ཚད་མ་རིག་པའི་ཁྱད་ཆོས་བཤད་པ།
༄༅། །བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ཚད་མ་རིག་པ་དེའི་ཁྱད་ཆོས་དང་རྣམ་བཞག་མདོ་ཙམ་བརྗོད་པ་བློ་བཟང་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།།
བློ་བཟང་མཁྱེན་པའི་གཏེར་ཆེན་གཞོན་ནུ་མཆོག །
སྨྲ་མཁས་ངག་གི་དཔལ་སྟེར་འཇམ་པའི་དབྱངས༌། །
ངོ་བོ་དབྱེར་མེད་གྲགས་པའི་ཞབས་རྡུལ་ལ། །
གུས་པས་འདུད་དོ་རྟག་ཏུ་རྗེས་འཛིན་མཛོད། །
དང་པོ། ཚད་མ་རིག་པའི་བྱུང་བ་མདོ་ཙམ་བརྗོད་པ།
དེ་ཡང་སྤྱིར་ཚད་མ་རིག་པ་ཞེས་པ་འདི་ལ་གཞན་སྡེའི་ཚད་མ་རིག་པའི་གཞུང་དང༌།རང་སྡེའི་ཚད་མ་རིག་པའི་གཞུང་ལུགས་ཞེས་རྩ་བའི་སྟེང་གྲུབ་ཆ་གཉིས་སུ་ཕྱེས་ཡོད་ལ།ད་རེས་སྐབས་སུ་བབས་པ་རང་སྡེའི་ཚད་མ་རིག་པའི་གཞུང་ལུགས་དེ་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་སྔོན་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ཆོས་སྐུ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་ཟིན་ཀྱང་སྙིགས་དུས་འགྲོ་ལ་ཆེས་ཆེར་གདུངས་པས་བྱ་དཀའི་སྤྱོད་པ་ལྷུར་བླངས་ཏེ་མི་འཇེད་ཚེ་ལོ་བརྒྱ་བའི་དུས་སུ་ཞིང་འདིར་མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་མངོན་དུ་བྱ་བའི་དུས་ལ་སླེབས་པ་ན་སྤྱི་ལ?འི་སྔོན་གྱི་ལོ་༩༦༡ལོར་རྒྱ་གར་འཕགས་པའི་ཡུལ་དུ་ཕུན་སུམ་ཚོགས་པའི་ལྟས་དང་བཅས་སྐུ་བལྟམས་པའི་མཛད་བཟང་རེ་རེ་ནས་མངོན་དུ་བྱས་ཏེ་ཆོས་འཁོར་གྱི་མཛད་བཟང་རྨད་དུ་བྱུང་བ་དེ་ཉིད་ལན་གཉིས་ལན་གསུམ་དུ་བསྐོར་བའི་ཁོངས་སུ་རིག་པ་དེ་ལ་དེ་བརྟེན་གྱི་ཚུལ་དུ་ཐོར་རེ་བར་གསུངས་པ་ནི། བཅོམ་ལྡན་འདས་ཀྱི་ཆོས་མངོན་པའི་མདོ་ལས། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མིན་ནོ་ཞེས་དང༌།མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་སོགས་ཀྱིས་དབང་པོའི་རྐྱེན་མངོན་སུམ་དང་བཅས་པ་གསུངས་པ་དང༌། ཆོས་བཅུ་བའི་མདོ་ལས།དུ་བ་ལས་ནི་མེར་ཤེས་དང། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།རིགས་ནི་མཚན་མ་དག་ལས་ཤེས།ཞེས་པས་འབྲས་རྟགས་དང༌།དེ་ལ་བརྟེན་པའི་རྗེས་དཔག་བསྟན་ཅིང༌།གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ་ཞེས་སོགས་ཀྱིས་རང་བཞིན་གྱི་རྟགས་དང་དེ་ཉིད་བརྗོད་པའི་སྒྲུབ་ངག་བསྟན་ལ།ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་གཟུང་གི་ཞེས་པས་སྣང་རུང་མ་དམིགས་པའི་རྟགས་དང༌།གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ་ཞེས་པས་མི་སྣང་བ་མ་དམིགས་པའི་རྟགས་གསུངས་ཤིང༌།བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་གསོལ།༼འདུལ་བ་མདོ་ལས་ཀུན་ཏུ་རྒྱུ་སེན་རིངས་འདི་ཉན་ཐོས་ཆེན་པོ་ཤཱ་རིའི་བུའི་སྲིང་མོའི་མག་པ་ཡིན་ཞིང་རྗེས་སུ་ནང་བ་ལ་བཀོད་པའི་ལོ་རྒྱུས་སྣང༌།༽གཽ་ཏ་མ་བདག་གིས་ཐམས་ཅད་མི་བཟོད་དོ། །བཀའ་བསྩལ་བ།མི་བཟོད་ཅེས་པའི་ཚིག་དེ་བཟོད་དམ་མི་བཟོད།བཟོད་ན་ཐམས་ཅད་མི་བཟོད་པ་ཉམས་སོ། །མི་བཟོད་ན་མི་བཟོད་པ་བཟོད་ན་བཟོད་པ་དེ་ཉིད་ཡིན་ཏེ་ཞེས་སོགས་ཀྱིས་ཐལ་བ་དང་སུན་འབྱིན་བསྟན་ལ༑ འདི་ཡོད་ན་འདི་འབྱུང་ཞེས་སོགས་ཀྱིས་འབྲེལ་བ་དང༌། སྣང་བ་སྐྱེས་པ་ན་མུན་པ་འགག་པ་ལྟར་གཉེན་པོ་སྐྱེས་པ་ན་སྤང་བྱ་འགག་པར་བསྟན་པས་འགལ་བའི་རྣམ་བཞག་ཀྱང་བསྟན།ད་དུང།བརྒྱད་སྟོང་བ་ལ་སོགས་ནས་བསྟན་པའི་མདོ་སྡེ་དགོངས་པའི་རྣམ་གཞག་དེ་རྣམས་ལ་བརྟེན་ནས་ནང་བ་སངས་རྒྱས་པའི་ཚད་མ་རིག་པའི་བསྟན་བཅོས་ལ་སྔ་བ་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས《ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོན་མེ་》ཞེས་པ་མཛད་པ་དང༌། དེས་སློབ་དཔོན་དབྱིག་གཉེན་ལ་བསྟན། སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞི་ཡོད་པའི་ནང་ནས། ཚད་མ་རང་ལས་མཁས་པ་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡང་དག་པ་མ་རིག་པ་ཡིན་པས་དེ་སྤང་བའི་ཕྱིར་དང༌། གཉེན་པོ་ཤེས་རབ་བསྐྱེད་པའི་ཕྱིར་མཛོད་ཀྱི་འགྲེལ་
