙོ་བོ་རོང་འབྲོག་གཉིས་ལ་དབྱེ་བ་དང་། འབྲོག་པའི་རྩྭ་ས་དང་རོང་བའི་ཞིང་ས་ཤིན་ཏུ་གཤིན་པོར་གྲུབ་པ་འདི་གནའ་ནས་ད་བར་དུ་གཅན་ཚའི་ཡུལ་གྱི་འགྲོ་བ་མིའི་འཚོ་བའི་རྟེན་གཞིར་གྱུར་ཡོད་པ་རེད།
དེ་ལས་གོར་སྐྱ་ཞེས་པ་ནི་གོ་རེ་ཡི་མིང་སྟེ་གཅན་ཚའི་ཡུལ་གྱི་ཁ་སྐད་ཅིག་ཡིན། གོར་ནི་གཅིག་ནས་གོ་རེ་ཞེས་པའི་ཚེག་དང་འགྲེང་བུ་གཉིས་དོར་ནས་ར་ཡིག་ཡར་སྦྱར་ཏེ་བསྡུས་འབྲི་བྱས་པ་ཞིག་དང་། གཉིས་ནས་དབྱིབས་གོར་གོར་ཅན་གྱི་གོ་རེ་ལ་གོ སྐྱ་ནི་སའི་མདོག་སྐྱ་བོའི་ནང་བསྲེགས་པའི་གོ་རེ་མདོག་སྐྱ་བོ་ལ་ཟེར། དེ་ལྟར་འབོད་དོན་ནི་གོ་རེ་སྣུམ་གྱི་ནང་དུ་བཙོས་ནས་ཐོན་པ་ལ་སྣུམ་འཁུར་རམ་གོ་དམར་དང་། ས་སྐྱ་བོའི་ནང་དུ་བསྲེགས་ནས་ཐོན་པའི་གོ་རེ་ལ་ཁ་དོག་གོར་སྐྱ་ཞེས་བཏགས་པ་ཞིག་དང་། གོ་རེ་སྐྱ་བོ་ཞེས་པའི་ཚིག་དེ་མྱུར་དུ་བཀླགས་པས་གོར་སྐྱའང་ཟེར། དེ་ནི་ཐོག་མར་ཕྱེ་སྐྱུར་བསྒྱུངས་ནས་ལངས་ཚེ་བུད་མེད་ལག་ཟས་ཅན་དག་གིས་སྐྱ་ཕྱེ་དང་མཉམ་དུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་ལྟ་བུར་བཟོས་རྗེས། སྔོན་ནས་མེ་ལ་བསྲེགས་ཡོད་པའི་ས་ཚིག་སྙོམས་པོར་རྡུང་བའི་སྟེང་དུ་བཞག་ཐོག དེའི་སྟེང་ལ་ཞིབ་མོར་རྡུང་བའི་ས་བསྲེགས་བླུགས་ནས་དུས་ཚོད་ངེས་ཅན་ཞིག་འགོར་ཏེ་འཚོས་བ་ན་གོ་རེ་དེའི་སྟེང་གི་མི་གཙང་བའི་ས་དང་འཚིག་རོ་རྣམས་བྲད་དེ་ཡོངས་སུ་གྲུབ་ལ། བཟོ་རྩལ་ཕུན་སུམ་ཚོགས་ཤིང་བྲོ་བ་ཤིན་ཏུ་ལེགས་པོ་ཡོད་པས། བཟའ་བྱ་གཞན་ལས་བཅུད་ལྡན་ཡིན་ཕྱིར། ས་འདིའི་མི་རྣམས་ཀྱིས་དེ་བཟའ་རྒྱུར་ཧ་ཅང་དགའ་བ་ཡིན། གོ་རེ་སྲེག་པའི་ལག་རྩལ་འདི་གཅན་ཚའི་ཡུལ་དུ་གནའ་སྔ་མོ་ནས་དར་ཡོད་པ་དང་། དམངས་ཁྲོད་ཀྱི་ཟས་རིགས་ནང་དུ་གོར་སྐྱ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། ད་དུང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་མཛད་སྒོ་གལ་ཆེན་དག་གི་འབུལ་དངོས་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡིན། སྤྱིར་བཏང་གི་གོར་སྐྱའི་ཚད་གཞི་ནི་གྲོ་ཕྱེ་རྒྱ་མ5ཡས་མས་བཀོལ་བ་ཡིན། དེ་ལྟར་གོར་སྐྱ་བཟོ་བའི་ལག་རྩལ་རིམ་བཞིན་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་གོ་སྐྱ་བསྲེགས་པའི་དབྱིབས་ལ་ནང་གསེས་ཀྱི་རིགས་མང་པོ་བྱུང་ཡོད་ཅིང་། ས་ཚིག་ལ་བརྟེན་ནས་བསྲེགས་པའི་སྲོལ་ནི་མདོ་སྨད་གཅན་ཚའི་ཡུལ་དུ་མ་གཏོགས་ས་ཆ་གཞན་དུ་མེད་པར་བཤད་པ་དང་། འོ་ཐོ་བརྕིགས་པའི་ས་བསྲེགས་དེ་ལའང་སྤྱིར་བཏང་གི་རིགས་མི་འདྲ་བ་གསུམ་ཡོད་དེ། ས་ཚིག་དང་། ས་ཧྲག(རྩྭ་སྲེག) རྒྱ་བརྩིགས་བཅས་ཡོད་ལ། དེ་དག་གི་ཁྱད་ཆོས་མདོར་བསྡུས་རེ་གླེང་ན།
ས་ཚིག་ནི་དཔྱིད་འགོ་ཐོན་ལ་ཉེ་བའི་དུས་སུ། ཞིང་ནང་དུ་ལས་གྱིན་ཡོད་ལ་གཙོ་བོ་ས་ཚིག་ཏུ་འཇུག་པ་ལས་གོ་རེ་སྲེག་པ་མིན། དེའི་དམིགས་ཡུལ་ནི་འོ་ཐོ་མེ་ལ་བསྲེགས་ན་ཞིང་ནང་གི་གནོད་འབུ་མེད་པར་བཟོས་ནས་ཞིང་ས་གཤིན་པོར་བསྒྱུར་ནས་ལོ་ལེགས་འབྱུང་བར་ཕན་པ་བསམ་གྱིས་མི་ཁྱབ། གཞན་ཡང་ས་ཚིག་ནི་རི་མ་དང་ཆུ་མ་གཉིས་ལས་རི་མ་ས་ཁུལ་དུ་དར་ཁྱབ་ཆེ། དེའི་རྒྱུ་མཚན་ནི་སྔོན་ཆད་རི་མ་ས་ཁུལ་དུ་ཕྱུགས་ལས་ཀྱང་གཉེར་བཞིན་ཡོད་པས་ས་བདེ་ཐང་བདེ་མིན་པར་རི་དང་ལ་ལུང་ཤིན་ཏུ་མང་བའི་ཁར། གཅིག་ནས་ཞིང་ས་ཐག་རིང་ན་ཡོད་ཚེ་ལུད་སོགས་སྐྱེལ་འདྲེན་བྱེད་པའི་དྲེལ་བོང་ཉུང་བས་དཀའ་ངལ་ཆེ་བ། གཉིས་ནས་ལ་ཐང་བརྒྱུད་ནས་འགྲོ་དགོས་པས་འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས་འོ་ཐོ་ཚིག་པ་རྣམས་ཞིབ་མོར་རྡུང་སྟེ་ཞིང་ནང་དུ་བཀྲམ་ན་ཞིང་སའི་ངོ་བོ་ཇེ་བཟང་དུ་སོང་ནས་གོང་གི་དཀའ་ངལ་དེ་དག་སེལ་ཐུབ། དེར་བརྟེན། ས་ཚིག་དེ་བཟོ་བའི་སྐབས་སུ་ཐོག་མར་ནང་གཟུང་ལ་ཚེར་སྐམ་བཞག་པའི་ཐོག་ཏུ། འོ་ཐོ་མང་པོ་རིམ་བཞིན་བརྩིགས་ནས་ལུས་བོངས་ཧ་ཅང་ཆེ་བ་རྒྱ་བརྩིགས་དང་འདྲ་བ་ལས་ཏེ་ཞིང་ནང་གི་འོ་ཐོ་ཡོད་ཚད་ཅུང་ཙམ་ཚིག་ཏུ་འཇུག་བཞིན་ཡོད་པ་རེད།
རྩྭ་སྲེག་ནི་ཁྱིམ་གྱི་ལྷས་རྭ་དང་རྒྱ་སྒོ་ཕྱི་རུ་ལས་བཞིན་ཡོད། དེ་ནི་འགྲམ་གཉིས་སུ་འོ་ཐོ་ཅུང་མཐོ་བར་བཞག་ནས་དེའི་ཐོག་ཏུ་བུད་ཤིང་བཏིང་སྟེ། རིམ་བཞིན་རྩྭ་དང་ཚེར་མ་ཅུང་ཙམ་བསྲེས་ནས་འོ་ཐོ་བརྩིགས་ཏེ་གྲུབ་པའི་ལུས་བོངས་ཆུང་ཆུང་ཞིག་ཡིན་ཞིང་། མེ་འཇོག་སའི་ཐབ་ཁུང་གཅིག་མ་གཏོགས་མེད་ལ། དེར་རྩྭ་ཡིས་མེ་བུད་ནས་དུས་ཚོད་ཕྱེད་ཀ་འགོར་རྗེས་ཕུབ་མས་ཡོངས་སུ་བཏུམས་ནས་འཇོག་པ་དང་། དེའི་ནང་དུ་གོ་རེ་གཉིས་ནས་གསུམ་མ་གཏོགས་བསྲེགས་མི་ཐུབ། དེ་ནི་གཙོ་བོ་ཁྱིམ་ཚང་ག་གེ་མོ་ཞིག་ནས་མི་ཞིག་འདས་ཚེ་སྡུག་འདྲི་ལ་འགྲོ་སྐབས་གོར་སྐྱ་གཅིག་རེ་ཁྱེར་བ་དང་། བླ་མའི་སྤྱི་གོར་སོགས་ལ་གོ་རེ་གཅིག་ཁྱེར་བའི་རིགས་ལྟ་བུ་ནི་རྩྭ་སྲེག་ནང་དུ་སྲེག་ན་མགྱོགས་པ་མ་ཟད། ཧ་ཅང་སྟབས་བདེ་ཡང་ཡིན་པས། དཀའ་ཚེགས་ཆུང་བ་དང་དུས་ཚོད་ཀྱང་ཉུང་ཙམ་བཀོལ་བས་ཆོག།
