རིག་གནས་བརྒྱུད་འཛིན་བྱེད་ཐབས་དང་དེའི་གོ་དོན་གྱི་སྐོར་རོབ་ཙམ་གླེང་བ།
༼བརྡ་ཆད།༽ རིག་གནས། རིག་གནས་མི་རིག་པ། ཐུན་མོང་གི་རིག་གནས། ཉིང་བཅུད་ཀྱི་རིག་གནས།གསོན་ཡོད་པའི་རིག་གནས། གཉིད་ཟིན་པའི་རིག་གནས། ཤི་ཟིན་པའི་རིག་གནས།
༼ནང་དོན་གནད་བསྡུས།༽ དཔལ་འབྱོར་འཛམ་གླིང་རང་བཞིན་ཅན་དུ་གྱུར་ཏེ་མི་དང་མིའི་བར་དང་མི་རིགས་དང་མི་རིགས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་དེ་གཏིང་ཇེ་ཟབ་དང་སྣ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཕན་ཚུན་ལ་རིག་གནས་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཚད་ཀྱང་རྒྱ་ཆེ་རུ་འགྲོ་བཞིན་པའི་ད་ལྟའི་དུས་འདིར། རྒྱལ་ཁབ་ཕྱི་ནང་ཀུན་ན་ཤེས་ཡོན་པ་དང་སློབ་མ་གཙོ་བྱས་པའི་མི་མང་པོ་ཞིག་གིས་རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གནས་དེ་བརྒྱུད་འཛིན་བྱེད་དགོས་ཚུལ་གླེང་བཞིན་འདུག རང་རེ་བོད་པའི་ཤེས་ཡོན་པ་དང་སློབ་མ་གཙོ་བྱས་པའི་མི་སྐོར་ཞིག་གིས་ཀྱང་རང་རེའི་སྲོལ་རྒྱུན་གྱི་རིག་གནས་དེ་རྒྱུད་འཛིན་བྱེད་དགོས་ཚུལ་དུས་དེབ་དང་དྲ་ངོས་སོགས་ག་ས་གང་ན་གླེང་བཞིན་འདུག ཡིན་ཡང་ཁོ་བོ་ཅག་གིས་བལྟས་ན་དེ་དག་གི་རིག་གནས་བརྒྱུད་འཛིན་གྱི་དོན་མ་གོ་བ་ཡིན་ནམ། ཡང་ན་གཞུང་ལུགས་སོགས་ཀྱི་རྒྱབ་རྟེན་མེད་པ་ཡིན། གང་ལྟར་ཀྱང་རིག་གནས་བརྒྱུད་འཛིན་ཞེས་པ་དེ་ཁ་གཡང་ཙམ་དུ་གྱུར་ཡོད་པར་འདོད། དེ་བས་གྱི་ན་བ་བདག་གིས་རིག་གསན་མི་རིག་པའི་གཞུང་ལུགས་ལ་རྒྱབ་རྟེན་ཏེ་རིག་གནས་ཀྱི་གོ་དོན་གླེང་རྒྱུ་དང་། ད་དུང་མི་རིགས་གཞན་པའི་རིག་གནས་བརྒྱུད་འཛིན་ཇི་ལྟར་བྱས་པའི་སྐོར་ཡང་ཅུང་ཟད་གླེང་རྒྱུ་ཡིན།
དང་པོ། རིག་གནས་ཀྱི་གོ་དོན།
རིག་གནས་བརྒྱུད་འཛིན་ཞེས་པར་གོ་བ་ཟབ་མོ་ཞིག་ལོན་དགོས་ན། ཐོག་མར་ང་ཚོས་ཅི་འདྲ་ཞིག་ལ་རིག་གནས་ཟེར་བ་དང་དེའི་མཚན་ཉིད་ལ་གོ་བ་ཅུང་ཟད་ལེན་དགོས། དེ་ལྟར་མ་བྱས་ན། ང་ཚོས་ཅི་ཞིག་བརྒྱུད་འཛིན་བྱེད་དགོས་པ་མི་ཤེས་ལ། ཅི་ཞིག་བརྒྱུད་འཛིན་བྱས་ན་ད་གཟོད་རིག་གནས་བརྒྱུད་འཛིན་བྱས་པ་ཡིན་པའང་མི་ཤེས་པས། ང་ཚོས་ཐོག་མར་རིག་གནས་ཀྱི་གོ་དོན་ལ་ཅུང་ཟད་བལྟ་བར་བྱ།
རིག་གནས་ཞེས་པ་མི་རིགས་སོ་སོ་དང་རྒྱལ་ཁབ་སོ་སོར་རང་ཉིད་ཀྱི་གོ་བ་ལེན་སྟངས་རེ་ཡོད་མོད། ཡིན་ཡང་། དུས་རབས་བཅུ་དགུ་པ་ནས་རིག་གནས་མི་རིག་པ་ཞེས་པའི་རིག་ཚན་འདི་བྱུང་ཞིང་། འདིས་འགྲོ་བ་མིའི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ་གཙོ་བོར་བཟུང་སྟེ། རིག་གནས་ཞེས་པར་མཚན་ཉིད་གང་མང་ཞིག་བཞག་ཡོད་པ་དང་དེའི་ཁྲོད་དུ་མཆོག་ཏུ་གྱུར་པའི་རིག་གནས་ཀྱི་མཚན་ཉིད་རེ་འགའ་ཡང་ཡོད། ཉེ་ཆར་རིག་ཚན་འདི་འཛམ་གླིང་གི་ག་ས་གང་དུ་ཆེས་ཆེར་དར་བ་དང་བསྟུན། མཚན་ཉིད་དེ་དག་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་སོང་སྟེ་འཛམ་གླིང་གི་མི་རིགས་སོ་སོའི་རིག་གནས་ཞེས་པར་གོ་བ་ལེན་སྟངས་ཀྱང་གཅིག་གྱུར་ཏུ་འགྲོ་བཞིན་ཡོད་པར་འདོད། ཡིན་ཡང་། ང་ཚོ་བོད་ལ་རིག་ཚན་འདི་དར་མེད་པ་དང་། འདིའི་གཞུང་ལུགས་ཀྱང་བོད་ཡིག་ཏུ་ཧ་ལམ་བསྒྱུར་མེད་པས། གཤམ་ནས་ང་ཚོས་བོད་ཀྱི་ཚིག་མཛོད་སོགས་སུ་རིག་གནས་ཞེས་པར་ཇི་ལྟར་མཚན་ཉིད་བཞག་ཡོད་པར་ཅིག་བལྟ།
དག་ཡིག་གསར་བསྒྲིགས་སུ་རིག་གནས་ཞེས་པར་འདི་ལྟར་མཚན་ཉིད་བཞག་ཡོད་དེ། རིག་གནས་ཞེས་པ་ནི་༡ རིག་པའི་གནས་ཀྱི་ཚིག་བསྡུས་པ་སྟེ། གནའ་དཔེར་རིག་གནས་ཞེས་པ་ནི་བཟོ་རིག་པ་དང་གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ༼ཆོས་ལུགས་ཀྱི་མཚན་ཉིད་རིག་པ༽སྟེ་རིག་གནས་ཆེ་བ་ལྔ་དང་། སྐར་རྩིས་དང་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་སྟེ་རིག་གནས་ཆུང་བ་ལྔ་བཅས་བསྡོམས་པའི་བཅུ་ཕྲག་རིག་པའི་གནས་ཞེས་པ་དེ་རྣམས་ཀྱི་སྤྱི་མིང་ཡིན། ༢ ཆབ་སྲིད་དང་དཔལ་འབྱོར། རིག་གནས་གསུམ་གྱི་ནང་གི་རིག་གནས་ཞེས་པ་ནི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དང་། སློབ་གསོ་དང་ཚན་རིག རྩོམ་རིག སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་ཟེར། ༼ཤོག་ངོས༧༤༤ནས་༧༤༥ཀྱི་ངོས་ན་གསལ༽གོང་གི་མཚན་ཉིད་ལས་ཤེས་ཐུབ་པ་ནི་རང་རེའི་གནའ་མི་ཚོས་རིག་གནས་ཞེས་པ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔར་གོ་བ་དེ་ཡིན། ཆབ་སྲིད་དང་དཔལ་འབྱོར། རིག་གནས་གསུམ་གྱི་ནང་གི་རིག་གནས་ཞེས་པ་འདི་བཅིངས་འགྲོལ་བྱས་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མཉམ་པོར་བོད་དུ་དར་ཡོང་བའི་མཚན་ཉིད་ཅིག་ཡིན་པ་ཤེས་ཐུབ། མཚན་ཉིད་འདི་གཉིས་ཀ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་མི་འདྲ་བའི་འོག་རིག་གནས་ལ་མཚན་ཉིད་བཞག་པ་ཡིན་པས། འདི་གཉིས་ལ་ཁྱད་པར་ཅུང་ཟད་ཡོད་མོད། ཡིན་ཡང་སྤྱི་མཐུན་གྱི་ཆ་ཞིག་ཡོད་པ་ནི་རིག་གནས་ཞེས་པ་མཁས་པའི་དབང་བོ་དག་གིས་བརྩམས་པའི་གཞུང་པོ་ཏི་དག་དང་རྩོམ་པ་པོ་དག་གིས་བརྩམས་པའི་རྩོམ་རིག་