བ་དང༌།ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་བ་དང༌།དམིགས་པ་བརྟག་པ་ལ་སོགས་པ་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྩམས་སོ། །དེ་དག་ཀྱང་འཐོར་བ་ལྟ་བུར་གྱུར་བས་གཅིག་ཏུ་བསྡུས་པ་《ཚད་མའི་མདོ་ཀུན་ལས་བཏུས་པ་》དང༌།《ཕྱོགས་ཆོས་དགུའི་འཁོར་ལོ་ལ་སོགས་པའི་ཚད་མའི་བསྟན་བཅོས་མང་དུ་མཛད་དེ་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་སྲོལ་འབྱེད་སློབ་དཔོན་དུ་གྱུར། ཕྱིས་ཀྱི་མཁས་དབང་མང་པོས་སློབ་དཔོན་ཕྱོགས་ཀྱི་གླང་པོས་《ཚད་མའི་མདོ་ཀུན་ལས་བཏུས་པ་》བརྩམས་པ་དེས་ནང་བའི་ཚད་མའི་སྲོལ་འབྱེད་སློབ་དཔོན་དུ་བཞག་པ་ནི་བསྟན་བཅོས་འདིའི་མཚན་དོན་དང་གཞུང་གི་མཆོད་བརྗོད་སོགས་ཀྱིས་གཞུང་འདིའི་བསྟན་བྱ་གཙོ་བོའང་ནང་བའི་བསྟན་བཅོས་དག་གི་སྐྱབས་སུ་འགྲོ་བ་དང་བདག་མེད་ཀྱི་དོན་སོགས་རིག་པ་ཞིབ་མོས་གཏན་ལ་ཕབ་ཡོད་པ་ལ་དགོངས་ནས་ཕྱི་ནང་ཐུན་མོང་དུ་གྱུར་བའི་རྟོག་གེའི་བསྟན་བཅོས་དག་ས་མཆོག་ཏུ་གཅེས་པར་འཛིན་པར་སེམས་སོ། །དེ་ལ་མཁས་གྲུབ་རྗེས། ཚད་མའི་བསྟན་བཅོས་འདི་དག་ནང་རིག་པའི་བསྟན་བཅོས་མ་ཡིན་པར་འདོད་པ་མི་འཐད་དེ། ནང་རིག་པའི་བསྟན་བཅོས་ཞེས་བྱ་བ་ནི་སྤང་བྱ་མ་རིག་པ་སྤོང་བ་དང༌། གཉེན་པོ་བདག་མེད་རྟོག་པའི་ཤེས་རབ་སྐྱེད་པའི་ཐབས་སྟོན་པའི་བསྟན་བཅོས་ལ་བརྗོད་པ་ཡིན་ལ། ཚད་མའི་བསྟན་བཅོས་འདི་དག་ལས་ཀྱང༌། གང་ཟག་དང་ཆོས་ཀྱི་བདག་མེད་རིག་
པས་ལེགས་པར་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ཕྱིར་རོ། །དེ་ཙམ་གྱིས་ནང་རིག་པར་མི་འགྱུར་ན་ནང་རིག་པའི་སྡེ་སྣོད་གང་ཡིན་པ་སྨྲོས་ཤིག་དང༌། གཞུང་འདི་དག་ཏུ་བདེན་བཞི་བླང་དོར་ཐབས་དང་བཅས་པ་དང༌། ཆོས་ཉིད་བདག་མེད་ལ་སོགས་པ་ཐེག་པ་གསུམ་གྱི་ལམ་གྱི་གནད་རྣམས་མ་ཚང་བ་མེད་པར་རིགས་པས་སྟོན་པའི་ཕྱིར་དང་ཞེས་གསུངས་པ་ལྟར་རོ། །འདིར་བསྟན་བཅོས་འདིའི་མཚན་དོན་ཐད་ཅིའི་ཕྱིར་《ཚད་མའི་མདོ་ཀུན་ལས་བཏུས་པ་》ཞེས་གདགས་པ་ཡིན་སྙམ་ན། མཚོན་བྱ་དོན་དམ་པའི་ཚད་མས་གཏན་དུ་མི་བསླུ་བ་དང༌། མཚོན་བྱེད་ཐ་སྙད་པའི་ཚད་མ་མངོན་སུམ་དང༌། རྗེས་སུ་དཔག་པ་གཉིས་གནས་སྐབས་སུ་རང་གི་འཇུག་ཡུལ་མི་བསླུ་བས་ཚད་མ་སྟེ། དེ་གཉིས་ཀྱི་དོན་རྟ་ནག་པ་དགེ་འདུན་བློ་བཟང་ཞབས་ཀྱིས། གྲངས་མེད་གསུམ་དུ་ཚད་མའི་ལམ་བསྒོམས་པས། །མཁྱེན་གསུམ་རྣམ་དག་ཚད་མའི་སྤྱན་ཐོབ་ཅིང༌། །རིགས་ཅན་གསུམ་ལ་ཚད་མའི་ལམ་སྟོན་པ། །ཐུབ་དབང་ཚད་མའི་མཆོག་ལ་ཕྱག་འཚལ་ལོ། ། ཞེས་དང༌། དཔལ་ལྡན་ཆོས་ཀྱིས་གྲགས་པས། །ཚད་མ་བསླུ་མེད་ཅན་ཤེས་པ༑ ༑མ་མཐོང་དོན་གྱིས་གསལ་བྱེད་པ། །ཞེས་སོགས་ཀྱིས་འཆད་ལ། དེ་གཉིས་སྟོན་པའི་མདོ་ཀུན་ལས་བཏུས་པ་ལ་བརྗོད་བྱའི་མིང་གིས་རྗོད་བྱེད་ལ་བཏགས་ཏེ་ཚད་མ་ཞེས་དང༌། མདོ་ནི་ཟབ་པ་དང་རྒྱ་ཆེ་བའི་དོན་ཚིག་ཉུང་ངུར་བསྡུས་པ་དང༌། ཀུན་ལས་བཏུས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་དང་རང་གཞན་གྱི་རིགས་པའི་གཞུང་ལུགས་ཐམས་ཅད་ལས་བཏུས་པས་ན་བརྗོད་ཚུལ་གྱི་སྒོ་ནས་མིང་བཏགས་པ་དང༌། བདག་ཉིད་ཆེན་པོ་འདིས་མཛད་པའི་ཚད་མའི་བསྟན་བཅོས་ལ་ཚད་མ་ཀུན་ལས་བཏུས་ཀྱི་རང་འགྲེལ་དང༌། དུས་བརྟག་པ། དམིགས་པ་བརྟག་པ། དེའི་རང་འགྲེལ། དམིགས་པ་ལ་འཇུག་པའི་སྒོ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་སོགས་མང་དུ་མཛད་ནས་ནང་བའི་ཆོས་ཀྱི་རིགས་ལུང་མེས་པོའི་ཞལ་ལུང་དུ་བསྐྲུན་པར་མཛད་པ་དང༌། ལྷག་པར་ཚད་མའི་མདོ་ཀུན་ལས་བཏུས་པ་རང་གི་སློབ་མ་དབང་ཕྱུག་སྡེ་ལ་གསུངས་ཤིང་དེ་ལ་འགྲེལ་ཡང་དང་ཡང་དུ་རྩོམ་པར་བསྐུལ་ནས་མ་འོངས་ཀྱི་སྐལ་ལྡན་གདུལ་བྱ་དཔལ་ལྡན་ཆོས་ཀྱི་གྲགས་པ་ལ་ཆོས་ཀྱི་ས་བོན་སད་ནས་ཚད་མའི་མདོ་ཀུན་ལས་བཏུས་པའི་དོན་གསལ་བར་བྱས་པའི་འགྲེལ་རྒྱས་པ་རྣམ་འགྲེལ་ལེའུ་བཞི། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་ཏེ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིགས་པ་འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིག་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ནི་ནང་
བའི་ཚད་མའི་བསྟན་བཅོས་ཀྱི་གཙོ་བོ་ཡིན་པར་མ་ཟད། བོད་དུ་ཚད་མ་རྒྱ་ཆེར་དར་བའི་ཚད་མའི་བསྟན་བཅོས་ཀྱི་གཞི་འཛིན་སའང་འདི་ཡིན་ལ། སྤྱིར་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་ཕྱོགས་ཀྱི་གླང་པོ་ཡབ་སྲས་ཀྱི་བསྟན་བཅོས་འདི་དག་སྐབས་དེ་ཤེད་རྒྱ་གར་ན་ཕྱི་རོལ་བའི་རྟོག་གེ་བསྟན་བཅོས་བརྟན་ཅིང་བརླིང་བ་དག་ལས་བརྒལ་ལན་གྱིས་ཤིན་ཏུ་རིག་པ་ཟབ་མོའི་གནས་སུ་ཕྱིན་འདུག སྐབས་ཤིག་དཔལ་ན་ལེནྚར་རང་སྡེའི་པཎ་གྲུབ་ལྔ་བརྒྱ་དང་ལྷན་ཅིག་དཔལ་ཆོས་ཀྱི་གྲགས་པས་ཕྱི་རོལ་བའི་རྟོག་གེའི་བསྟན་བཅོས་མཁན་པོ་དང་བརྩད་པའི་ཚེ་རེ་ཤིག་རྩོད་པའི་རིག་པ་ཇེ་ཞིབ་ནས་ཇེ་ཞིབ་ཏུ་གྱུར་ནས་རྩོད་མཁན་གཉིས་མ་གཏོགས་པཎ་གྲུབ་དང་རྩོད་དཔང་ཐམས་ཅད་ཀྱིས་རིག་པའི་མཐའ་མ་དཔོག་པར་མཐའ་མ་ཕྱི་རོལ་བ་རང་ཉིད་ཕམ་པར་ཁས་བླངས་ཏེ་གངྒཱར་མཆོངས་པས་ད་གཟོད་སློབ་དཔོན་རྒྱལ་བར་མེ་ཏོག་འཐོར་བ་ལྟ་བུ་ཡབ་སྲས་འདི་གཉིས་ཀྱི་བསྟན་བཅོས་ཤིན་ཏུ་ཟབ་པ་ལྟ་ཅི། དེང་སྐབས་འཛམ་གླིང་གི་ཞིབ་འཇུག་པར་ཁས་འཆེ་བ་དག་ནས་རྣམ་འགྲེལ་རྩ་བའི་བརྗོད་བྱ་ཕར་དང་ཚིགས་བཅད་དོན་བསྡུའི་རྩོམ་རྩལ་གཅིག་པུ་ཡང་ཀུན་ལས་འགྲན་མེད་ཚད་གཞི་འཇོག་ཐབས་བྲལ་བར་གདེང་འཇོག་བྱེད་བཞིན་པ་དང༌། དེ་ལྟ་བུའི་བསྟན་བཅོས་ཟབ་གནས་འདི་ཉིད་རང་རེ་གངས་ཅན་པའི་རིག་གནས་དང་ས་འདྲེས་རྡོ་འདྲེས་སུ་གྱུར་བ་ནི་བོད་པ་གླེན་ཆེས་ནས་རིག་པ་འདི་ཉིད་རང་གི་རིག་གནས་སུ་གྱུར་པ་མ་ཡིན་པར་བློ་དང་ལྡན་པ་དག་གིས་བསམ་པར་རིགས་སོ། །དེས་ན་སྡེ་བདུན་མདོ་དང་བཅས་པ་དེའི་འཆད་ཉན་གྱི་རྒྱུན་ཅི་ལྟར་དར་ཤེ་ན། དཔལ་ཆོས་ཀྱི་གྲགས་པའི་སློབ་མ་ལྷ་དབང་བློས་སློབ་དཔོན་གྱི་བཀའ་ལྟར་རྣམ་འགྲེལ་ལེའུ་གསུམ་གྱི་འགྲེལ་བ་མཛད། དེ་དང་སློབ་དཔོན་རང་ཉིད་ཀྱིས་ལེའུ་དང་པོ་ལ་འགྲེལ་མཛད་པ་བཅས་བསྡོམས་པ་ལས་ཚད་མ་སྟོང་ཕྲག་བཅུ་གཉིས་པར་གྲགས། སློབ་དཔོན་ཆོས་ཀྱི་གྲགས་པ་དང་ལྷ་དབང་བློ་གཉིས་ཀྱི་སློབ་མ་ཤཱཀྱ་བློས་རྣམ་འགྲེལ་གྱི་ལེའུ་བཞི་པ་དང༌།ཚད་མ་སྟོང་ཕྲག་བཅུ་གཉིས་པ་ལ་འགྲེལ་བ་ཤིན་ཏུ་རྒྱ་ཆེན་པོ་མཛད། ཤཱཀྱ་བློའི་སློབ་མ་ཤེས་རབ་འབྱུང་གནས་སྦས་པས་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་རྒྱན་ཞེས་པ་མཛད་པས་རྒྱན་མཁན་པོར་གྲགས། དེའི་སློབ་མ་སློབ་དཔོན་ཆོས་མཆོག་གིས་རྣམ་ངེས་ཀྱི་འགྲེལ་བ་འཐད་ལྡན་ཆེ་ཆུང་སོགས་མཛད།དེའི་སློབ་མ་ཛེ་མ་རི་ཡིས་རྣམ་འགྲེལ་རྒྱན་གྱི་འགྲེལ་བ་སོགས་མཛད། དེའི་སློབ་མ་དུལ་བ་ལྷས་རིགས་པ་ཐིགས་པ་རྒྱ་ཆེར་འགྲེལ་བ་སློབ་མ་ལ་ཕན་པ་ཞེས་སོགས་མཛད། དུལ་བ་ལྷའི་སློབ་མ་བདེ་བྱེད་དགའ་བ་དང༌། ཞི་བ་འཚོ་སོགས་བྱོན། སློབ་དཔོན་ཞི་བ་འཚོས་གཞུང་སྔ་མ་རྣམས་ཀྱི་དོན་འདུས་པ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུ་བྱས་པ་ཞེས་དང༌། རྩོད་རིགས་ཀྱི་འགྲེལ་བ་མཛད། སློབ་དཔོན་ཞི་བ་འཚོའི་སློབ་མ་ཀ་མ་ལ་ཤྲཱི་ལ་ཡིས་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་དང་ཊིཀྐ་ཚད་ཆེན་དུ་གྲགས་པ་སོགས་མཛད་ནས་ཚད་མའི་བསྟན་བཅོ་ས་འདི་ཉིད་རྒྱ་གར་འཕགས་པའི་ཡུལ་ནས་ཆུ་མགོ་གངས་ལ་ཐུག་པའི་ཚུལ་གྱིས