རྒྱ་བརྩིགས་ནི་དེ་ལས་ལྡོག་སྟེ་ལུས་བོངས་ཆེ་ཞིང་གོ་རེ་ཉི་ཤུ་ནས་སུམ་ཅུ་བསྲེགས་ཐུབ། དེ་ནི་གཙོ་བོ་ལོ་གསར་དང་མི་ཤི་འདས་མཆོད་ཀྱི་ཆེད་དུ་བསྲེགས་པའི་གཞི་རྒྱ་ཧ་ཅང་ཆེ་བ་ཞིག་རེད། འདི་ནི་རྩྭ་སྲེག་དང་བསྡུར་ན་ལུས་བོངས་ཧ་ཅང་ཆེ་བ་དང་གོ་རེ་མང་དུ་བསྲེགས་ཐུབ་པ། མདུན་རྒྱབ་གཉིས་སུ་མེ་འཇོག་སའི་ཐབ་ཁུང་གཉིས་རེ་བཅས་བསྡོམས་པས་བཞི་ཡོད་པ། ཁྱིམ་བདག་མ་མང་པོ་འདུས་ནས་བསྲེགས་པའི་ཁྱད་ཆོས་ཡོད་ལ། རྒྱུ་ཆའི་ཕྱོགས་ནས་གོང་གི་གཉིས་ཀ་དང་འདྲ་མཚུངས་ཡིན།
གཅིག གོར་སྐྱའི་བྱུང་འཕེལ།
གཅན་ཚའི་ཡུལ་གྱི་གནའ་མི་རྣམས་ཀྱིས་རང་གི་ས་གནས་ཀྱི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་ཞིང་ཕྱུགས་མཉམ་འབྲེལ་གྱི་དཔལ་འབྱོར་གཉེར་བ་ནི་ཁྱད་ཆོས་གཙོ་བོ་ཡིན་ཏེ། དེ་ཡང་གདོད་མའི་དུས་སུ་རི་དྭགས་བརྔོན་པ་དང་འཕྲོ་ལྷག་སྒོ་ཕྱུགས་སུ་གཉེར་བ་ཡུན་རིང་ཕྱིན་པའི་གོ་རིམ་ནང་རིམ་གྱིས་གཏན་སྡོད་ཀྱི་ཁང་བ་དང་ཆེད་གཉེར་གྱི་ཞིང་ལས་དར་བས་ཆབ་སྲིད་དང་བསམ་བློའི་དཔལ་ཡོན་རྒྱས་པའི་དངོས་པོའི་དཔལ་འབྱོར་གྱི་རྨང་གཞི་ཆགས། དེ་ལྟར་ཞིང་ལས་གཉེར་ནས་འབྲུ་རིགས་སྣ་ལྔ་སོན་འདེབས་བྱེད་པའི་ལག་རྩལ་ཕུན་སུམ་ཚོགས་པ་བྱུང་ཡོད། དེར་བརྟེན། གོར་སྐྱ་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་གྲོ་ཕྱེ་ཡིན་པ་དང་། དེ་ནི་འབྲུ་རིགས་སྣ་ལྔའི་ནང་གི་གྲོ་འཐག་པ་ལས་བྱུང་བ་ཞིག་ཡིན་ལ་གྲོ་ཕྱེ་འཐག་པའི་ལག་རྩལ་འདི་ཡོད་པ་ནས་གོ་རེ་ཡང་བྱུང་ཡོད་པར་འདོད།
དང་པོ། གྲོ་དང་ས་ཀར། ནགས་ཚལ་ཕུན་སུམ་ཚོགས་པར་བརྟེན་ནས་བྱུང་བ།
གཅན་ཚའི་ཡུལ་གྲུ་འདི་ནི་མཚོ་སྔོན་ཞིང་ཆེན་དུ་ས་བབ་ཧ་ཅང་དམའ་བའི་ས་ཁུལ་ཞིག་ཡིན་པས། འབྲུ་རིགས་སྣ་ལྔའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། དེ་ནི་རྨ་ཆུའི་ཚ་འགྲམ་དུ་རོང་བ་རྣམས་ཆགས་ཡོད་ལ། དེར་ཚ་བ་ཧ་ཅང་ཆེ་བ་དང་ཞིང་ལ་ཆུ་འདྲེན་རྒྱུ་མང་པོ་ཡོད་པ་སོགས་ཀྱི་འབྲུ་རིགས་འདེབས་འཛུགས་ཀྱི་འབྲས་བུ་བཟང་བོ་ཐོན་གྱི་ཡོད། གཞན་ཡང་ས་ཀར་དང་ནགས་ཚལ་སོགས་ཧ་ཅང་ཕུན་སུམ་ཚོགས་པ་ཡོད་པ་དེས། གོར་སྐྱ་བསྲེགས་པར་རང་བྱུང་གི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། དེའི་རྒྱུ་མཚན་ནི་ས་ནི་བ་ཚྭ་རྡོའུ་ཟེགས་འདྲེས་བ་ཡིན་ན་གོ་རེ་མི་ཤིང་བས། ངེས་པར་དུ་འོ་མ་དང་འདྲ་བའི་ས་ཀར་འཇམ་པོ་ཡིན་དགོས་པས། ཡུལ་གྲུ་འདིར་ས་ཀར་ཧ་ཅང་མོད་པོ་ཡོད་པ། གཞན་ཡང་ས་བསྲེགས་པར་འབུད་ཤིང་ས་འཚིག་ཐུབ་པའི་ཆ་མ་ལབ་ཅན་ཏེ་སྟག་པ་དང་ཁིས་བ། གསོམ་སྡོང་བཅས་ཡིན་དགོས། གལ་ཏེ་འབུད་ཤིང་བཟང་བོ་མིན་ཚེ་ས་འཚིག་མི་ཐུབ་པ་དང་། ས་འཚིག་མ་ཐུབ་ན་གོ་རེ་བསྲེགས་ཐུབ་ཀྱི་མེད། དེ་བས། ལྗོངས་འདིའི་གྲོ་དང་ས་ཀར། ནགས་ཚལ་བཅས་ཀྱི་གོ་རེ་བསྲེགས་པའི་ཆ་རྐྱེན་ལ་རང་བྱུང་གི་རྨང་གཞི་ངེས་ཅན་ཞིག་བཏིང་ནས་ད་གཟོད་གོར་སྐྱ་འདི་རིམ་བཞིན་བྱུང་བ་རེད།
གཉིས་པ། གོར་སྐྱ་ནི་ཐོག་མར་དམག་གི་ལམ་རྒྱགས་ལ་བསྲེགས་ཚུལ།
གོར་སྐྱ་ནི་གྲོ་ཕྱེ་རྒྱ་མ་ལྔ་ཙམ་གྱིས་བཟོས་པས། མི་གཅིག་ལ་མ་མཐའ་ཡང་ཉིན་གསུམ་བཞི་ཙམ་ལ་འདང་ཞིང་གནའ་སྔ་མོ་དམག་འཁྲུག་བྱེད་པའི་སྐབས་སུ། གཡུལ་ས་རུ་ཉི་མ་འགའ་རེ་འགོར་བས། ལག་ཏུ་བཟུང་ཏེ་ས་གང་དུ་སོང་ནས་དགྲ་ལ་འཐབ་ཚེ། ཆུ་ནི་ལུང་བ་རེ་རེ་ན་ཧ་ཅང་མོད་སྟབས་དུས་ཐོག་ཏུ་ཟོས་ན་མི་རྣམས་ལ་སྟོབས་ཤུགས་རྒྱས་ཐུབ་པས་དམག་གི་ལམ་རྒྱགས་ལ་སྟབས་བདེ་བར་དམིགས་ནས་བཟོས་པ་རེད་ཟེར། དེའི་རྒྱུ་རྐྱེན་ནི་གཅན་ཚའི་ཡུལ་འདི་ནི་བོད་བཙན་པོའི་དུས་སྐབས་ཀྱི་ས་མཚམས་སྲུང་བའི་དམག་གི་རྩལ་ལས་མཆེད་པའི་མདའ་རྩལ་དར་བའི་ཡུལ་གྲུ་ཞིག་ཡིན་ཟེར་བ་དང་། དེང་སང་ཡང་མདའ་རྩལ་འགྲན་བསྡུར་བྱེད་པའི་གོམས་སྲོལ་རྒྱུན་མ་ཆད་པར་ཡོད་པ་མ་ཟད། ད་དུང་སྤྱི་ལོ2006ལོར་རྒྱལ་ཁབ་རིམ་པའི་མདའ་མོ་གཡང་རྫོང་ཞེས་པའི་མཚན་སྙན་གནང་བ་འདི་དག་ལ་དཔག་ན་གནའ་སྔ་མོར་མདོ་སྨད་གཅན་ཚའི་ཡུལ་འདིའང་དམག་འཁྲུག་རྒྱག་པའི་གནས་ཤིག་ཡིན་པས་དམག་གི་ལམ་རྒྱགས་ལ་བསྲེགས་པ་རེད་ཅེས་ཀུན་ལ་བཤད་སྲོལ་ཡོད། དེར་བརྟེན། གོར་སྐྱ་ནི་དུས་ནམ་ཞིག་ལ་བྱུང་བ་ཐག་གཅོད་བྱེད་མི་ཐུབ་མོད། འོན་ཀྱང་གནའ་སྔ་མོ་ཞིག་ནས་བྱུང་བར་གདོན་མི་ཟ། རྒྱུ་མཚན་ནི་མི་རྣམས་ཀྱི་ཆུ་འཁྱགས་འཐུང་པ་ལས་ཆུ་ཁོལ་འཐུང་ན་ལུས་པོ་ལ་བདེ་སྣང་སྟེར་བ་དང་། ཤ་རློན་པ་ཟ་བ་ལས་ཤ་བཙོས་ཏེ་ཟོས་ན་ལུས་ཕུང་ལ་ཕན་པ་དང་བྲོ་བ་ཡོད་པ་སོགས་ཤེས་པ་བཞིན་གོ་རེའང་སྲེག་ན་བྲོ་བ་ཆེ་ཞིང་འཇུ་སླ་བའི་ངེས་ཤེས་རྙེད་པ་དང་གཅིག་མཐུན་རེད། དེ་བས་ཆེས་ཐབས་ཆག་གི་ཡོ་བྱད་འདི་དག་ལ་བསམ་ན་དེ་ནི་གདོད་མའི་ལག་རྩལ་གྱི་རྣམ་པ་ཞིག་ཡིན་པ་ཤེས་ཐུབ་པར་སྙམ།