གི་བརྩམས་ཆོས། ཚན་རིག་པས་གསར་གཏོད་བྱས་པའི་ཚན་རྩལ། སྒྱུ་རྩལ་པས་བྲིས་པའི་རི་མོ་དག་ལ་གོ་བ་ལེན་བཞིན་ཡོད་པས། དེ་ནི་རིག་གནས་ལ་ཐུན་མོང་གི་རིག་གནས༼大众文化༽དང་ཉིང་བཅུད་ཀྱི་རིག་གནས༼精英文化༽གཉིས་ཡོད་པ་ལས། ཉིང་བཅུད་ཀྱི་རིག་གནས་ལ་གོ་བ་ལེན་པ་ཤས་ཆེ་བས། རིག་གནས་ཞེས་ཟེར་བ་ན་ང་ཚོ་བོད་པ་ཚོའི་བློ་ངོར་དུ་དགོན་པའི་འདུ་ཁང་སོགས་སུ་རི་ལྟར་བརྩིགས་ཡོད་པའི་བཀའ་བསྟན་འགྱུར་གྱི་པོ་ཏི་དག་དང་། སློབ་གྲྭའི་དཔེ་མཛོད་ཁང་སོགས་སུ་ཉར་ཡོད་པའི་དཔེ་ཆ་དག་ལས་གཞན་མི་འཆར་བ་དང་། དེའི་ཤུགས་རྐྱེན་གྱིས་རིག་གནས་བརྒྱུད་འཛིན་བྱེད་དགོས་ཟེར་ན་ང་ཚོས་བཀའ་བསྟན་འགྱུར་གྱི་པོ་ཏི་དེ་དག་སྲུང་སྐྱོང་དང་བརྒྱུད་འཛིན་བྱེད་དགོས་པར་འདོད་བཞིན་ཡོད་ལ། རང་རེའི་བོད་པ་མང་པོ་ཞིག་གིས་རིག་གནས་བརྒྱུད་འཛིན་བྱེད་རྒྱུ་དེའང་ཤེས་ཡོན་པ་ཁོ་ནས་འོས་འགན་དང་བསྒྲུབ་རྒྱུ་ཞིག་ཡིན་པར་འདོད་ཀྱིན་ཡོད། དེ་བས། གཤམ་ནས་ང་ཚོས་རིག་གནས་མི་རིག་པ་ཞེས་པའི་རིག་ཚན་དེའི་ཁྲོད་དུ་རིག་གནས་ལ་མཚན་ཉིད་ཅི་ལྟར་བཞག་ཡོད་པ་ལ་ཅིག་གཟིགས་ན། རིག་གནས་ཀྱི་གོ་དོན་དང་དེ་བརྒྱུད་འཛིན་བྱེད་རྒྱུ་ནི་སུ་དང་སུའི་འོས་འགན་ཡིན་པའང་ཤེས་ངེས།
རིག་གནས་མི་རིག་པ་ཞེས་པའི་རིག་ཚན་འདི་དུས་རབས་བཅུ་དགུ་ནང་བྱུང་འགོ་ཚུགས་པ་ནས་ད་ལྟའི་བར་ལོ་ངོ་ཉིས་བརྒྱ་ལྷག་སོང་བ་དང་། རིག་ཚན་འདིའི་སྔོན་བྱོན་གྱི་མཁས་པ་མང་པོའི་རིག་གནས་ལ་རང་ཉིད་ཀྱི་མཚན་ཉིད་རེ་བཀོད་ཡོད་མོད། དེའི་ཁྲོད་ཀུན་གྱི་ཁས་ལེན་བཞིན་པ་དང་ད་ལྟའང་ཀུན་གྱི་བཀོལ་སྤྱོད་བྱེད་བཞིན་པ་ནི་དབྱིན་ཇིའི་རིག་གནས་མི་རིག་པའི་ཆེད་མཁས་པ་ཐའེ་ལོའོ༼༡༨༣༢ནས༡༩༡༧༽ཡིས་བཀོད་པའི་མཚན་ཉིད་ཡིན། ཁོས་ཁོང་གི་འཐུས་འཚབ་ཀྱི་བརྩམས་ཆོས༼གདོད་མའི་རིག་གནས༽ཞེས་པ་ནང་དུ་འདི་ལྟར་བཀོད་ཡོད་དེ། ༼རིག་གནས་ཞེས་པ་ནི་སྒྲ་ཡངས་འཇུག་ལྟར་ན། མི་རིགས་ཤིག་གི་གོམས་སྲོལ་སོགས་སྤྱི་ཡོངས་ལ་གོ་བ་ཡིན་ཞིང་། དེའི་ནང་དུ་ཤེས་བྱ། དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། གོམས་སྲོལ་སོགས་དང་། ད་དུང་མི་སྒེར་ཞིག་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་པའི་ཆ་ནས་ཁོར་འཛོམས་དགོས་པའི་ནུས་པ་དང་གོམས་གཤིས་སོགས་ཀྱང་འདུས།༽ མདོར་ན། མི་སྒེར་ཞིག་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་པའི་ཆ་ནས་སྤྱི་ཚོགས་དེ་ལས་ཐོབ་པའི་ཤེས་བྱ་དང་ཀུན་སྤྱོད། གོམས་སྲོལ་སོགས་དང་། སྤྱི་ཚོགས་དེ་ནས་འཚོལ་སྡོད་བྱེད་དགོས་ན་འཛོམས་དགོས་པའི་འཚོ་སྡོད་ཀྱི་ནུས་པ་སོགས་ལ་གོ་བ་ཡིན་པས། རིག་གནས་ཞེས་པ་རིག་གནས་ཆེ་ཆུང་བཅུ་བོ་ཁོ་ན་མིན་པ་དང་། རིག་གནས་བརྒྱུད་འཛིན་དེའང་ཤེས་ཡོན་པ་ཁོ་ནས་འོས་འགན་ཞིག་མིན་པ་ང་ཚོས་ཤེས་ཐུབ། ང་ཚོ་རང་ཉིད་ཀྱང་བོད་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་འདིས་ང་ཚོར་བསླབས་པའི་སྐད་ཆ་དང་ཀུན་སྤྱོད། གོམས་སྲོལ། དད་མོས། རིན་ཐང་གི་ལྟ་ཚུལ་སོགས་དང་། རང་ཉིད་བོད་ཀྱི་སྤྱི་ཚོགས་སུ་འཚོ་སྡོད་བྱེད་དགོས་ན་འཛོམས་དགོས་པའི་འཚོ་སྡོད་ཀྱི་ནུས་པ་སྟེ། དཔེར་ན། འབྲོག་པ་ཞིག་ཡིན་ཚེ་ནོར་ལུག་འཚོ་ཤེས་དགོས་པ་དང་། འབྲོག་པའི་བུ་མོ་ཞིག་ཡིན་ན་འོ་མ་བཞོ་བ་དང་མར་སྤྲུགས་ཤེས་དགོས་པ། རོང་བ་ཞིག་ཡིན་ཚེ་ཞིང་འདེབས་ཤེས་དགོས་པ་དང་རོང་བོིའི་བུ་མོ་ཞིག་ཡིན་ཚེ་ཡུར་མ་སོགས་ཡུར་ཤེས་དགོས་པ། བོད་པའི་སློབ་མ་ཞིག་ཡིན་ཚེ་བོད་ཡིག་ཤེས་དགོས་ཚུལ་སོགས་ང་ཚོར་འཛོམས་དགོས་པའི་ནུས་པ་སོགས་ཀྱང་བོད་ཀྱི་རིག་གནས་རེད། དེ་བས། རིག་གནས་བརྒྱུད་འཛིན་བྱེད་རྒྱུ་དེའང་ཤེས་ཡོན་པ་སྐོར་ཞིག་ཁོ་ནས་འོས་འགན་དང་། ཁོ་ཚོས་ཁོ་ནས་བསྒྲུབ་རྒྱུ་ཞིག་མིན་པར། ང་ཚོ་བོད་པ་ཡོངས་ཀྱི་འོས་འགན་ཞིག་ཡིན་ཏེ། དཔེར་ན། སྡེ་བའི་ལོ་ལོན་དག་གི་བོད་ཀྱི་གནའ་གཏམ་དག་བརྗེད་དུ་མ་བཅུག་པར་རང་གི་ཚ་བོ་ཚ་མོ་དག་ལ་བཤད་དེ། དེ་དག་མུ་མཐུད་དུ་བརྒྱུད་འཛིན་བྱེད་རྒྱུ་དང་། བོད་ཀྱི་བྱིས་པ་དག་གི་བོད་ཡིག་དང་བོད་སྐད་སྦྱངས་ཏེ་བོད་རང་གི་ཕ་སྐད་བརྒྱུད་འཛིན་བྱེད་རྒྱུ། བོད་ཀྱི་ན་གཞོན་ཕོ་མོ་དག་གི་དྲིན་ཆེན་ཕ་མ་དང་གོང་གི་རྒན་པར་བརྩི་བཀུར་བྱེད་པ་དང་། འོག་གི་བྱིས་པར་བྱམས་ཀྱི་སྐྱོང་བ་སོགས་བོད་རང་གི་ཡ་རབས་སྤྱོད་བཟང་དག་བརྒྱུད་འཛིན་བྱེད་རྒྱུ་ནི་བོད་རང་གི་རིག་གནས་བརྒྱུད་འཛིན་བྱེད་པར་མེད་དུ་མི་རུང་བའི་ཆ་ཤས་ཡིན། མདོར་ན། བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་ཡོངས་ཀྱིས་རང་གི་ལས་རིགས་སྟེང་གི་འོས་འགན་དེང་དུ་བླངས་ཏེ། རང་གི་ནུས་པས་བོད་ཀྱི་སྐད་ཡིག་དང་ཤེས་བྱ། གོམས་སྲོལ། དད་མོས། ཀུན་སྤྱོད་སོགས་བོད་རང་གི་སྤྱི་ཚོགས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དེ་དག་བརྒྱུད་འཛིན་བྱེད་རྒྱུ་གལ་ཆེ་བར་མཐོང་།
གཉིས། རིག་གནས་ཀྱི་གནས་སྟངས།