་བོད་གངས་ཅན་གྱི་ལྗོངས་སུ་རིག་པའི་ཆུ་ཀླུང་བརྡོལ་བའི་འགོ་ཚུགས་པ་ཡིན་ལ། བོད་གངས་ཅན་གྱི་ལྗོངས་འདིར་ནི་ལ་ལས་མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སུ་ཟེར་ཡང་འདི་ལ་ཅུང་ཟད་དཔྱད་པར་བྱ་བ་ཡོད་དེ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཧྭ་ཤང་དང་བརྩད་པའི་ལོ་རྒྱུས་ཡོད་ལ་དེའི་སྐབས་ཀྱི་རྩོད་པ་པོ་ཡང་སློབ་དཔོན་ཞི་བ་འཚོའི་དངོས་སློབ་སློབ་དཔོན་ཀཱ་མ་ལ་ཤྲཱི་ལ་ཡིན་པར་འོག་ནས་ཀྱང་སྤྲོ་ལ། གོང་གི་འཆད་ཉན་གྱི་རྒྱུན་བྱུང་ཚུལ་ལས་ཀྱང་རྟོགས་འོངས་པ་དང༌། བསྟན་པ་སྔ་དར་གྱི་དུས་སུ་
ཚད་མ་སྡེ་བདུན་གྱི་ཕྱི་མ་གཏན་ཚིགས་ཐིགས་པ་དང་འབྲེལ་བ་བརྟག་པའི་རྩ་འགྲེལ་སོགས་གཞུང་འགའ་ཞིག་སྐ་བ་དཔལ་བརྩེགས་དང་དྲན་པ་ནམ་མཁའ་དག་གིས་ཐོག་མར་བོད་ཡིག་ཏུ་བསྒྱུར་ཀྱང་འཆད་ཉན་གྱི་རྒྱུན་རང་བོད་ནང་དུ་མ་བྱུང་ལ་གཞུང་འདི་བོད་ལ་བྱུང་བའི་དུས་ཚོད་ཀྱང་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་ཡིན་པ་ནི་གོང་གི་ལོ་ཙཱ་བ་རྣམ་གཉིས་ཀྱི་ལོ་རྒྱུས་སོགས་ལ་བལྟས་ན་གསལ་བ་དང༌། གཞན་བོད་གངས་ཅན་ལྗོངས་སུ་ཚད་མ་འཕེལ་རྒྱས་བྱུང་ཚུལ་དང༌། ཚད་མའི་མཁས་པ་བྱོན་ཚུལ། གྲུབ་མཐའ་སོ་སོར་ཚད་མ་དར་ཚུལ་སོགས་གཞན་དང་གཞན་དུ་བཤད་པ་མང་བས་འདིར་མ་སྤྲོས་སོ། །
གཉིས་པ། ཚད་མ་རིག་པ་ལ་སློབ་པའི་དགོས་དོན་བརྗོད་པ།
དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །
ཐ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས། །
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །
ཅེས་གསུངས་པ་ལྟར། རང་གིས་སྒྲུབ་པ་དང་གཞན་ལ་ལམ་སྟོན་པ་སོགས་གང་བྱེད་ཀྱང་ཐོག་མར་ཐོས་བསམ་སློབ་གཉེར་གྱིས་གཞུང་དོན་གྱི་གོ་བ་མ་ནོར་བ་ཞིག་བཙལ་དགོས་ཏེ། རང་གིས་མི་ཤེས་ན་གཞན་ལ་སྟོན་མི་ནུས་
པའི་ཕྱིར་དང༌། མ་ཤེས་པར་ཉམས་སུ་བླངས་མེད་པའི་ཕྱིར་དང༌། རང་གིས་ཇི་ཙམ་ཞིག་གོ་བ་དེ་བཞིན་དུ་ཉམས་སུ་ལེན་པས། གོ་བ་ནོར་ན་སྒྲུབ་པ་ནོར་ལ༑ སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རག་ལས་པས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་བཀའ་པོད་ལྔའི་དགོངས་དོན་རིམ་གྱིས་བསླབས་ཏེ། སྒྲོ་འདོགས་ལྷག་མེད་དུ་གཅོད་པ་ཞིག་དགོས་ཤིང༌། དེ་ལྟར་མ་ཡིན་པར་སྐེད་ཞུགས་དང་ཐོད་རྒལ་ལྟ་བུ་བྱ་བ་མ་ཡིན་ནོ། །དཔེར་ན། ལྗོན་ཤིང་གི་རྩ་བ་ནས་རྩེ་མོའི་བར་དུ་རིམ་གྱིས་སྐྱེ་ཤིང་ཅིག་ཅར་རམ་གོ་རིམ་འཆོལ་ནས་སྐྱེ་བའི་གནས་མེད་དོ། །དེས་ན་གཞུང་སྔ་མ་སྔ་མ་ལ་གོ་བ་ལེགས་པར་ཆགས་པར་བྱས་ནས་ཕྱི་མ་ཕྱི་མ་རྣམས་གོ་ཇེ་སླ་ཇེ་སླར་འགྲོ་བས་དང་པོ་ཚད་མ་ལ་སྦྱངས། དེ་རྗེས་ཕར་ཕྱིན་སོགས་ལ་རིམ་གྱིས་སྦྱངས་པ་ཡིན་ནོ། །དེང་སང་བཀའ་པོད་ལྔའི་དགོངས་དོན་སློབ་ཁུལ་ཙམ་ཡང་མ་བྱས་ཀྱང༌། ཉམས་ལེན་ལ་གཞོལ་དགོས་ཟེར་བ་ཚོའི་བྱ་བ་ནི་ཉོན་མོངས་པའི་རྟ་རྒོད་འདུལ་མི་ཤེས་ཤིང་འདུལ་བའི་སྲབ་སྐྱོགས་ཀྱང་མེད་པ་ཞིག་གིས་རྟ་འདུལ་འདོད་པ་དང་འདྲ་བས་ཧ་ཅང་དགོད་བྲོ་གསུངས། ད་དུང་དཔེ་ཆ་མི་ཤེས་མཁན་དེ་ཚོས་ཕྲག་དོག་གི་དབང་གིས་གཞན་ཤེས་པ་དག་ལ་སྨོད་པ་ནི། ངན་འགྲོ་མི་བཟད་པར་ལྷུང་བའི་རྒྱུར་འགྱུར་བས་ཆེས་ཐ་ཞན་ནོ། །རང་རེའི་ཤེས་ཡོན་པའི་ཁྲོད་དུ་འདི་གནས་པའི་ཕྱིར་༧མཁས་གྲུབ་ཐམས་ཅད་མཁྱེན་པས། ཡོན་ཏན་མེད་པའི་སྐྱེ་བོ་དེ། །ཡོན་ཏན་ཅན་ལ་ལྷག་པར་སྡང༌། །ཞེས་བཀའ་བསྩལ་བ་དེ་ཤིན་ཏུ་མད་དོ། ། དང་པོ་ཉིད་ནས་གང་མཐོ་མཐོ་ཞིག་ལ་བསྙེགས་ཁུལ་བྱས་ན། རང་ཕུང་རྒྱུ་ལས་འོས་མེད་དེ། དཔེར་ན་རྒན་པོ་ཞིག་སྐས་ལ་འཛེགས་ཚེ།སྐས་གདང་འོག་མ་ནས་བརྩམས་ཏེ་རིམ་གྱིས་འཛེགས་ན་བདེ་བླག་ཏུ་འཛེཊ་པར་ནུས་ཀྱི། མགྱོགས་འདོད་ཀྱི་བསམ་པས་སྐས་གདང་འོག་མ་བཞག་ནས་གོང་མར་མཆོང་ཁུལ་བྱས་ན་ས་ལ་ལྷུང་རྒྱུ་ལས་འོས་མེད་དོ། །དེར་མ་ཟད་