གསུམ་པ། གོ་རེའི་དཔེ་གཞི་སྣང་རའི་གོར་མོ་ཆེ།
གཅན་ཚའི་ཡུལ་འདིར་གོ་རེ་བསྲེགས་པའི་ལག་རྩལ་འཕེལ་རྒྱས་སུ་སོང་ནས་ཁམས་རའི་གོར་སྐྱ་དང་། སྐྱ་རྒྱའི་གོར་སྐྱ། ནང་ཁོག་གོར་སྐྱ་སོགས་ཡུལ་སྡེའི་སོ་སོའི་གོ་རེ་ལ་ཁྱད་ཆོས་ཅུང་ཙམ་མི་འདྲ་བ་ཡོད་མོད། ཡིན་ནའང་འདིར་སྣང་རའི་གོར་མོ་ཆེའི་དཔེར་མཚོན་ཙམ་དྲངས་ན།
དུས་ཡུན་མང་པོ་ཞིག་འགོར་བའི་རྗེས་སུ། མི་རྣམས་ཀྱི་བསམ་པའི་གོ་རྟོགས་ཇེ་མཐོར་སོང་སྟེ། གོ་རེ་བསྲེགས་པའི་ལག་རྩལ་ཡང་ལྡབ་འགྱུར་གྱིས་གོང་དུ་འཕེལ་ནས་རྩྭ་སྲེག་ནང་དུ་བསྲེགས་པའི་གོ་རེ་ཆུང་བ་དེ་རིམ་བཞིན་ཆེ་རུ་བསྒྱུར་ནས་སྐད་གྲགས་ཆེ་བའི་སྣང་རའི་གོར་མོ་ཆེ་ཟེར་བ་ཞིག་བྱུང་ལ། ལོ་རྒྱུས་སྟེང་སྣང་རའི་གོར་མོ་ཆེ་ཐེངས་གང་མང་ལ་བསྲེགས་མྱོང་ཞིང་། གཞི་རྒྱ་ཆེ་བ་ནི་སྣང་རའི་མཆོད་རྟེན་ལ་རབ་གནས་མཛད་སྐབས་སྣང་ར་མཛོ་བརྒྱའི་དད་ལྡན་རྣམས་ཀྱིས་གོར་མོ་ཆེའི་ཚངས་ཐིག་ལ་ཕལ་ཆེར་རྨིད1.2དང་མཐུག་ཚད་ལ་ལིས་རྨིད20ཙམ་ཡོད་པའི་གྲོ་ཕྱེ་རྒྱ་མ80ལྷག་བཀོལ་བ་དེ་ས་སྐྱ་པཎ་ཆེན་མཆོག་ལ་ཕུལ་བར་བཤད། ཡང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཨ་མདོར་ཕེབས་སྐབས། སྣང་རའི་དད་ལྡན་རྣམས་ཀྱིས་གྲོ་ཕྱེ་རྒྱ་མ100ལྷག་གི་གོར་མོ་ཆེ་བསྲེགས་ཏེ་ཕུལ་ཞིང་། ཁོང་གི་ཐུགས་བཀོད་ལྟར་ཀོ་ཐུམ་གྱིས་བཏུམས་རྗེས་ཤིང་སྒམ་དུ་བཅུག་སྟེ་གཡག་ལ་བཀལ་ནས་ལྷ་སའི་ཇོ་བོ་རིན་པོ་ཆེར་ཕུལ། ཡང་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་དགུང་ལོ་ཉེར་ལྔ་བ་ལ་དབུས་སུ་བྱོན་ཏེ། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་བརྒྱད་ཀྱི་རིང་བཀའ་པོད་ཡོངས་རྫོགས་སྦྱང་བ་དཔྱིས་ཕྱིན་མཛད་ཅིང་མཁས་གྲགས་ཀྱི་སྙན་པ་འབྲུག་ལྟར་ལྡིར། ཕྱག་རྫས་ཅི་ཡོད་ཀྱིས་རྟེན་གསུམ་བཞེངས་ཤིང་རྣམ་དཀར་གྱི་རྒྱུར་ཕུལ་བས་སྐུ་ཆས་བཀྲེན་ཏེ་སྐབས་འགར་དཀའ་སྤྱད་ཀྱི་འཚོ་བའི་ཚུལ་མཛད་པར་དབུས་གཙང་གི་དགེ་བཤེས་རེ་འགས་ཨ་མདོ་སྤྲང་བོ་ཡིན་པའི་ཚུལ་བརྗོད་པར་ཁོང་གིས་རང་གི་ཕ་ཡུལ་སྣང་རའི་གོར་མོ་ཆེ་བསྐུར་ཡོང་རྒྱུའི་སྐད་བཏང་བ་ལྟར་ཕ་ཡུལ་ནས་གྲོ་ཕྱེ་རྒྱ་མ100ལྷག་བཀོལ་བའི་སྣང་རའི་གོར་མོ་ཆེ་འབྱོར་བ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་ཇོ་བོ་རིན་པོ་ཆེར་ཕུལ་ཏེ་ལྗོངས་འདིའི་ཟས་ནོར་ལོངས་སྤྱོད་རྒྱས་ཤིང་ཞལ་ཟས་རོ་བརྒྱ་ལྡན་པའི་གསོལ་སྨོན་མཛད་པས། དེར་འདུས་སེར་སྐྱ་ཀུན་གྱིས་ཁོང་གི་ཕ་ཡུལ་སྣང་ར་ནི་ཟས་ནོར་ལོངས་སྤྱོད་རྒྱས་ཤིང་འབྲུ་རིགས་སྣ་ལྔ་འཁྲུངས་བའི་ཡུལ་ཞིག་ཡིན་པ་ཤེས། དེ་ལྟར་གོར་སྐྱ་བསྲེགས་པའི་ལག་རྩལ་འཕེལ་རྒྱས་ཀྱི་རྩེ་མོར་སོན་ནས་གོ་རེ་ཆུང་བ་དེར་དཔེ་བྱས་ནས་སྣང་རའི་གོར་མོ་ཆེ་ཟེར་བ་ཞིག་བྱུང་བ་དེ་ས་སྐྱ་པཎ་ཆེན་དང་། རྗེ་ཀུན་མཁྱེན་འཇིགས་མེད་དབང་བོ། པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ། པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་སོགས་ལ་མཇལ་རྟེན་དུ་ཕུལ་ནས་ལྷ་སའི་ཇོ་བོ་རིན་པོ་ཆེ་དང་། གཙང་བཀྲ་ཤིས་ལྷུན་པོ། པེ་ཅིན་བཅས་སུ་ཁྱེར་བ་སོགས་ལས་མདོ་སྨད་གཅན་ཚའི་ཡུལ་དུ་གོར་སྐྱ་ནི་གནའ་སྔ་མོ་ནས་དར་ཡོད་པ་ར་སྤྲོད་བྱེད་ཐུབ་པ་མ་ཟད། ད་དུང་ད་ལྟའི་བར་དུ་མ་ཉམས་པར་བྱེད་སྒོ་ཅི་ཞིག་སྤེལ་ཀྱང་ཕན་ཚུན་ལ་འབུལ་རྟེན་གལ་ཆེན་དུ་འཁྱེར་ནས་འཚོ་བའི་ཁྲོད་དུ་སྤྱོད་རྒྱ་ཅུང་ཙམ་ཆེ་པས་གོར་སྐྱ་འདི་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ཁྱད་ཐོན་ཟས་རིགས་མཆོག་གྱུར་ཞིག་ལ་རྩི་བཞིན་ཡོད།
གཉིས། གོར་སྐྱ་བཟོ་བའི་གོ་རིམ།
དང་པོ། སྟ་གོན་གྱི་དུས་རིམ།
བྱ་བ་དང་ལས་ཀ་གང་ཞིག་བསྒྲུབ་ཀྱང་དེ་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་ནས་འགྲོ་དགོས་པ་ལྟར་གོར་སྐྱ་བསྲེགས་པར་ཐོག་མར་ཡོ་བྱད་དང་རྒྱུ་ཆ་རྣམས་སྔོན་ནས་ཆ་ཚང་བར་གྲ་སྒྲིག་བྱེད་དགོས་པས་གཤམ་ནས་ཡོ་བྱད་དང་རྒྱུ་ཆའི་མིང་། དེ་དག་གི་ནུས་པ་རགས་ཙམ་རེ་མཚམས་སྦྱོར་བྱེད་རྒྱུ།
༡ ཡོ་བྱད་དང་དེའི་སྤྱོད་སྒོ།
ད་ལྟའི་སྤྱི་ཚོགས་ནང་དུ་གོ་རེ་བཟོ་པའི་ལག་རྩལ་དང་ཡོ་བྱད་ལ་འགྱུར་ལྡོག་བྱུང་ཡོད་པ་སྟེ། ལྕགས་རིགས་ཀྱི་ནང་དུ་བསྲེགས་པའི་གོ་རེ་དེ་ནི་སྲེག་རྩལ་ཧ་ཅང་མྱུར་ཞིང་སྟབས་བདེ་ཡིན་པ་དང་། མིག་ནང་དུ་མཛེས་པས་ཡིད་འཕྲོག་པར་བྱེད་ན་ཡང་ལྕགས་ཀྱི་དྲི་མ་ཅུང་ཙམ་ཁ་བ་དང་། བུད་ཤིང་གི་མེ་ལ་བརྟེན་ནས་ཟ་མ་གཡོས་སྦྱོར་བྱས་པའི་བྲོ་བ་དེ་གློག་དང་རྡོ་སོལ་སོགས་བཀོལ་ནས་གཡོས་སྦྱོར་བྱས་པ་ལས་ཞིམ་མངར་ཆེ། དེ་བས་མདོ་སྨད་གཅན་ཚའི་ཡུལ་གྱི་གོར་སྐྱ་བཟོ་བའི་ཡོ་བྱད་ནི་རང་གི་ཉེ་འཁོར་ན་རྒྱུན་དུ་ཡོད་པའི་མི་གཙང་བའི་རྫས་གང་གིས་ཀྱང་མ་བསླད་པའི་རང་བྱུང་གི་དངོས་པོ་དག་ཡིན། དེ་དག་བཀོལ་སྤྱོད་བྱེད་སྐབས་གཙོ་ཕལ་གྱི་དབྱེ་བ་ཡོད་ལ། སྤྱིར་བཏང་གི་འོ་ཐོ་དང་། བུད་ཤིང་། ཚེར་མ། རྩྭ་སྐམ་པོ། ཕུབ་མ ། འོ་རྡུང་། ལྕགས་ཁེམ། ཤིང་ལེབ། འཁན་པ། བརྡལ་རིལ། གོར་བྲད་སོགས་ནི་ངེས་པར་དུ་དགོས་པས་གཙོ་བོ་དང་། གཞོར། སླེ་བོ། སྟ་རེ་བཅས་ནི་མེད་ནའང་ཆོག་པས་ཕལ་བ་ཡིན། དེ་བས་དེ་དག་གི་སྤྱོད་སྒོ་རགས་ཙམ་བརྗོད་ན། འོ་ཐོ་ནི་ས་གང་ཡིན་གྱི་མི་ཆོག་པར་ས་ཀར་དང་སྤང་ཐོ་ཅུང་སྙི་མོ་ཡིན་དགོས། དེ་ནི་གད་པ་ཆད་པའི་ངོས་སྐམ་པོ་ནས་གཞོར་གྱི་སློག་པའམ་ཡང་ན་ཞིང་ནང་གི་ས་རོག་སྐམ་པོ་དེ་དག་ཡིན་དགོས། གལ་ཏེ་བ་ཚྭ་དང་རྡོ་ཟེགས་འདྲེས་པའི་འོ་ཐོ་སོགས་ཡིན་ཚེ་གོ་རེ་སྲེག་ན་ཚོས་ཁོག་མི་ལོན་པ་རེད། འབུད་ཤིང་ནི་ས་ཚིག་གི་ཆེ་ཆུང་དང་འོ་ཐོའི་མང་ཉུང་ལ་ལྟོས་ནས་སྦོམ་ཕྲ་དང་རིང་ཐུང་ཐག་གཅོད་བྱེད་དགོས་པ་མ་ཟད། ད་དུང་འོ་ཐོ་ཡར་འདེགས་པ་དང་བསྲེགས་པར་བྱེད་རྒྱུ་ནུས་པ་གལ་ཆེན་ཐོན་པ་ཡིན། ཚེར་མ་ནི་རི་མགོར་སྐྱེས་པའི་རྩི་ཤིང་ཞིག་ཡིན་ཞིང་། དེ་སྔ་མོ་ནས་བྲེགས་ཏེ་སྐམ་དུ་བཅུག་རྗེས། ས་ཚིག་ནང་དུ་བཏུམས་ནས་མེ་ལ་སྒྲོན་ན་འབར་ཤུགས་ཧ་ཅང་ཆེ་བས་ས་ཚིག་པར་ཕན་ཐོགས་ཆེ། རྩྭ་ནི་གྲོ་ནས་གཡུལ་ལ་བཅག་ནས་བྱུང་བ་དེ་ས་ཚིག་ལས་པའི་ཐབ་ཁུང་ནང་དུ་དུས་ཚོད་སྐར་མ་ཉི་ཤུ་ལྷག་ལ་བུས་ནས་བུད་ཤིང་དང་འོ་ཐོ་ཆེས་ཆེར་ཚིག་པར་ནུས་པ་ཐོན་ཐུབ། ཕུབ་མ་ནི་ས་ཚིག་མེ་ལ་སྒྲོན་པའི་རྗེས་སུ། ས་ཚིག་ཧྲིལ་བོ་ཡོངས་སུ་མཐུག་པོར་བཏུམས་ནས་ཕྱི་ངོས་ཀྱི་འོ་ཐོ་ཚིག་པར་བྱེད་ལ་མེ་ཤེད་ཕྱི་རུ་ཤོར་དུ་མི་འཇུག་པའི་ཆེད་དུ་ཡིན། འོར་རྡུང་ནི་འོ་ཐོ་ཚིག་ནས་དམར་པོར་གྱུར་བ་དེ་ཞིབ་མོར་རྡུང་བྱེད་ཡིན། ལྕགས་ཁེམ་ནི་འོ་ཐོ་ཚིག་ནས་དམར་པོ་མེ་དང་འདྲ་བར་གྱུར་བ་ཡང་ཡང་རྡུང་ནས་ཞིབ་མོར་བཟོས་ཏེ་ཕྱེ་སྐྱུར་གོ་རེ་ཐོག་ཏུ་འཕེན་བྱེད་ཅིག་ཡིན། ཤིང་ལེབ་ནི་ཕྱེ་སྐྱུར་བརྫིས་ནས་གོ་རེའི་དབྱིབས་སོགས་བཟོ་བར་བྱེད་པའི་སྡོང་གཏུན་ལེབ་མོར་དྲས་པ་ཞིག་ཡིན། འཁན་པ་ནི་རི་འགོར་སྐྱེས་པའི་རྩི་ཤིང་གཙང་མ་ཞིག་ཡིན་པ་དང་དྲི་མ་ཧ་ཅང་ཞིམ་པས་བསང་རྫས་སུ་བཀོལ་ལ། དེ་ནི་ལྭ་བ་འཚེམ་པའི་ཁབ་དང་འདྲ་བའི་སྦོམ་ཕྲ་ཞིག་གིས་སྒོར་དབྱིབས་སུ་བཟོས་ཡོད་པའི་ཕྱེ་སྐྱུར་ས་ཚིག་ནང་དུ་མ་འཕངས་པའི་སྔོན་ལ་ཡང་ཡང་གཙགས་ནས་སྲེག་ན་གོ་རེ་ཡར་སྦོས་བ་དང་སེར་ཀ་མི་གས་པའི་ཆེད་དུ་ཡིན། བརྡལ་རིལ་ནི་ཕྱེ་སྐྱུར་བརྫིས་ནས་རིལ་རིལ་བྱས་པ་དེ་ཆ་སྙོམས་པོར་གོར་གོར་བྱས་ཏེ་བརྡལ་བྱེད་ཅིག་ཡིན། གོར་བྲད་ནི་རྡོ་རྩུབ་པོ་ཞིག་སྟེ་གོ་རེ་བསྲེགས་པའི་སྟེང་ཕྱོགས་དང་མཐའ་ཁ་མེ་ཡི་ཚིག་པ་སོགས་ཡང་ཡང་བྲད་ནས་གཙང་མར་བྱེད་སྤྱད་ཅིག་ཡིན། གཞོར་ནི་ས་ཚིག་ལས་པའི་འོ་ཐོ་སློག་བྱེད་ཅིག་ཡིན། སླེ་བོ་ནི་འོ་ཐོ་སྐྱེལ་འདྲེན་བྱེད་པའི་སྣོད་ཅིག་ཡིན། སྟ་རེ་ནི་ས་ཚིག་ཐོག་མར་ལས་པའི་སྐབས་ས་ཚིག་གི་ཆེ་ཆུང་ལ་ལྟོས་ནས་བུད་ཤིང་གི་རིང་ཐུང་གཏུབ་བྱེད་ཅིག་ཡིན། དེ་བས་ཡོ་བྱད་འདི་དག་གི་ནང་དུ་འོ་ཐོ་དེ་གཅིག་ནས་བསྲེགས་ཏེ་གོ་རེ་བཟོ་ཆོག་ལ། གཉིས་ནས་གོ་རེ་བསྲེགས་པའི་རྗེས་ཀྱི་ས་རྡུལ་ཞིབ་མོ་དེ་རྣམས་ཞིང་ཐོག་ཏུ་བརྡལ་ན་ཞིང་སའི་ས་བཅུད་ཇེ་བཟང་དུ་སོང་ནས་ཞིང་ལས་ཐོན་སྐྱེད་ཐད་དུའང་ནུས་པ་མི་དམན་པ་ཞིག་ཐོན་པས། དེང་གི་དུས་འདིར་ཞིང་ལས་ཀྱི་ཐོན་འབབ་ཇེ་བཟང་དུ་འབྱུང་རྒྱུར་བསམ་ནས་རྫས་འགྱུར་གྱི་ལུད་རྫས་མང་དུ་བཀོལ་ན་ས་གཤིས་ཀྱི་ངོ་བོ་ལོ་རེར་བསྡད་ཀྱིན་ཇེ་ངན་དུ་སོང་ནས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་ལས་ལེགས་པར་སྙམ་པ་དང་། ཕྱེ་བརྫིས་པ་སྒོར་དབྱིབས་སུ་བཟོས་ཏེ་ས་ཚིག་ནང་དུ་འཕངས་མ་ཐག་སྔོན་དུ་འཁན་པ་ཡིས་ཕྱེ་ཐོག་ཏུ་གཙགས་ནས་དབུགས་འགྲོ་ས་བཏོད་དགོས། གལ་ཏེ་མ་གཙགས་ན་ས་བསྲེགས་ཚ་བོ་དེ་གོ་རེ་ཐོག་ཏུ་བླུགས་ཚེ། མཁའ་དབུགས་འགྲོ་ས་མེད་པས་གོ་རེ་སྙོམས་པོར་མི་འདུག་པར་དཀྱིལ་དང་ཞབས་ནས་ཡར་མར་ལྟོ་ལྡིར་དུ་གྱུར་ནས་མི་སྡུག་པར་འགྱུར་བའི་སྣང་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་ནི་ཧ་ཅང་གཏིང་ཟབ་པས་འདས་པའི་གཅན་ཚའི་མེས་པོ་རྣམས་ནི་ཇི་འདྲའི་བློ་རིག་བཀྲ་བ་ཞིག་རེད།
༢ རྒྱུ་ཆ་དང་དེའི་ནུས་པ།