སྤྱི་ཚོགས་ཁྲོད་ཀྱི་རིག་གནས་ཀྱི་གནས་སྟངས་ཐད་མི་རེ་རེའི་གཞི་བཟུང་སའི་ཟུར་མི་གཅིག་པ་ལས་དེར་ལྟ་ཚུལ་ཡང་མི་འདྲ་མང་པོ་བྱུང་ཡོད། ང་རང་གིས་རིག་གནས་ཤིག་ལ་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་མེད་ཀྱིས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་ཡོད་པའམ། ཡང་ན་ཡིག་ངོས་སུ་བཀོད་དེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པ། ཡང་ན་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་དུ་མའི་དབང་གིས་ཉམས་རྒུད་དུ་གྱུར་དེ། ད་ལྟ་ང་ཚོས་རིག་གནས་དེའི་མིང་ཙམ་ལས་དོན་དངོས་སུ་ཅི་འདྲ་ཞིག་ཡིན་པ་མི་ཤེས་པ་སོགས་ལ་གཞིགས་ནས་རིག་གནས་ཀྱི་གནས་སྟངས་ལ་གསོན་བཞིན་པའི་རིག་གནས་དང་གཉིད་ཟིན་པའི་རིག་གནས། ཤི་ཟིན་པའི་རིག་གནས་བཅས་གསུམ་དུ་དབྱེས་ཡོད།
ཅི་འདྲ་ཞིག་ལ་གསོན་བཞིན་པའི་རིག་གནས་ཟེར་ཞེས་ན། ད་ལྟའང་ང་ཚོའི་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་པའི་གོམས་སྲོལ་དང་དད་མོས། ཡི་གེ་སོགས་ཡོད་ཚད་ཀྱི་ཡོད་ཚད་ལ་བྱ། འཐུས་ཚབ་རང་བཞིན་གྱི་དཔེ་ཞིག་བཀོད་ན། དམངས་ཁྲོད་དང་དགོན་པ་རུ་སྒྲུབ་བཞིན་པའི་ནང་བསྟན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་། ང་ཚོས་སྦྱངས་བཞིན་པའི་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་དང་ཐ་སྙད་རིག་གནས། རོང་འབྲོག་ཁུལ་དུ་ད་ལྟའང་སྤེལ་བཞིན་པའི་བོད་ཀྱི་གཉེན་སྒྲིག་བྱེད་སྟངས་དང་ལོ་གསར་རོལ་སྟངས་སོགས་དང་། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་ཤེས་བྱ་དང་གོམས་སྲོལ། དད་མོས། ཀུན་སྤྱོད་སོགས་ཡོད་ཚད་ཀྱི་ཡོད་ཚད་ལ་བྱ། གཉིད་ཟིན་པའི་རིག་གནས་ཞེས་པ་ནི་ད་ལྟ་སྤྱི་ཚོགས་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་མེད། ཡིན་ཡང་ཡིག་ངོས་སོགས་སུ་བཀོད་དེ་ཉར་ཚགས་སྒོས་རིག་གནས་དེ་གཉིད་དུ་བཅུག་ཡོད་པའི་གོམས་སྲོལ་སོགས་ཡོད་ཚད་ཀྱི་ཡོད་ཚད་ལ་བྱ། དཔེར་ན། ཡིག་ངོས་སུ་བཀོད་ཡོད་པའི་་གནའ་གཏམ་དང་རིག་གཞུང་། སྒྲ་བླངས་ཡོད་པའི་དམངས་གླུ་དང་ལ་གཞས། བརྙན་བླངས་ཡོད་པའི་གཉེན་སྒྲིག་བྱེད་སྟངས་སོགས་གོམས་སྲོལ་ལྟ་བུ། རིག་གནས་འདི་དག་ཡིག་ངོས་སོགས་སུ་བཀོད་དེ་གཉིད་དུ་བཅུག་ཡོད་པ་ལས་ཉམས་རྒུད་དུ་གྱུར་སོང་བ་མིན་པས། ནམ་ཞིག་ལ་ང་ཚོས་འདི་དག་གཉིད་ལས་བསླང་ཐུབ་པ་ཡིན། དཔེར་ན། བཙན་པོ་གླང་དར་མས་བསྟན་པ་བསྣུར་བའི་སྐབས་སུ་དགེ་འདུན་པ་མང་པོས་ཆོས་ཀྱི་བསྟན་བཅོས་མང་པོ་གཏེར་དུ་སྦས་པ་དང་། བསྟན་པ་ཕྱིར་དར་སོགས་ཀྱི་སྐབས་སུ་གཏེར་ལས་བཏོན