དགག་བྱ་དེ་དང་དེ་འདྲ་གཞན་ཡང་འབྱུང་བར་གཟིགས་ནས་ཡིག་ཆ་མང་པོར། མི་རྟག་སོགས་ཀྱིས་རྒྱུད་མ་སྦྱངས་པའི་གང་ཟག་ལ་སྟོང་ཉིད་བསྟན་མི་རུང་བ་དང༌། དབང་གིས་རྒྱུད་མ་སྨིན་པའི་གང་ཟག་ལ་གསང་བ་སོགས་བསྒྲགས་མི་རུང་བ་དང༌། འོག་མ་འོག་མས་རྒྱུད་མ་སྨིན་པར་གོང་མ་གོང་མར་བཀྲི་བའི་ལམ་ནན་གྱིས་བཀག་ཅིང༌། དུས་ཕྱིས་ཤེས་ཚད་བཤད་པ་སོགས་འགལ་བ་ཡིན་ནོ། །གསུངས། དེས་ན་ཐར་འདོད་ཀྱི་གདུལ་བྱ་ཞིག་ཡིན་ཕྱིན་ཆད་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་གཏིང་ཚུགས་པ་ཞིག་བྱེད་དགོས། བདག་ཅག་གི་སྟོན་པས་བཀའ་བསྩལ་བའི་ཆོས་འཁོར་རིམ་པ་གསུམ་དང༌། སྡེ་སྣོད་གསུམ་གྱི་དགོངས་དོན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ། ལྟ་སྒོམ་སྤྱོད་གསུམ་བཅས་ལ་སྦྱངས་དགོས་པ་ཡིན་ནོ། །
འཁོར་ལོ་དང་པོ་དངོས་བསྟན་ལྟ་བའི་ཆ་གཙོ་བོར་འགྲེལ་བ་ལ་སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་རྩ་འགྲེལ་དང༌། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞིའི་གནས་དོན་མཐའ་དག་བསྡུས་ནས་འདུལ་བ་མདོ་རྩ་བ་དང༌། འཁོར་ལོ་བར་བའི་དངོས་བསྟན་ལྟ་བའི་གཙོ་བོར་འགྲེལ་བ་ལ། ཀླུ་སྒྲུབ་ཡབ་སྲས་ཀྱི་རྩ་འཇུག་བཞི་གསུམ་སོགས་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་འགྲེལ་བ་ལ། རྗེ་བཙུན་བྱམས་མགོན་གྱིས་མངོན་རྟོགས་རྒྱན་དང༌། འཁོར་ལོ་ཐ་མའི་དངོས་བསྟན་ལྟ་བའི་ཆ་རྣམ་རིག་པའི་ལུགས་སུ་གཙོ་བོར་འགྲེལ་བ་དང༌། རྒྱལ་བསྟན་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་སྒྲུབ་པ་ལ་ཕྱོགས་གླང་ཡབ་སྲས་ཀྱིས་མདོ་དང་རྣམ་འགྲེལ་གསུངས་ཏེ་དེ་དག་གི་ཚུལ་གསལ་བར་བྱས་པའི་ཕྱིར་དང༌། འདུལ་བས་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། མཛོད་དང་དབུ་མ་རྣམ་འགྲེལ་གསུམ་གྱིས་ཤེས་རབ་ཀྱི་བསླབ་པ་དང༌། ཕར་ཕྱིན་གྱིས་ཏིང་ངེ་འཛིན་གྱི་བསླབ་པ་རྒྱས་པར་བསྟན། དབུ་ཚད་སེང་གེ་མཇིང་བསྣོལ་གྱིས་ལྟ་བ་རྣམ་པར་དག་པ་དང༌། ཕར་ཕྱིན་དང་མཛོད་ཀྱིས་སྒོམ་པ་རྣམ་པར་དག་པ་དང༌། འདུལ་བས་སྤྱོད་པ་རྣམ་པར་དག་པ་གཏན་ལ་ཕབ། མཛོད་དང་ཚད་མ་འདུལ་བ་གསུམ་གྱིས་སྐྱེས་བུ་ཆུང་འབྲིང་གི་ལམ་རིམ་ཡོངས་སུ་རྫོགས་པ་དང༌། དབུ་མས་སྐྱེས་བུ་ཆེན་པོའི་ལམ་ཟབ་རྒྱས་གཉིས་སུ་ངེས་པ་ལས་ཟབ་པའི་ཆ་རྫོགས་པར་བསྟན་པ་དང༌། ཕར་ཕྱིན་གྱིས་རྒྱས་པའམ་རྒྱ་ཆེ་བའི་ཆརྫོགས་པར་བསྟན་དེ་གསལ་བར་མཛད་པ་ཡིན་ནོ། །སངས་རྒྱས་ཀྱི་གོ་འཕང་འཐོབ་བྱ་བླ་ན་མེད་པར་ཁས་འཆེས་ནས་ད་དུང་བཀའ་པོད་ལྔ་ལས་ལོགས་སུ་སྦྱང་ས་ཆེས་གལ་ཆེན་ཞིག་ཡོད་པར་འདོད་མཁན་ཚོ། ངེས་པ་དོན་གྱིས་དབུ་འཁོར་བ་ཡིན་ནོ། །བཀའ་པོད་ལྔའི་ནང་ནས་ཚད་མ་རིག་པའི་གཞུང་ལ་སྦྱོང་བརྡར་བྱེད་པ་དེ་བས་ཀྱང་གལ་ཆེ་སྟེ། དེ་ལ་ལེགས་པར་མ་སྦྱངས་ཚེ། གཞུང་ལུགས་ཀྱི་དགོངས་དོན་ཟབ་མོ་རྣམས་མཐོང་བ་ལྟ་ཞོག གལ་ཏེ་དོན་འགའ་ཞིག་ལ་གོ་བ་ཐན་ཐུན་རེ་རྙེད་ཀྱང་ཚད་མའི་རྒྱུ་མཚན་ཡང་དག་གི་སྟོབས་ཀྱིས་སྒྲོ་འདོགས་མ་ཆོད་པའི་དབང་གིས་འདམ་ལ་བཏབ་པའི་ཕུར་བ་བཞིན་དུ་ཡིད་རྟོན་མི་ནུས་པས་བདག་ཅག་གི་སྟོན་པ་དང༌། བསྟན་པ་ཚད་མའི་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་ཚུལ་སོགས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་མཐའ་དག་གི་དགོངས་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ལ། ངེས་པར་དུ་ཚད་མ་རིགས་པའི་གཞུང་ལ་སྦྱངས་དགོས། དེ་ཡང་བོད་སྔ་རབས་པ་རྣམས་ཀྱིས་སྡེ་བདུན་མདོ་དང་བཅས་པ་རྣམས་ཐ་སྙད་རིག་པའི་རྣམ་བཞག་གཏན་ལ་འབེབས་པའི་ཐུན་མོང་བའི་གཞུང་ལུགས་ཙམ་དུ་འཛིན་པ་ལས། ཐར་བ་
དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རིམ་པ་སྟོན་པའི་གཞུང་ལུགས་མིན་པར་འདོད་ལ། རྗེ་ཐམས་ཅད་མཁྱེན་པས་ཚད་མའི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་ཚད་མ་ཀུན་བཏུས་དང༌། ཚད་མ་རྣམ་འགྲེལ་སོགས་ལ་ཞིབ་ཏུ་དཔྱད་ཅིང་གཟིགས་པས་ཚད་མའི་གཞུང་ལུགས་མཐའ་དག་ཕྱིའི་གོ་རྒྱ་གཅོད་བྱེད་ཀྱི་ཐ་སྙད་རིག་པའི་རྣམ་བཞག་ཙམ་མ་ཡིན་པར། ཐེག་པ་གོང་འོག་གི་ལམ་ཉམས་སུ་ལེན་པའི་རིམ་པ་མཐའ་དག་རིགས་པའི་ལམ་ནས་ཚང་ལ་མ་ནོར་བ་བསྟན་པས། ཉམས་སུ་ལེན་རྒྱུའི་གདམས་པའི་མཆོག་ཏུ་ངེས་པ་རྙེད་པ་ཡིན་ཏེ། རྗེའི་རྟོགས་བརྗོད་ལས། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་བསྩལ་བའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།།ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི༑ ༑ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །ཞེས་གསུངས་པ་དང༌། ཡང་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང༌། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །ལེགས་པར་འོངས་པའི་རིཊ་ལམ་བདུད་རྩིའི་ཆུས། །བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །ཤིན་ཏུ་ཟབ་གནས་མཐོང་བ་ལྟ་ཅི་སྨོས། །རིགས་པའི་ལུང་དོན་ལ་ཡང་དཔྱད་པའི་ཚེ། ། ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང༌། །གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་བ་བཞིན་གྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རྀཊ་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བསྟེན་ཏེ་ལེགས་པར་སྦྱོངས།།ཞེས་གསུངས་པ་དང༌། ཁོང་གི་ཚད་མའི་ལམ་བསྒྲིགས་སུ་ཡང༌། མདོར་ན་སྟོན་པ་དང༌། འདིའི་བསྟན་པ་དང༌། དེ་སྒྲུབ་པའི་གྲོགས་དགེ་འདུན་དཀོན་མཆོག་གསུམ་ལ་མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་ནས། ཚད་མའི་
སྒོ་ནས་སྐྱབས་གནས་ལ་ངེས་པ་བརྟན་པོ་སྐྱེད་པར་བྱེད་པ་ཡིན་ནོ། །དང༌། བསྟན་བཅོས་འདི་དག་གིས་གསུང་རབ་མཐའ་དག་གི་དགོངས་པ་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པས་གཏན་ཚིཊ་རིག་པར་བྱེད་ཅིང༌། ཞེས་དང༌། སྔགས་རིམ་ཆེན་མོར་ཡང༌། དེས་ན་སྡེ་བདུན་ལ་སོགས་རིགས་པའི་བསྟན་བཅོས་རྣམས་ནི། རང་གི་སྟོན་པ་སངས་རྒྱས་དང༌། དེའི་བསྟན་པ་ལུང་རྟོགས་གཉིས་དང༌། དེ་དག་ཚུལ་བཞིན་ཉམས་སུ་ལེན་པ་ལ་ཚིག་ཙམ་མིན་པའི་གུས་པ་ཆེན་པོ་སྐྱེད་པའི་ཐབས་མཆོག་ཏུ་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །
རྒྱལ་ཚབ་ཆོས་རྗེའི་ཚད་མ་མདོའི་རྣམ་བཤད་དུ་ཡང༌། ཚད་མར་གྱུར་བའི་སྟོན་དང་བསྟན་པ་མཆོག །དངོས་པོ་སྟོབས་ཤུགས་རིགས་པས་སྒྲུབ་པའི་ཚུལ། །གསུང་རབ་རྒྱ་མཚོར་ལྟ་བའི་མིག་གཅིག་པུ། །ཚད་མ་ཞེས་དང༌། སྡེ་
བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་དུ། ཚད་མའི་བསྟན་བཅོས་འདི་དག་ཀྱང་བླང་དོར་གྱི་གནས་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཞེས་དང༌། རྗེ་དགེ་འདུན་གྲུབ་ཀྱི་རིགས་རྒྱན་ལས། རིགས་པའི་བསྟན་བཅོས་འདི་དག་གིས་ཀྱང་ལུང་དང་རྟོགས་པས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོན་མེད་པ་དང༌། དེ་སྟོན་པའི་སྟོན་པ་ཚད་མའི་སྐྱེས་བུ་དང༌། བསྟན་པའི་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པའི་དགེ་འདུན་རྣམས་སྐྱོན་མེད་པར་རིགས་པས་གཏན་ལ་འབེབས་པ་ཡིན་པས་དེ་ལྟར་རྟོགས་པ་ནི། རིགས་པའི་བསྟན་བཅོས་ཉིད་འདི་དག་གི་དགོངས་པ་ཡིན་ནོ།།