མདོ་སྨད་གཅན་ཚའི་ཡུལ་ནི་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཤིང་། ཞིང་ཕྱུགས་གཉིས་ལས་གཙོ་བོ་ཞིང་ལས་གཉེར་བ་དང་། གྲོ་ཡི་ཐོན་ཁུངས་ཧ་ཅང་མོད་པོ་ཡོད་པའི་རྐྱེན་གྱིས་གོ་རེ་བཟོ་རྒྱུ་དེ་བཟའ་བཅའི་ནང་གི་གཙོ་གྲས་ཤིག་ཡིན་པ་དང་། ལྷག་པར་དུ་ཁོར་ཡུག་གི་ཆ་རྐྱེན་དང་བསྟུན་ནས་ས་ཚིག་གི་ནང་དུ་གོ་རེ་བསྲེགས་པའི་ལག་རྩལ་ནི་ཕུན་སུམ་ཚོགས་པ་ཡོད། གང་ལྟར་ཡང་གོ་རེ་བཟོ་རྒྱུ་དེ་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན་པས་དེ་བཟོ་པའི་རྒྱུ་ཆ་གཙོ་བོ་ནི་ཕྱེ་དང་། སྐྱུར་རྟ། ཆུ། ཙག་ཀ་དང་བུལ་ཏོག་བཅས་ཡིན། དེ་ལ་ཕྱེ་ནི་འབྲུ་རིགས་སྣ་ལྔའི་ནང་གི་གྲོ་རང་འཐག་ལ་འཐག་ནས་ཞིབ་མོར་བཏང་བ་དེ་ཡིན། སྐྱུར་རྟ་ནི་དང་ཐོག་ཕྱེ་ཡི་ནང་དུ་དར་བ་ཅུང་ཙམ་བླུགས་པ་རུ་རྟ་བྱས་པའི་རྨང་གཞིའི་སྟེང་ནས་ཕྱེ་སྐྱུར་བསྒྱུངས་པ་དེ་ཡིན། ཆུ་ནི་ཕྱེ་དང་སྐྱུར་གཉིས་འདྲེས་སྦྱོར་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པས། དེ་ནི་གཙོ་བོ་ཕྱེ་ཡི་མང་ཉུང་ལ་ལྟོས་ནས་ཚོད་འཛིན་བྱེད་ཀྱི་ཡོད། ཙག་ཀ་ནི་རི་མགོར་སྐྱེས་པའི་ལྡུམ་བུའི་རིགས་ཀྱི་རྩི་ཤིང་ཞིག་ཡིན། དེ་ནི་དབྱར་ཁར་སྐྱེས་ཤིང་། དགུན་ཁར་སྐམ་ནས་མདོག་དཀར་པོ་གྱུར་བ་དེ་ལ་མེ་སྒྲོན་པ་ན་སྒྲ་ཙག་ཙག་ཅེས་འབར་པའི་མིང་ལ་ཙག་ཀ་དང་། ལ་ལས་མེ་ལ་འབར་བའི་རྗེས་ཀྱི་ཐལ་ཙག་ནས་ཙག་ཀ་ཡང་ཟེར། སྔོན་གྱི་དུས་སུ་མི་རྣམས་ཀྱིས་ཙག་ཀ་སྐམ་པོ་བཏུས་ནས་མེ་ལ་བུས་པའི་ཐལ་རྡུལ་ སྣོད་ཀྱི་ནང་དུ་གསོག་འཇོག་བྱས། དེར་ཆུ་བླུགས་ནས་ཡུད་ཙམ་འགོར་བ་ན་སྙིགས་རོ་རྣམས་ཞབས་སུ་ཆགས་ནས་ཆུ་དྭངས་མོར་གྱུར་བ་དེ་ཕྱེ་ཡི་ནང་དུ་ཅུང་ཙམ་བསྲེས་ནས་བརྫིས་ན་ཕྱེ་ལངས་བའམ་སོབ་སོབ་ཏུ་འགྱུར་བར་ཕན་ནུས་བཟང་བོ་ཐོན་ཐུབ། ད་ལྟའི་དུས་སུ་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་སྔོན་གྱི་ཙག་ཀ་དེ་བུལ་ཏོག་ཏུ་བསྒྱུར་ནས་མདོག་དཀར་བོ་ཕྱེ་དང་འདྲ་བ་དེ་བཀོལ་སྤྱོད་བྱེད་བཞིན་ཡོད་ཀྱང་ནུས་པ་ཕལ་ཆེར་གཅིག་འདྲ་རེད། གང་ལྟར་ཀྱང་ས་བསྲེགས་གོར་སྐྱ་དེ་བསྲེགས་ཐོན་ཡིན་པས་དབུགས་རླངས་ཕྱིར་འཐེན་དང་སྐམ་སྲད་ཁོག་སོབ་ཡིན་པས། གོ་རེའི་བྲོ་བ་ལེགས་པོར་གྱུར་ནས་མི་རྣམས་ཀྱིས་ཡུན་རིང་དུ་ཟོས་ཀྱང་སུན་སྣང་མི་སྐྱེས་བ་དང་། ཕོ་བར་འཕྲོད་པ། འཇུ་སླ་བ། རོ་བཅུད་ཡོད་པའི་དགེ་མཚན་ཡོད། ད་ལྟའི་སྤྱི་ཚོགས་ནང་དུ་ཟས་རིགས་མོད་པོ་བྱུང་དང་བྱུང་བཞིན་ཡོད་ནའང་གནས་སྐབས་སུ་ཟོས་ན་ཁ་ལ་ཞིམ་ཡང་ཡུན་རིང་ཟོས་ན་ཞེན་ཁ་ལོག་པར་མ་ཟད། དོན་སྣོད་ལའང་གནོད་པར་འགྱུར་ བས་གོར་སྐྱ་ལ་དེ་དག་གི་ཞོར་སྐྱོན་ཅི་ཡང་ཡོད་པ་མ་རེད།
གཉིས་པ། གོ་རིམ་དངོས།
༡ གོ་རེ་སྲེག་པའི་ཚུལ།
གོར་སྐྱ་བསྲེགས་པའི་གོ་རིམ་ནི་ཐོག་མར་འོ་ཐོ་ཡིས་ཐབ་ཚང་གི་འགྲམ་གཉིས་སུ་ཐབ་རྡོ་བཅོས་ནས་དེའི་སྟེང་དུ་འབུད་ཤིང་སྐམ་པོ་ཆ་སྙོམས་པོར་འཇོག་པ། དེ་ནས་འབར་ཤེད་ཆེ་བའི་ཚེར་མ་སྐམ་པོ་བཏིང་བའི་ཐོག་ཏུ་འོ་ཐོ་ས་ཀར་ཆེ་བ་ནས་ཆུང་བ་རིམ་བཞིན་མཐུག་པོར་བརྩིགས་པ། དེའི་རྗེས་གྲོ་ནས་གཡུལ་ལ་བཅག་པའི་རྩྭ་སྐམ་པོས་ཐབ་ཁུང་ནང་དུ་མེ་བུས་ནས་ཅུང་ཙམ་འགོར་བ་ན། སླར་ཡང་ས་ཚིག་ལ་ཕུབ་མས་བཏུམས་ནས་དུས་ཚོད་ངེས་ཅན་ཞིག་གི་རྗེས་སུ། མེ་ལ་ཚིག་པའི་ཕུབ་མ་རྣམས་ཕྱིས་ནས་མྱུར་དུ་འོར་རྡུང་གི་འོ་ཐོ་འཚིག་མ་རྣམས་ཡང་ཡང་རྡུང་ནས་ཞིབ་མོར་བཟོས་རྗེས་ལྕགས་ཁེམ་གྱི་ནང་དུ་བླངས་ཏེ། གོ་རེ་བསྲེགས་པའི་ས་ཁོད་སྙོམས་པའི་གོར་སའི་ཐོག་ཏུ་བླུགས། དེ་ལ་སྔོན་ནས་གྲ་སྒྲིག་བྱས་པའི་ཕྱེ་སྐྱུར་བསྒྱུངས་བ་རྣམས་ལངས་ཚེ་དུམ་བུ་དུམ་བུར་བགོས་ཏེ་སྐྱ་ཕྱེ་དང་མཉམ་དུ་ཤིང་ལེབ་ཀྱི་ཐོག་ཏུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་ལྟ་བུར་བཟོས་པའི་སྟེང་དུ་རྩྭ་འཁན་པ་ཕྲ་མོས་ཐེངས་འགའ་གཙགས་ནས་ཁོད་སྙོམས་པའི་ཐོག་ཏུ་འཇོག་པ། སླར་ཡང་ས་ཚིག་ཞིབ་མོར་རྡུང་བ་ཐོག་ཏུ་བླུགས་ནས་དུས་ཚོད་སྐར་མ་ཉི་ཤུ་ཙམ་འགོར་ཏེ་འཚོས་པ་ན། གོ་རེ་དེའི་སྟེང་ཕྱོགས་དང་མཐའ་ཁ་མེ་ཡིས་འཚིག་པ་དང་ས་རྡུལ་ཡོད་པ་རྣམས་རྡོ་རྩུབ་པོ་ལག་ཏུ་འཆིང་བུར་བཟུང་སྟེ་བྲད་དེ་སྤྲུགས་ནས་གཙང་མར་བྱེད་དགོས། གལ་ཏེ་བར་སྐབས་འདིར་དུས་ཚོད་འགོར་འགྱངས་བྱས་ནས་མྱུར་དུ་མ་བསྲེག་ན་ས་འཚིག་གི་ཚ་དྲོད་ཡལ་ཏེ་གོ་རེ་སྲེག་ཐབས་བྲལ་བས། སྐབས་འདིར་སྐྱེས་མ་རྣམས་ཀྱིས་མྱུར་བ་མྱུར་དུ་གོར་ས་བཅོ་བ་སོགས་ནུས་ཤུགས་གང་ཡོད་འདོན་དགོས།
༢ ཉར་ཚགས།