་ཏེ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་མིན་ནམ། ད་ལྟ་ང་ཚོའི་བོད་པའི་འདས་མཆོད་སྒྲུབ་དུས་མེད་དུ་མི་རུང་བའི༼བར་དོ་ཐོས་གྲོལ་ཆེན་མོ༽འང་ལོ་མང་པོར་ས་འོག་ནས་གཉིད་དུ་ཡུར་བ་དང་། རྗེས་ནས་ང་ཚོས་གཏེར་ལས་བཏོན་ཞིང་བཀོལ་སྤྱོད་བྱས་ཏེ་གསོན་དུ་བཅུག་པ་མིན་ནམ། ད་དུང་ང་ཚོས་དམངས་ཁྲོད་ཀྱི་གཏམ་རྒྱུད་མང་པོ་ཞིག་ཡིག་ངོས་སུ་བཀོད་ཡོད་པ་དང་། ད་ལྟ་དེ་དག་ང་ཚོའི་འཚོ་བའི་ཁྲོད་དུ་ཐོས་རྒྱུ་མི་འདུག་ཀྱང་། ནམ་ཞིག་གི་ཚེ་ང་ཚོས་དེ་དག་གཉིད་ལས་བསླང་ཐུབ་པ་མིན་ནམ། ཉེ་ལམ་བོད་ཀྱི་རིག་གནས་དྲ་བའི་ངོས་སུ་དགའ་འོས་པའི་གཏམ་བཟང་ཞིག་བཀོད་ཡོད་དེ། རྨ་ཆུ་ས་ཁུལ་ནས་བོད་ཀྱི་རྟ་ཐོག་སྤོ་ལོའི་རུ་ཁག་ཅིག་བཙུགས་ཏེ། རྟ་ཐོག་སྤོ་ལོའི་ལུས་རྩལ་བྱ་འགུལ་དེ་སླར་གསོ་བྱེད་བཞིན་ཡོད་ཟེར། རྟ་ཐོག་སྤོ་ལོ་ནི་འཛམ་གླིང་དུ་སྙན་གྲགས་ཆེ་ཞིང་ལོ་རྒྱུས་རིང་བའི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ། དེ་ཐོག་མར་ས་གང་ནས་དར་ཚུལ་དང་ནམ་ཞིག་ལ་དར་ཚུལ་གྱི་སྐོར་ལ་བཞེད་ཚུལ་མི་འདྲ་བ་མང་ཡང་། ཁ་ཅིག་གིས་དེ་ཐོག་མར་བོད་ནས་དར་ཚུལ་ཡང་བཤད་ཀྱིན་ཡོད་ལ། རྒྱའི་ལོ་རྒྱུས་ཀྱི་ཡིག་ཚང་ཆེན་མོ་༼ཐང་ཡིག་གསར་རྙིང་༽སོགས་སུ་བོད་ཀྱི་ཕོ་ཉ་དང་རྒྱའི་ཐང་རྒྱལ་རབས་ཀྱི་གོང་མ་དག་རྟ་ཐོག་སྤོ་ལོའི་འགྲན་བསྡུར་བྱས་པ་གང་མང་བཀོད་ཡོད་པར་གཞིགས་ན། སྔོན་ཆད་བོད་ལ་རིག་རྩལ་གྱི་བྱ་འགུལ་འདི་ཧ་ཅང་དར་ཁྱབ་ཆེ་བར་སྙམ། ཡིན་ཡང་། ཉེ་ཆར་བར་དུ་ལུས་རྩལ་བྱ་འགུལ་གྱི་རིག་གནས་འདི་གཉིད་དུ་ཡུར་ཏེ་བོད་ཀྱི་འཚོ་བའི་ཁྲོད་དུ་མཐོང་རྒྱུ་མི་འདུག་མོད། ཉེ་ལམ་རྨ་ཆུ་རྫོང་ནས་རྟ་ཐོག་སྤོ་ལོའི་རུ་ཁག་བཙུགས་ཏེ་ལུས་རྩལ་བྱ་འགུལ་འདི་གཉིད་ལས་བསླངས་ཏེ་སླར་གསོ་བྱེད་བཞིན་ཡོད།
ཤི་ཟིན་པའི་རིག་གནས་ཞེས་པ་ནི་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྟེང་བྱུང་མྱོངས་མོད། ད་ལྟ་དེ་དག་གི་མིང་ཙམ་ལས་ཇི་ལྟ་བུ་ཞིག་ཡིན་པ་ཤེས་དཀའ་བའི་གོམས་སྲོལ་དང་ཤེས་བྱ། དད་མོས། ཀུན་སྤྱོད། རིག་ཚན་སོགས་ཡོད་ཚད་ཀྱི་ཡོད་ཚད་ལ་བྱ། དཔེར་ན། ཐོན་མི་སམ་བྷོ་ཏ་ཡིས་བོད་ཀྱི་ཡི་གེ་གསར་བཟོ་བྱེད་དུས་བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་མཛད་ཅེས་གྲགས་མོད། འོན་ཀྱང་། ད་ལྟ་སུམ་རྟགས་གཉིས་ལས་གཞན་རྣམས་ཀྱི་མིང་ཙམ་ལས་ཅི་འདྲ་ཞིག་ཡིན་པ་ཤེས་དཀའ་བ་ལྟ་བུ་དང་། ད་དུང་འཕོ་བ་གྲོང་འཇུག་གི་གདམས་ངག་སོགས་ཀྱང་ད་ལྟ་ང་ཚོས་དེ་དག་གི་མིང་ཙམ་མ་གཏོགས། དོན་དངོས་སུ་ཅི་འདྲ་ཞིག་ཡིན་པ་རྟོགས་དཀའ་བ་བཞིན་ནོ། འདི་དག་ནི་ང་ཚོས་གླེང་བཞིན་པའི་ཤི་ཟིན་པའི་རིག་གནས་ཡིན།
གསུམ། རིག་གནས་བརྒྱུད་འཛིན་བྱེད་ཐབས།
གོང་གི་རིག་གནས་ཀྱི་གནས་སྟངས་གླེང་བ་བརྒྱུད་ནས་ང་ཚོས་རིག་གནས་དེ་བཀོལ་སྤྱོད་བྱེད་བཞིན་ཡོད་མེད་ཀྱི་ཐད་དང་། ཡིག་ངོས་སོགས་སུ་བཀོལ་ཏེ་ཉར་ཚགས་བྱས་ཡོད་མེད་བཅས་ཀྱི་ཐད་ནས་གསོན་ཡོད་པའི་རིག་གནས་དང་གཉིད་ཟིན་པའི་རིག་གནས། ཤི་ཟིན་པའི་རིག་གནས་བཅས་གསུམ་ཡོད་པ་ཤེས་སོང་བ་དང་། ང་ཚོས་རིག་གནས་བརྒྱུད་འཛིན་ཞེས་པ་དེའང་གསོན་ཡོད་པའི་རིག་གནས་དང་གཉིད་ཟིན་པའི་རིག་གནས་བརྒྱུད་འཛིན་བྱེད་པ་ལ་གོ་རྒྱུ་ལས། ཤི་ཟིན་པའི་རིག་གནས་མིན་པ་ཤེས་ཐུབ། དེ་བས་ང་ཚོས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དབུགས་ཀྱི་རྟ་རྔ་ཆད་ལ་ཉེ་བའི་གོམས་སྲོལ་དང་གནའ་གཏམ། རིག་རྩལ། ཁ་མཚར། ཁེད་སོགས་ཀྱི་རིག་གནས་དེ་དག་བརྒྱུད་འཛིན་བྱེད་ཐབས་ཀྱི་སྐོར་ལའང་ཕྱིར་གསོན་དུ་འཇུག་གམ། ཡང་ན་གཉིད་དུ་འཇུག་རྒྱུའི་ཐབས་གཉིས་ལས་གཞན་མེད་པར་འདོད།
ཉམས་རྒུད་དུ་འགྲོ་བཞིན་པའི་རིག་གནས་དེ་དག་ལ་སྐྱེས་སྟོབས་ཀྱི་དཔལ་བསྩལ་ཏེ་ཕྱིར་གསོན་དུ་འཇུག་རྒྱུ་ཟེར་ན། དེ་ལ་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་དང་དཔལ་འབྱོར་སོགས་ཀྱི་འགྲོ་སོང་། མི་མང་པོ་ཞིག་བསམ་བློའི་གོ་རྟོགས་སོགས༼རིག་གནས་ནི་ཐུན་མོང་གིས་བསྐྲུན་ཞིང་ཐུན་མོང་གི་བཀོལ་སྤྱོད་བྱས་ན་ད་གཟོད་དེ་གསོན་ཐུབ་པ་ཉིད༽་ཀྱི་ཆ་རྐྱེན་གང་མང་ཞིག་འཛོམས་དགོས་པས། དཀའ་ཁག་ཅུང་ཆེན་པོ་འདུག ཡིན་ཡང་། ང་ཚོས་རིག་གནས་དེ་གཉིད་དུ་འཇུག་པར་དཀའ་ཁག་དེ་འདྲ་ཆེན་པོ་མེད་སྙམ།
༡ རིག་གནས་ཤིག་གཉིད་དུ་འཇུག་ཐབས་དང་དེའི་རིགས་ཀྱི་དབྱེ་བ།
རིག་གནས་ཤིག་གཉིད་དུ་འཇུག་པའི་ཐབས་ལ་གཉིས་ཡོད་དེ། གཅིག ཡིག་ངོས་སུ་བཀོད་པའམ་ཡང་ན་དེང་རབས་ཀྱི་འཕྲུལ་ཆས་སོགས་བཀོལ་ཏེ་ཉར་ཚགས་བྱེད་པ། གཉིས། ང་ཚོས་དྲན་འཛིན་གྱི་ངོས་ནས་གཉིད་དུ་འཇུག་པ་བཅས་གཉིས་ཡོད། དེང་དུས་ཚན་རྩལ་ཆེས་ཆེར་དར་བ་དང་བསྟུན་ང་ཚོས་རིག་གནས་ཤིག་ཉར་ཚགས་བྱེད་པ་ལའང་ཡིག་ངོས་སུ་བཀོད་པ་ལས་གཞན། དེང་རབས་ཚན་རྩལ་ལས་ཐོན་པའི་ལག་ཆ་མང་པོ་ཞིག་བཀོད་སྤྱོད་བྱེད་ཆོག་སྟེ། དཔེར་ན། སྒྲ་ལེན་འཕྲུལ་ཆས་དང་པར་རྒྱག་འཕྲུལ་ཆས། བརྙན་ལེན་འཕྲུལ་ཆས་སོགས་ལྟ་བུ། ང་ཚོས་ཡོ་བྱད་འདི་དག་སྤྱད་དེ་བོད་ཀྱི་སྤྱི་ཚོགས་ཁྲོད་ཉམས་རྒུད་དུ་འགྲོ་བཞིན་པའི་གོམས་སྲོལ་དང་གནའ་གཏམ། དམངས་གཞས། ཆོས་ལུགས་ཀྱི་ཆོ་ག