དེས་ན་ཚད་མ་རིག་པ་ལེགས་པར་ཤེས་དགོས་ཤིང༌། དེ་ལ་ཡང་སྟོན་པ་ཐུབ་པའི་དབང་བོས་བཀའ་བསྩལ་བའི་ཚད་མ་རིག་པ་ཤེས་དགོས། དེ་ཤེས་པ་ལ་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་གཞུང་རྣམས་ལེགས་པར་ཤེས་དགོས། དེའི་ནང་ནས་ཀྱང་རྒྱལ་བའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དགཽངས་དོན་ལེགས་པར་ཤེས་པ་གལ་ཆེ་སྟེ། ༧ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དུ་དགོན་ལུང་བྱམས་གླིང་གི་ཁྲིར་བཞུགས་ཉིན་ཞལ་ནས། ངེད་རང་ཚད་མ་རྣམ་འགྲེལ་འདི་ལ་ཤིན་ཏུ་མོས་པ་ཞིག་ཡོད་ཅིང༌། ཆོས་སྡེ་ཞིག་ཏུ་རྣམ་འགྲེལ་གྱི་འཆད་ཉན་ཅིག་འཛུགས་རྒྱུ་བྱུང་ན་བསམ་པ་སྔ་མོ་ནས་ཡོད་ཀྱང་འཛུགས་སྟབས་མ་འགྲིག ད་རེས་ངེད་རང་ཆོས་སྡེ་འདི་ཉིད་ཀྱི་ཁྲི་ལ་སྡོད་པ་དང་སྟབས་གཅིག་ཏུ་རྣམ་འགྲེལ་གྱི་འཆད་ཉན་ཅིག་བཙུགས་ན་ལེགས།ཞེས་དང༌། ཡང་དེ་ཉིད་ལས། རྣམ་འགྲེལ་གྱི་འཆད་ཉན་ནི་དེང་སང་བར་དུ་མ་ཉམས་པར་གནས་སོ། །ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་རང་གི་སྟོན་པ་དང༌། དེའི་བསྟན་པ་ལ་སྙིང་ཐག་པ་ནས་དད་པ་གཏིང་ཚུགས་པ་ཞིག་མ་སྐྱེས་པར་སྐྱབས་འགྲོ་རྣམ་དག་ཙམ་ཡང་འབྱུང་དཀའ་ལ། དད་པ་ཡང་རིགས་པ་ཡང་དག་ལ་བརྟེན་ནས་མ་སྐྱེས་ན་རྐྱེན་ཐེག་དཀའ་ཞིང༌། རིགས་པའི་ལམ་ནས་དྲངས་པའི་དད་པ་གཏིང་ཚུགས་པ་བཅོས་མ་མ་ཡིན་པ་སྐྱེ་བ་ལ༑ ཚད་མ་རྣམ་འགྲེལ་ལས་རང་གི་སྟོན་པ་གྲོལ་བ་དོན་གཉེར་ལ་ཚད་མ་ཡིན་ཚུལ་དང༌། དེས་བསྟན་པའི་བདེན་བཞིའི་བླང་དོར་རྣམས་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཚུལ་གཏན་པ་ཕབ་པ་རྣམས་ཤེས་པ་ལ་རག་ལས་པས། རྗེ་བླ་མ་ཉིད་ཀྱིས་རྣམ་འགྲེལ་གྱི་འཆད་ཉན་བསྟན་པའི་རྩ་བར་དགོངས་ནས་ནན་ཏན་ཆེན་པོ་མཛད་པ་འདི་ལ་ཆོས་ཀྱི་གནད་ཤེས་པ་རྣམས་ཀྱིས་བརྟཊ་ན་བསྟན་པའི་བྱ་བ་ཆེན་པོ་ཞིག་ཡིན་པ་ཤེས་ཏེ། བླ་མ་དམ་པའི་མཛད་པ་འདི་ལྟ་བུ་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་དང་ཡིད་རངས་པ་དབང་མེད་དུ་འབྱུང་བར་འགྱུར་རོ། །ཞེས་གནད་ཅན་གྱི་གདམས་པ་གནངས་སོ། །
གསུམ་པ། རྩོད་པའི་རྣམ་བཞག་བཤད་པ།
ད་ནི་རྩོད་པའི་རྣམ་བཞག་བཤད་པ་ལ་རྩོད་པའི་གང་ཟག་དང༌། རྩོད་པའི་དུས། ཇི་ལྟར་རྩོད་པའི་ཚུལ། རྩོད་པའི་འབྲས་བུའོ། །རྩོད་པའི་གང་ཟག་སྔ་རྒོལ་གྱི་རྣམ་བཞག་བཤད་པ་ལ་རྟགས་གསལ་གཏོང་བར་བྱེད་པའི་གང་ཟག་དེ་སྔ་རྒོལ་གྱི་མཚན་ཉིད་དང༌། སྔ་རྒོལ་དེ་ལ་དབྱེ་ན་སྔ་རྒོལ་ཡང་དག་དང་སྔ་རྒོལ་ལྟར་སྣང་གཉིས་ལས། རང་གིས་འཕངས་པའི་རྟགས་གསལ་ལ་བརྟེན་ནས་སྐབས་ཀྱི་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་ཚད་
མ་དང་དོན་འགྱུར་གྱི་ཐེ་ཚོམ་ཅི་རིགས་སྐྱེད་པར་བྱེད་ནུས་པའི་གང་ཟག་དེ་སྔ་རྒོལ་ཡང་དག་གི་མཚན་ཉིད། དེ་ལྟར་སྐྱེད་པར་བྱེད་མི་ནུས་པའི་གང་ཟག་དེ་སྔ་རྒོལ་ལྟར་སྣང་གི་མཚན་ཉིད། དོན་ནི་རང་གིས་འཕངས་པའི་རྟཊ་གསལ་དེ་རིགས་པ་ཡང་དག་དང་མི་ལྡན་པས་གཞན་གྱིས་སུན་འབྱིན་ནུས་པའོ། །དེ་ལྟར་ན་སྔ་རྒོལ་གྱིས་དམ་བཅའ་བ་ལ་མི་འོས་པའི་སྒྲུབ་བྱེད་དང་རྟགས་གསལ་གཏོང་བ་དང༌། སྐབས་སུུ་མ་བབས་པའི་གཞུང་ལས་སྒྲུབ་བྱེད་གཏོང་བ། ཁས་བླངས་པའི་དོན་ལ་རྟགས་མི་འགོད་པ། ཤེས་འདོད་མེད་པའི་བཞད་གད་དང་ཚིག་འཁྱལ་སོགས་ཀྱིས་སྒྲུབ་བྱེད་གཏོང་བ་ལ་རྣམ་པ་ཀུན་ཏུ་སྤངས་བྱ་གཙོ་བོའོ། །དེ་ནས་ཕྱི་རྒོལ་གྱི་རྣམ་བཞག་ནི་ཁས་ལེན་འཛིན་པར་བྱེད་པ་དེ་ཕྱི་རྒོལ་གྱི་མཚན་ཉིད། དེ་ལ་ཡང་ཕྱི་རྒོལ་ཡང་དག་དང་ལྟར་སྣང་གཉིས་ལས། རང་ལ་འཕངས་པའི་རྟགས་གསལ་ལ་བརྟེན་ནས་རང་གི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་ཚད་མ་དང་དོན་འགྱུར་གྱི་ཐེ་ཚོམ་ཅི་རིགས་སྐྱེ་འགྱུར་གྱི་གང་ཟག་དེ་ཕྱི་རྒོལ་ཡང་དག་གི་མཚན་ཉིད། རང་ལ་འཕངས་པའི་རྟགས་གསལ་ལ་ལན་དོན་མཐུན་འདེབས་ནུས་པའི་རིགས་སུ་གནས་པའི་གང་ཟག་དེ་ཕྱི་རྒོལ་ལྟར་སྣང་གི་མཚན་ཉིད་ལ་འཇོག་པ་སོགས་དཔྱད་རྒྱུ་མང་ཙམ་སྣང་ཡང་གཙོ་བོ་རང་གི་ཡིག་ཆའི་གཞུང་བཞིན་བྱ་རྒྱུ་གལ་ཆེ། ཕྱི་རྒོལ་གྱི་