གོ་རེ་བསྲེགས་ནས་ཚར་རྗེས་ཉར་ཚགས་བཟང་བོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན། ལྷག་པར་དུ་གོ་རེ་ཚ་བོ་དེ་འཁྱགས་པའི་བར་དུ་མཉམ་འཇོག་བཟང་བོ་བྱེད་དགོས། རྒྱུ་མཚན་ནི་གོ་རེ་ཚ་བོའི་སྐབས་སུ། གང་འདོད་དུ་གང་སར་བསྐྱུར་ནས་བཞག་ན་སེར་ཀ་གས་པ་དང་གཡས་འཁྱིལ་གཡོན་འཁྱིལ་དུ་གྱུར་ནས་དབྱིབས་གཟུགས་འགྱུར་སླ་བས། གོ་རེའི་མཛེས་ཉམས་ཤོར་ནས་མི་ཚོགས་མང་བོའི་གྲལ་དུ་ཁྱེར་ན་འཕྱ་བར་འགྱུར། དེ་བས་གོ་རེ་བསྲེགས་ནས་གཙང་མར་བྲད་པ་དེ་དག་ལ་ཉར་ཚགས་བྱེད་སྟངས་ཧ་ཅང་མང་། གོ་རེ་ལ་ལ་ཞིག་ནི་དང་ཐོག་བསྲེགས་པའི་སྐབས་སུ་མི་རང་ཉིད་ཀྱི་ལག་རྩལ་དང་མེ་ཡིས་དྲོད་ཚད་ཀྱི་དབང་གིས་གོ་རེའི་སྟེང་དཀྱིལ་རྐོ་རུ་ལྷུང་ནས་ཅུང་མི་མཛེས་པའི་རྣམ་པར་གྱུར་བ་དེ་རས་སོགས་ཀྱི་ཐོག་ཏུ་བཞག་ན་ཅུང་ཡར་བསྲིངས་པའི་ནུས་པ་ཐོན་པ་དང་། གོ་རེ་ལ་ལ་ཞིག་སྙོམས་པོར་མེད་པར་ཅུང་ཙམ་ཡར་མར་འཁྱིལ་བར་བྱས་པ་དེ་འོག་ཏུ་ཤིང་ལེབ་སོགས་བཞག་ན་སྙོམས་པོར་བསྲིངས་པའི་ནུས་པ་ཡོད་པ་དང་། གོ་རེ་ལ་ལ་ཞིག་སྟེང་དཀྱིལ་ཡར་ལྡིར་བ་དེ་ཤིང་ལེབ་སྙོམས་པོའི་ངོས་ནས་ཁ་མར་བསྐོར་ཏེ་བཞག་ན་སྙོམས་པོར་འདུག་རྒྱུར་ཕན་ཐོགས་ཅུང་ཙམ་ཡོད་པ་རེད།
གསུམ། གོར་སྐྱའི་དབྱེ་བ་དང་ཁྱད་ཆོས།
དུས་ཀྱིས་འགྲོས་དང་བསྟུན་ནས་གོར་སྐྱ་བཟོ་བའི་ལག་རྩལ་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་གོ་རེ་བསྲེགས་པའི་དབྱིབས་ལ་འགའ་ཡོད་དེ། གོར་སྐྱའི་དབྱིབས་སྒོར་མོ་ཅན་དང་། དབྱིབས་ནུ་མ་གཉིས་ཅན། (དབྱིབས་སྦྲུམ་མ་ཅན།) དབྱིབས་ནུ་མ་གཅིག་ཅན། དབྱིབས་སྣ་གཅུ་ཅན། དབྱིབས་དགའ་འཁྱིལ་ཅན། དབྱིབས་ནོར་བུ་སྤུངས་བ་ཅན། དབྱིབས་མེ་ཏོག་བཞད་པ་ཅན་བཅས་ཡོད། འདི་དག་འཚོ་བའི་ཁྲོད་དུ་བསྲེགས་པར་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད།
དང་པོ། གོར་སྐྱའི་དབྱིབས་སྒོར་མོ་ཅན།
སྤྱིར་བཏང་གི་གོར་སྐྱའི་དབྱིབས་སྒོར་མོ་ཅན་ནི་ལོ་གསར་དུས་ཆེན་དང་། རྟགས་དང་རྟེན་འབྲེལ། སྐྱིད་སྡུག་གང་གི་སྐབས་སུའང་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་ཧ་ཅང་རྒྱུགས་ཆེ་བས་སྤྱི་དང་། དེར་ཆེ་ཆུང་སྣ་ཚོགས་ཡོད་པ་ལས་སྤྱིར་བཏང་གི་གོར་སྐྱའི་ཚངས་ཐིག་ལ་ལིས་རྨིད30ཡས་མས་དང་། མཐུག་ཚད་ལ་ལིས་རྨིད4ཡས་མས་ཡོད་ལ། གྲོ་ཕྱེ་རྒྱ་མ5ཡས་མས་བཅས་བཀོལ་བ་ནི་ཀུན་གྱིས་ཚད་ལྡན་དུ་རྩི་བཞིན་ཡོད། ལོ་གསར་གྱི་སྐབས་འདིར་མདོ་སྨད་གཅན་ཚའི་ཡུལ་ལ་མཚོན་ན། ལོ་གསར་ནི་ལོ་གཅིག་གི་ནང་དུ་དུས་ཚིགས་གལ་ཆེན་ཞིག་ཡིན། ལོ་གསར་གཏོང་བའི་སྐབས་འདིར་ནང་མི་ཕན་ཚུན་ལ་ལྟ་རུ་འགྲོ་སྐབས་ལེགས་སྐྱེས་སུ་གོར་སྐྱ་ཁྱེར་བའི་སྲོལ་ནི་ཚང་མ་གཅིག་མཐུན་ཡིན། དེའི་རྒྱུ་མཚན་ནི་ལོ་རྙིང་བ་ཕར་ལ་བསྐྱལ་ཞིང་། ལོ་གསར་བ་ཚུར་ལ་བསུ་བའི་ནང་དུ་ཅི་བསམ་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་མཚོན་བྱེད་དུ་ལེགས་སྐྱེས་སུ་འཁྱེར་བཞིན་ཡོད། གཞན་ཡང་བོད་མའི་ཁ་དཔེར“སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས” ཞེས་པ་ལྟར་མི་ཤི་བའི་ཁྱིམ་ཚང་ལ་སྡུག་འདྲིར་འགྲོ་སྐབས་མི་རེ་ནས་གོར་སྐྱ་ཧྲིལ་བོ་གཅིག་དང་ཇ་བག་གཅིག་རེ་མ་མཐའ་ཡང་འཁྱེར་དགོས་པ་དང་། ཤི་བོ་ཚང་གིས་བླ་མ་དང་གྲྭ་བ་ཞུས་ནས་བདུན་བཙུགས་ཏེ་ཕྱིར་འགྲོ་ཁར་གོ་རེ་དབུལ་དགོས། སྙུང་གནས་སྲུང་ནས་གྲོལ་ཁར་གོ་རེ་ཡིས་འགྱེད་རྒྱག་དགོས་པ་དང་། མནའ་མ་དང་མག་པ་བསུ་ནས་སྟོན་མོ་གཟབ་རྒྱས་བཤམ་ན་གོ་རེ་ཡིས་སྡེར་ཁ་བསྒྲིགས་པ་སོགས་ལ་གོར་སྐྱ་སྒོར་དབྱིབས་ཅན་འདི་བཀོལ་བཞིན་ཡོད། དེ་ བས་གོར་སྐྱ་སྒོར་དབྱིབས་ཅན་ནི་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པ། བགེགས་བར་ཆད་མི་འབྱུང་བ། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་མཚོན་བྱེད་དུ་བསྲེགས་པས་བཀྲ་ཤིས་རྟགས་མཚན་ཀྱི་མཚོན་རྟགས་ཤིག་ཡིན།
གཉིས་པ། གོར་སྐྱའི་དབྱིབས་ནུ་མ་གཉིས་ཅན།(དབྱིབས་སྦྲུམ་མ་ཅན་ཡང་ཟེར།)
གོར་སྐྱའི་དབྱིབས་ནུ་མ་གཉིས་ཅན་ནམ་དབྱིབས་སྦྲུམ་མ་ཅན་ལ་གཅན་ཚའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁ་རྟེའུ་ཞེས་འབོད་ལ། དེ་ནི་གནས་ཡུལ་འགྲིམས་ནས་ལོ་གཅིག་མ་གཏོགས་འགོར་མེད་པའི་བུ་མོ་ལོ་སར་ལ་རང་ཡུལ་དུ་ལོག་ནས་ཕྱིར་གནས་ཚང་ལ་འགྲོ་བའི་སྐབས་གོར་སྐྱ་ནུ་མ་གཉིས་ཅན་གསུམ་ནས་ལྔ་སླེ་བོ་ནང་དུ་ཁུར་ནས་འགྲོ་བའི་སྲོལ་ཡོད་པ་རེད། དེའི་རྒྱུ་མཚན་ནི་སྤྱིར་བོད་ཀྱི་གཟའ་སྐར་འཕྲོད་སྦྱོར་དུ་ཆ་དང་ཡ་གཉིས་ལས་ཡ་གྲངས་ནི་ཅུང་བཟང་བོར་བརྩིས་ནས་ས་ཆ་ཡར་མར་འགྲོ་བའི་སྲོལ་ཡོད་པ་དང་། ལྷག་པར་དུ་གྲངས་ཀ་གསུམ་ནི་གཅིག་ནས་བཅུའི་ནང་གི་མཆོག་ཏུ་གྱུར་བ་ཞིག་ལ་བརྩིས། གཞན་ཡང་གསུམ་ནི་རིགས་གསུམ་མགོན་པོའམ་དཀོན་མཆོག་གསུམ་པོ་དང་ལྔ་ནི་རྒྱལ་བ་རིགས་ལྔའི་མཚོན་བྱེད་ཡིན་ཟེར་མཁན་ཡང་ཡོད་ལ། ལ་ལས་བུ་དང་བུ་མོའི་གོད་ཁ་གང་བའི་རྟེན་འབྲེལ་མཚོན་བྱེད་དུ་ཡིན་ཟེར། གང་ལྟར་ཡང་དེ་ལྟར་ཁྱེར་བ་ནི་བཀྲ་ཤིས་བའི་དོན་ཡིན་པར་སྙམ། དེར་ཆེ་ཆུང་ལ་གཏན་ཁེལ་མེད་པ་དང་སྤྱིར་བཏང་གི་གོར་སྐྱའི་དབྱིབས་སྒོར་མོ་ཅན་ཚད་ལྡན་དུ་རྩི་བ་ལས་ཅུང་ཆུང་བ་ཞིག་ཡིན། ཡང་གོར་སྐྱའི་དབྱིབས་ནུ་མ་གཉིས་ཅན་གྱི་མཐའ་གཉིས་སུ་ནུ་མ་གཉིས་ཡོད་པ་ནི་བུད་མེད་དག་གི་བྲང་གི་ནུ་མ་གཉིས་ཀྱི་མཚོན་རྟགས་ཡིན་ཟེར་བ་དང་། ཡང་གོར་སྐྱའི་དབྱིབས་ནུ་མ་གཉིས་ཅན་ནི་བྱིས་པ་ཞིག་གི་ལུས་ཀྱི་ཚུགས་ཀ་མཚོན་བྱེད་ཡིན་ཟེར། དེའི་རྒྱུ་མཚན་ནི་ཁ་རྟེའུ་དེ་ལ་ནུ་མ་གཉིས་ཡོད་པའི་གཅིག་ནི་མགོ་ཡི་མཚོན་བྱེད་དང་། གཅིག་ནི་རྐང་བའི་མཚོན་བྱེད་ཡིན། བར་གྱི་གོར་གོར་ནི་གསུས་པའི་མཚོན་བྱེད་ཡིན་པས་བྱིས་པ་བདེ་ལེགས་ངང་བཙའ་བའི་རྟེན་འབྲེལ་མཚོན་བྱེད་ཡིན་པས་དབྱིབས་སྦྲུམ་མ་ཅན་ཟེར་མཁན་ཡང་ཡོད་པ་དང་། གཞན་ཡང་ནུ་མ་གཉིས་ནི་བུ་མོའི་ཡུལ་དང་གནས་ཡུལ་གཉིས་ཏེ། ཁྱིམ་མི་གཉིས་ཀྱི་ཕུན་ཚོགས་བསྐྱེད་ནས་ན་ཚ་མེད་པ་དང་རྒྱུ་ནོར་ འཕེལ་བ་སོགས་ཀྱི་རྟེན་འབྲེལ་མཚོན་བྱེད་ཡིན་ཞེས་ཀྱང་ཟེར།
གསུམ་པ། གོར་སྐྱའི་དབྱིབས་ནུ་མ་གཅིག་ཅན།
གོར་སྐྱའི་དབྱིབས་ནུ་མ་གཅིག་ཅན་ནི་ལོ་གསར་གྱི་སྐབས་འདིར། བུ་མོ་གནས་ཡུལ་འགྲིམས་ནས་བྱིས་པ་བཙས་པའི་ཕྲུ་གུ་དེ་དང་མཉམ་དུ་རང་གི་ཡུལ་ལ་ལོག་སྐབས། ཡུལ་མིས་ཆེད་དུ་བུ་མོས་བཙས་པའི་ཕྲུ་གུ་ཕོ་ལ་གོར་སྐྱ་ནུ་མ་གཅིག་ཅན་བསྲེགས་ནས་སྟེར་བའི་སྲོལ་ཡོད་པ་རེད། དེའི་རྒྱུ་མཚན་ནི་གནའ་སྔ་མོར་སྐྱེས་པ་རྣམས་ནི་སྤྱི་ཚོགས་ཐོག་ཏུ་འཐབ་འཁྲུག་སོགས་རྒྱག་པར་གོ་གནས་གལ་ཆེན་པོ་ཟིན་ཡོད། གལ་ཏེ་སྐྱེས་པ་མེད་ན། ཁྱིམ་རྒྱུད་གཞན་གྱི་ལག་ཏུ་ཤོར་ཉེན་ཆེ་བས། ཕོ་ཞིག་སྐྱེས་རྒྱུ་ནི་ནམ་ཡང་སེམས་ཀྱི་འདོད་མོས་དང་རེ་སྒུག་ཡིན་པས་ཕོ་ཞིག་སྐྱེས་བའི་རྟེན་འབྲེལ་མཚོན་བྱེད་དུའམ་ཡང་ན་རང་ཉིད་ནི་བྱིས་པ་ཕོ་ཞིག་ཡིན་པ་མཚོན་ཆེད་དུ་ཕོ་ཡི་རྟགས་མཚན་གྱི་ཚུགས་ཀ་ལྟར་བཟོས་པར་བཤད་པ་དང་། དེར་ཆེ་ཆུང་ལ་གཏན་ཁེལ་མེད་ན་ཡང་བྱིས་པ་བུ་མོ་ཚོ་ལ་བསྲེགས་པའི་གོ་རེ་སྣ་གཅུ་ལས་དབྱིབས་དང་གྲོ་ཕྱེ་སོགས་བཀོལ་བ་མང་བས་ཕོ་ཞིག་བཙས་པའི་རེ་ལྟོས་དེ་མོ་ཞིག་སྐྱེས་རྒྱུ་ལས་རེ་བ་ཤིན་ཏུ་ཆེན་པོ་བཅངས་ཡོད་པ་ཤེས་ཐུབ། གོར་སྐྱའི་ནུ་མ་གཅིག་ཅན་གྱི་ཚུགས་ཀ་ནི་ཁུག་མའི་དབྱིབས་ལྟར་དུ་ཡོད་པས་གནའ་སྔ་མོར་བོད་ཀྱི་སྐྱེས་མ་རྣམས་ནི་ཁྱིམ་དུ་བསྡད་ནས་ཁྱིམ་གྱི་ལས་ཀ་གཉེར་བ་དང་། སྐྱེས་པ་རྣམས་ནི་སྒོ་ཕྱི་རུ་སོང་ནས་རྒྱུ་ནོར་བཙལ་ཏེ་ཁྱིམ་གྱི་འཚོ་བ་བཀོད་སྒྲིག་བྱེད་མཁན་ཡིན་པས་ཁུག་མའི་ནང་དུ་རྒྱུ་འབྱོར་བ་འཕེལ་བའི་མཚོན་རྟགས་ལ་ཁུག་མའི་དབྱིབས་ལྟར་དུ་བསྲེགས་པ་དང་། གཞན་ཡང་གོར་སྐྱའི་དབྱིབས་ནུ་མ་གཅིག་ཅན་ནི་དངུལ་སྒོར་ལྔ་བཅུ་མའི་དབྱིབས་ལྟར་བཟོས་ནས་སྐྱེས་པ་རྣམས་རྒྱུ་འབྱོར་བ་འཕེལ་བའི་རྟེན་འབྲེལ་མཚོན་བྱེད་དུ་བསྲེགས་པར་ཡང་བཤད་པས་གནའ་མིའི་བོད་ཀྱི་གཏམ་དཔེར་“སྟག་ཤ་ར་ཇག་ལ་འགྲོ་རྒྱུ་སླ། ཕྱིར་དུ་ནང་ལ་ཡོང་རྒྱུ་དཀའ།” ཞེས་པ་ལས་ཀྱང་སྐྱེས་པ་རྣམས་ནི་རྒྱུ་ནོར་འཚོལ་མཁན་ཡིན་པའི་རྐྱེན་གྱིས། འབྱོར་བ་འཕེལ་བའི་རྟེན་འབྲེལ་ཡིན་པ་གསལ་བོར་ཤེས་ཐུབ།
བཞི་བ། གོར་སྐྱའི་དབྱིབས་སྣ་གཅུ་ཅན།
གོར་སྐྱ་སྣ་གཅུ་ཞེས་པའི་མིང་ནི་གཡག་དང་མཛོ་ལ་སོགས་པའི་སྣ་ནང་དུ་ཤིང་ཚེར་མཉེན་མོས་ཕིགས་ནས་ཁ་ལོ་བསྒྱུར་བར་སྟབས་བདེ་བཟོས་པའི་དབྱིབས་གོར་གོར་དེ་ལ་བརྟེན་ནས་བཏགས་པ་རེད། རྒྱུ་མཚན་ནི་མཛོ་གཡག་སྣ་གཅུ་ལ་དྲངས་ན་ཁ་ལོ་བསྒྱུར་བདེ་བ་བཞིན་བྱིས་པ་མོ་ཞིག་ཡིན་ན་དེར་སྣ་གཅུའི་དབྱིབས་ཀྱི་གོ་རེ་བྱིན་ཏེ་མ་འོངས་བ་ན་བྱིས་པ་མོ་དེས་རང་གི་སྐྱེས་པ་དེ་དང་བཅས་པའི་ཁྱིམ་མིས་སེམས་པ་ཡོངས་སུ་བཀུགས་ནས་ཁྱིམ་སྲིད་འཕེལ་བའི་རྟགས་དང་རྟེན་འབྲེལ་དུ་བསྒྲིགས་པར་བཤད། གཞན་ཡང་དེའི་མཚོན་དོན་ནི་བུ་མོ་རྣམས་མཛེས་པའི་ཆེད་དུ་ཆུང་དུས་ནས་རྣ་ནང་དུ་རྣ་རྒྱན་གོར་གོར་བཏགས་ནས་སྒེག་ཉམས་གཏོད་རྒྱུར་དགའ་བས་དེ་ལ་ལད་མོ་བྱས་ནས་བཟོས་པ་དང་། རང་ཉིད་ནི་བྱིས་པ་མོ་ཞིག་ཡིན་པ་མཚོན་ཆེད་དུ་མོ་མཚན་གྱི་ཚུགས་ཀ་ལྟར་བཟོས་པ་སོགས་བཤད་ཚུལ་ཡང་ཡོད། དེ་ལྟར་གོར་སྐྱ་ནུ་མ་གཉིས་ཅན་དང་། གོར་སྐྱ་ནུ་མ་གཅིག་ཅན། གོར་སྐྱ་སྣ་གཅུ་ཅན་བཅས་ནི་བུ་མོ་གནས་འགྲོ་མ་དང་མོའི་བཙས་པའི་བྱིས་པ་དེ་དག་ལ་ཆེད་དུ་བཟོས་པ་མ་གཏོགས་སྤྱིར་བཏང་གི་མི་བསྲེག་པས་གོར་སྐྱ་བསྲེགས་པའི་ནང་གི་བྱེ་བྲག་ཅིག་རེད།
ལྔ་བ། གོར་སྐྱའི་དབྱིབས་དགའ་འཁྱིལ་དང་ནོར་བུ་སྤུངས་བ། མེ་ཏོག་བཞད་པ་ཅན།