མི་ཚེའི་ཆོ་སྒྲུབ། རྒྱན་གོས། མཛེས་སྤྲས་སོགས་ཡོད་ཚད་ཀྱི་ཡོད་ཚད་འདི་ལ་རྟེན་ཏེ་ཉེར་ཚགས་བྱས་ཆོག ད་དུང་ང་ཚོས་ཕ་མ་དང་ཨ་མྱེས། ཨ་ཁུ་སོགས་ཕ་མེས་ལས་བསམ་པའི་གནའ་གཏམ་དང་ཁེད། དམངས་གཞས་སོགས་རང་གི་དྲན་འཛིན་གྱི་ངོས་ནས་ཉར་ཚགས་བྱེད་ན་ཆོག་མོད། འོན་ཀྱང་མི་རེ་རེའི་དྲན་འཛིན་ལ་བཟང་ངན་ཡོད་པ་དང་མི་རང་ཉིད་འཇིག་རྟེན་འདི་ལས་འདས་པ་དང་བསྟུན། ཁོའི་བློ་ངོས་ན་ཡོད་པའི་རིག་གནས་དེ་དག་ཀྱང་མཉམ་དུ་འཇིག་སྟེ་ཤི་ཟིན་པའི་རིག་གནས་སུ་འགྱུར་བར་ཉེན་ཁ་ཆེ་བས། རབ་ཡིན་ན་ང་ཚོས་བྱེད་ཐབས་དང་པོ་སྤྱད་དེ། རིག་གནས་དེ་ཡིག་ངོས་སུ་ཕབ་པ་དང་སྒྲ་སོགས་ལེན་རྒྱུ་གལ་ཆེ་བར་མཐོང་།
༢ གཞན་མི་རིགས་ཀྱི་རིག་གནས་སླར་གསོ་ཇི་ལྟར་བྱས་པའི་སྐོར།
ཉམས་རྒུད་དུ་འགྲོ་བཞིན་པའི་རིག་གནས་དེ་དག་གཉིད་དུ་བཅུག་ཚེ། ནམ་ཞིག་ལ་ང་ཚོས་རིག་གནས་དེ་དག་གཉིད་ལས་བསླང་ཐུབ་པར་སྙམ། དཔེར་ན། དབྱི་ཐ(犹太人)མི་རིགས་ཀྱི་ཕ་སྐད་ནི་ཞི་པའོ་ལེའེ་ཡི་སྐད་ཡིན་མོད། མི་རིགས་འདིའི་ཡ་ང་བའི་ལོ་རྒྱུས་ཁྲོད་ཁོ་ཚོ་ལོ་ངོ་ཉིས་སྟོང་ལྷག་ལ་འཛམ་གླིང་གི་ས་ཆ་གང་སར་འཁྱམས་པའི་དབང་གིིས། ཁོ་ཚོའི་ཕ་སྐད་ཉམས་རྒུད་དུ་གྱུར་ཏེ། ཆོས་ལུགས་ཀྱི་ཆོ་ག་སྤེལ་དུས་དང་ཆོས་གཞུང་མ་གཏོགས་ཉིན་རྒྱུན་འཚོ་བའི་ཁྲོད་དུ་ཞི་པའོ་ལེའེ་ཡི་སྐད་བཀོལ་སྤྱོད་བྱེད་བཞིན་མེད་པའི་སྣང་ཚུལ་དུ་གྱུར།་ ཡིན་ཡང་། དུས་རབས་བཅུ་དགུ་བའི་མཇུག་ཙམ་ལ་དབྱི་ཐ་མི་རིགས་ཀྱི་མཁས་པའི་དབང་བོ་འགས་མི་རྒན་པ་དག་གི་དྲན་ངོས་ཀྱི་༼སྐབས་དེར་ཞི་པོའོ་ལེའེ་སྐད་ཤེས་པ་མི་རྒན་པ་འགའ་ལས་མེད་པར་བཤད༽ཞི་པོའོ་ལེའེ་སྐད་དང་ཆོས་གཞུང་དུ་བཀོད་པའི་ཞི་པོའོ་ལེའེ་ཡི་ཡི་གེ་གཉིས་ལ་བརྟེན་ཏེ། ཞི་པོའོ་ལེའེ་སྐད་ཕྱིར་སླར་གསོ་བྱས་པ་དང་། ད་ལྟའི་དབྱི་སི་རལ་སྲིད་གཞུང་གི་རྒྱུན་སྤྱོད་ཀྱི་སྐད་དང་ཡི་གེ་རུ་གྱུར་ཡོད་པ་མིན་ནམ།
མདོར་ན། ང་ཚོས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཉམས་རྒུད་དུ་འགྲོ་བཞིན་པའི་གོམས་སྲོལ་དང་དམངས་ཁྲོད་རིག་གནས་སོགས་ཡོད་ཚད་ཀྱི་དབུགས་ཀྱི་རྟ་རྔ་ཆད་དེ་ཤི་ཟིན་པའི་རིག་གནས་སུ་འགྱུར་དུ་མི་འཇུག་པར། ཡིག་ངོས་སུ་ཕབ་པ་དང་སྒྲ་ལེན་པ། བརྙན་ལེན་པ་སོགས་བྱས་ཏེ་གཉིད་དུ་འཇུག་དགོས། ནམ་ཞིག་གི་ཚེ་ན་ང་ཚོས་རིག་གནས་དེ་དག་ཕྱིར་སླར་གསོ་བྱེད་ཐུབ་པར་སྙམ།
རྩོམ་ཁུངས། ངེད་དྲ་བ།