གོར་སྐྱའི་དབྱིབས་དགའ་འཁྱིལ་ཅན་ནི་ཕྱེ་སྐྱུར་དེ་དང་ཐོག་སྣེ་མོ་གཉིས་སུ་བཟུང་སྟེ། ཡར་མར་ཅུང་རིང་པོར་འཐེན་པའི་རྗེས་སུ། རིམ་བཞིན་སྦྲུལ་འཁྱིལ་བའི་དབྱིབས་ལྟར་གོར་གོར་བཅོས་ཏེ་སྟེང་ནས་མར་མནན་ནས་ཅུང་ཙམ་མཉམ་པོར་བྱས་རྗེས་བསྲེགས་པ་ཞིག་རེད། གོར་སྐྱའི་དབྱིབས་ནོར་བུ་སྤུངས་བ་ཅན་ནི་དང་ཐོག་ཕྱེ་སྐྱུར་གོར་གོར་བཅོས་པའི་ཐོག་ཏུ་སླར་ཡང་ཕྱེ་སྐྱུར་དུམ་བུ་མང་པོ་འབྱར་དུ་བཅུག་ནས་དབྱིབས་ནི་སྣོད་ཀྱི་ནང་ལ་ནོར་བུ་མང་པོ་སྤུངས་བའི་དཔེ་བཞིན་དུ་གོ་རེའི་ཐོག་ཏུའང་ཕྱེ་སྐྱུར་མང་དུ་བཞག་ནས་ནོར་བུ་སྤུངས་བའི་རྟེན་འབྲེལ་གྱི་ཚུལ་དུ་བསྲེགས་བཞིན་ཡོད། གོར་སྐྱའི་དབྱིབས་མེ་ཏོག་བཞད་པ་ཅན་ནི་ཕྱེ་སྐྱུར་སྲབ་མོ་གསུམ་ཆེ་ཆུང་བགོས་ནས་གོར་གོར་བཅོས་ཏེ་རིམ་བཞིན་གཅིག་ཐོག་གཅིག་གིས་བརྩེགས་ནས་ཞབས་ཆེ་བ་དང་སྟེང་ཆུང་བར་བསྒྲིགས་ཡོད། གོ་རེ་དེ་གསུམ་གྱི་མཐའ་ཁ་གསུམ་པོར་འཕྲུལ་འཁོར་གྱི་འཁོར་ལོ་ལ་སོ་ཁ་ཡོད་པ་ལྟར་རི་མོ་བཏོད་དེ་དབྱིབས་ནི་མེ་ཏོག་བཞད་པའི་ཚུལ་དུ་བསྲེགས་པ་ཞིག་རེད།
དེ་བས་གོར་སྐྱ་འདི་དག་ནི་དགོན་པའི་ནང་གི་ལྷ་ཁང་དུ་འཇོག་པ་དང་། བསང་གི་ཐོག་ཏུའང་འཇོག་བཞིན་ཡོད། སྤྱིར་བཏང་གི་ལྷ་ཁང་དུ་འཇོག་པ་ནི་རྒྱུན་ལྡན་གྱི་གོར་སྐྱ་དང་བསྡུར་ན་ཅུང་ཆུང་བ་དང་། བསང་ཐོག་ཏུ་འཇོག་པ་ནི་དེ་ལས་ཀྱང་ཆུང་། གང་ལྟར་ཡང་གོར་སྐྱ་དགའ་བ་འཁྱིལ་བའི་དབྱིབས་དང་། ནོར་བུ་སྤུངས་བའི་དབྱིབས། མེ་ཏོག་བཞད་པའི་དབྱིབས་བཅས་ནི་ལྷ་ཁང་དང་བསང་ཐོག་ཏུ་རྟེན་འབྲེལ་མཚོན་བྱེད་ལ་ཆེད་དུ་བསྲེགས་པ་མ་གཏོགས་རྒྱུན་ལྡན་གྱི་གོ་རེ་བཞིན་ཚོས་ཁོག་ལོན་མི་དགོས་པས་མི་རྣམས་ཀྱི་ཁ་ཟས་ལ་ཟ་བཞིན་མེད་པ་དང་གོ་རེ་བསྲེགས་པའི་ཁྲོད་དུ་བཀོལ་སྤྱོད་བྱེད་པ་ཧ་ཅང་ཉུང་།
མཇུག་བསྡུ་བ།
གོར་སྐྱ་ནི་མདོ་སྨད་གཅན་ཚའི་ཡུལ་དུ་གནའ་སྔ་མོ་ནས་དར་བའི་འོ་ཐོ་མེ་ལ་བསྲེགས་ཡོད་པའི་ས་ཚིག་ལ་བརྟེན་ནས་བཟོ་བའི་དམངས་ཁྲོད་ཀྱི་ཟས་རིགས་ཞིག་ཡིན་པར་མ་ཟད། ད་དུང་ད་ལྟའི་བར་དུ་མ་ཉམས་པར་བྱེད་སྒོ་ཅི་ཞིག་སྤེལ་ཀྱང་ཕན་ཚུན་ལ་འབུལ་རྟེན་གལ་ཆེན་དུ་འཁྱེར་བཞིན་ཡོད་པ་དང་། གོར་སྐྱ་འདི་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་འཚོ་བའི་ཁྲོད་དུ་ཧ་ཅང་རྒྱུགས་ཆེ་ལ་སྤྱོད་རྒྱ་ཅུང་ཙམ་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན། གོར་སྐྱ་ཆུང་བ་འདི་ལ་དཔེ་འགྲེ་བྱས་ནས་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་སྣང་རའི་གོར་མོ་ཆེའང་བྱུང་སྟབས། སྤྱི་ལོ2002ལོའི་ཟླ7པར་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་སྣང་རའི་གོར་མོ་ཆེ་འདི་ཧྲང་ཧེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་རེ་ཞུ་ཕུལ་བ་བཞིན་ཆོག་མཆན་ཐོབ་པ་འདི་དག་ནི་ཐོག་མར་གོར་སྐྱ་ཆུང་བ་འདི་ལ་བརྟེན་ནས་བྱུང་བའི་འབྲས་བུ་མ་ཡིན་ནམ། མདོར་ན། གཅན་ཚའི་ཡུལ་གྱི་དམངས་ཁྲོད་དུ་གོ་རེ་བཟོ་བའི་ལག་རྩལ་འདི་དར་ནས་རིམ་གྱིས་མང་ར་དང་། འབའ། བྱ་མདོ་གསུམ་དང་། གཞན་ཡང་ཁྲི་ཀ་སོགས་སུའང་དར་ཁྱབ་བྱུང་བ་ད་ལྟའི་བར་དུ་མ་ཉམས་པར་གནས་པ་ནི་ཇི་འདྲའི་ངོ་མཚར་ཆེ་ཞིང་རིན་ཐང་ཆེ་བ་ཞིག་ཡིན་ལ། ལྷག་པར་དུ་གོ་རེ་སྲེག་ཐབས་ཀྱི་ལག་རྩལ་དང་། དེའི་མཚོན་དོན། འདྲ་མཉམ། མཐུན་སྒྲིལ། ཡུལ་སྲོལ་གོམས་གཤིས། བཀོལ་སྤྱོད་བྱེད་སྟངས་བཅས་ནི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པས། དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་རིན་ཡོད་པ་ཞིག་ཡིན་མོད། འོན་ཀྱང་དེང་གི་དུས་འདིར་ནགས་ཚལ་སོགས་གང་འདོད་དུ་བཅད་མི་ཆོག་པ་དང་། བུ་དང་བུ་མོ་རྣམས་སློབ་གྲྭར་བསྐྱལ་བས། གོ་རེ་བསྲེགས་པའི་ལག་རྩལ་པའི་རྒྱུན་སྐྱོང་མཁན་ཇེ་ཉུང་དུ་ཕྱིན་པ། ལྷག་པར་དུ་སྟབས་བདེ་ཅན་གྱི་གོ་མིན་ཞིའི་(关门西)ནང་དུ་གོ་རེ་སྲེག་པ་སོགས་ཀྱི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ས་ཆ་རེ་འགའ་རུ་གོ་རེ་བསྲེགས་པའི་ཡུལ་སྲོལ་རིམ་བཞིན་ཉམས་རྒུད་དུ་འགྲོ་བའི་འགོའང་ཚུགས་བཞིན་ཡོད་པ་རེད། གཞན་ཡང་གོར་སྐྱ་ནི་ས་ཚིག་གི་ནང་དུ་བསྲེགས་པའི་རྐྱེན་གྱིས་དུག་རླངས་སེལ་བ་དང་། རླངས་འཚོས་གོ་རེ་སོགས་དང་མི་འདྲ་བར་ཉི་མ་ཡུན་རིང་འགོར་ནས་ཟོས་ཀྱང་ཕོ་བར་མི་གནོད་པ། བྲོ་བ་ཞིམ་པ་དང་ལྟོགས་ལྕགས་ཤིན་ཏུ་ཆེ་བས་ཚོང་རའི་ནང་དུ་བཀྲམ་ན་མི་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་པས་མ་འོངས་བོད་ཀྱི་ཚོང་ལས་འཕེལ་རྒྱས་ལའང་ཕན་ཐོགས་ཆེན་པོ་འབྱུང་བར་ངེས་སྙམ།
དཔྱད་གཞིའི་ཡིག་ཆ།
《གཅན་ཚའི་རིག་གནས།》བསོད་ནམས་ཚེ་རིང་གིས་བརྩམས། ༢༠༠༨ལོའི་ཟླ༡༢པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
《གཡང་རྫོང་རིག་པའི་གཟི་དཔལ།》༢༠༠༩ལོརགཅན་ཚ་རྫོང་མི་རིགས་སློབ་འབྲིང་སློབ་རྭའི་སློབ་དེབ་འགོ་ཁྲིད་ཚན་ཆུང་གིས་བསྒྲིགས།
རྩོམ་ཁུངས། ངེད་དྲ་བ།