སྤངས་བྱ་གཙོ་བོ་ལ་ཡིག་ཆ་དང་རིགས་ལམ་མི་མཐུན་པའི་ཁས་ལེན་སྐྱོང་བ། སྐབས་དོན་ལ་མི་ཉན་པར་ངག་འཆལ་སྣ་ཚོགས་བཤད་པ། གྲོང་ཚིག་དང་འདྲེས་པའི་ལན་རྒྱག་པ་ཚ་འཁོར་གསུམ་ལ་འཛེམས་ནས་གཡོ་སྒྱུ་སྣ་ཚོགས་བྱེད་པ་སོགས་ཡིན་ལ་ཅུང་ཟད་རྒྱས་པར་བཤད་དགོས་པ་ངག་འཆལ་གྱི་སྐོར་ལ་༧རྗེ་ཞྭ་དམར་པནྚིཏའི་ལམ་རིམ་ལས། དེས་ན་འཛམ་གླིང་སྤྱི་བཤད་དང་གེ་སར་སྒྲུང་སོགས་སྨྲ་བ་དང༌། ནང་བའི་གཞུང་ཡིན་ཡང་སངས་རྒྱས་ཀྱི་དགོངས་པ་ལོག་པར་བཤད་པ་རྣམས་ཀློག་པ་དང༌། ཚེ་འདིའི་འཚོ་ཐབས་ཁོ་ན་དོན་གཉེར་གྱི་བསམ་པས་ཞི་རྒྱས་དབང་དྲག་བཞིའི་སྔགས་བཟླ་བ་ལ་སོགས་པ་ངག་ཀྱལ་དུ་འགྱུར་བ་དང༌། རྣམ་བཤད་རིགས་པར་རྙེད་བཀུར་དོན་གཉེར་གྱིས་ཆོས་སྨྲ་བའང་ངག་ཀྱལ་དུ་གསུངས། ཡང༌། ངག་ཀྱལ་འདི་ངོས་ཟིན་པ་དཀའ་ཞིང་འབྱུང་ཉེ་བ་དང༌། མི་ཚེ་སྟོང་ཟད་དུ་གཏོང་པའི་ཐབས་སྡུག་ཤོས་ཡིན་པས་དགག་ཅི་ཐུབ་བྱ། ཞེས་གསུངས་པ་ལ་དཔགས་ནས་རང་རྒྱུད་ལ་དཔྱད་པ་གཏོང་དགོས་པར་སྣང༌། གལ་ཏེ་རྩོད་པ་བྱེད་པའི་སྐབས་དཔང་པོ་ངེས་པར་དུ་ཡོད་དགོས་ཏེ། རྒྱ་གར་འཕགས་པའི་ཡུལ་གྱི་རྩོད་པའི་མཆོག་གྱུར་སློབ་དཔོན་ཆོས་ཀྱི་གྲགས་པས་ཕྱི་ནང་གི་གྲུབ་མཐའི་གནད་ཐམས་ཅད་ལེགས་པར་ཤེས་ཏེ། མཁས་པ་ཡོད་ན་རྩད་དོ་ཞེས་དྲིལ་བསྒྲགས་ཀྱང་ཕལ་ཆེར་ཡུལ་གཞན་དུ་བྲོས། རྩོད་པ་བྱས་པ་རྣམས་ཆོས་ཀྱིས་ཚར་བཅད་ནས་ཆོས་ཀྱི་ལམ་ལ་བཀོད་པས། མུ་སྟེགས་རིགས་ལ་སྒྲ་ཚད་མཁས། །རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །ངྷརྨ་ཀིརྟི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པས་སྙན་པའི་གྲགས་པ་མཐར་བཞིར་ཁྱབ། ཡུལ་དེའི་རྒྱལ་པོ་ཆེན་པོས་གདན་དྲངས་ནས་སྦྱིན་བདག་མཛད་དེ་རབ་ཏུ་བྱེད་པ་སྡེ་བདུན་བརྩམས་ཤིང་མཇུག་ཏུ་རྣམ་འགྲེལ་གྱི་ལེའུ་དང་པོ་རང་འགྲེལ་དང་བཅས་པ་མཛད་དོ། །དེའི་སྐབས་སུ་རྒྱ་གར་མཁས་པ་སུ་ཞིག་གིས་བསྟན་བཅོས་ཞིག་བརྩམས་ཚེ་རྒྱལ་པོ་དང་ལོ་པཎ་ཐམས་ཅད་གྱིས་སངས་རྒྱས་ཀྱི་དགོངས་པའི་མདོ་སྡེ་དང་མཐུན་མི་མཐུན་བརྟག་པ་བྱས་ནས་བཟང་ན་སྟེགས་མཐོན་པོར་བཞག་ནས་ཁྲོམ་བསྒྲགས་བྱེད་པ་དང་སངས་རྒྱས་ཀྱི་དགོངས་པའི་ལུང་དང་མ་མཐུན་ཚེ་ཁྱི་སོགས་ཀྱི་མཇུག་ལ་བཏགས་ནས་འཕྱ་དམོད་བྱེད་ཅིང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་དག་ཐེར་མཛད་པའི་སྲོལ་ཡོད་པ་བཞིན། ཁོང་གི་བསྟན་བཅོས་རྣམས་གྲྭ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་སོ། །ལ་ལས་ཤེས་ཀྱང་ཕྲག་དོག་བྱས་ནས་རྒྱལ་པོ་ལ་ཉེས་སོ་ཞེས་བསྒྲགས་ཏེ་ཁྱི་མཇུག་ལ་བཏགས་པས། སློབ་དཔོན་ན་རེ།ཁྱི་གྲོང་དང་སྲང་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་ཀྱང་དར་བར་འགྱུར་རོ་གསུངས། དེར་མ་ཟད། རང་རེ་བོད་གངས་ཅན་གྱི་ལྗོངས་སུ་ཧྭ་ཤང་གི་བསྟན་དྲི་མ་ཅན་བསྟན་བཅོས་ལ་ཆོས་བྱ་མི་དགོས་ཉལ་བས་ཆོག་ཅེས་སྟོན་པ༑ བསམ་གཏན་ཉལ་བའི་འཁོར་ལོ། མདོ་སྡེ་དགོངས་པ་ངེས་འགྲེལ་རང་གི་ལྟ་སྤྱོད་དང་འགལ་བར་མཐོང་ནས་རྡཽག་པས་དྲིལ་བ་སོགས་ཀྱི་དྲི་མས་ཁྱབ་པར་བྱས་ཚེ་སློབ་དཔོན་ཀ་མ་ལ་ཤཱི་ལས་ལེགས་པར་བཀག་ཅིང་དེའི་སྐབས་སུ་ཡང་བཙན་པོ་གོང་ལ་བཞུགས་ནས་དཔང་པོ་དང༌། ཧྭ་ཤང་གཡས་གྲལ་དུ་བྱས། སློབ་དཔོན་གཡོན་གྲལ་དུ་བྱས་ནས་རྩོད་པའི་སྐབས་སུ་ཡང་རྒྱལ་པོས་དཔང་བོ་མཛད་ནས་ལྟ་སྤྱོད་རྣམ་པར་དག་པ་གཏན་ལ་ཕབ་ཐུབ་པ་བྱུང་ཡོད་པ་དང༌། ལར་རང་རེ་གྲྭ་སར་འདི་ལུགས་ཤིན་ཏུ་དར་ཡང་གལ་ཆེ་བར་མཐོང་ནས་འབྲི་བའི་ངལ་བ་སྤངས་སོ། །
རྩོད་པའི་དཔང་པོའི་མཚན་ཉིད་ནི་སྔ་རྒོལ་ཕྱི་རྒོལ་གྱི་རྒྱལ་ཕམ་མམ་ལཻགས་ཉེས་ཤན་འབྱེད་པའི་གྲལ་དུ་ཞུགས་པའི་གང་ཟག་ཡིན་ལ། དེ་ལ་ཡང༌། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོ་བཅས་ལས། བློ་གཟུ་བོར་གནས་པའི་སྒོ་ནས་ལེགས་ཉེས་སོ་སོར་ཤན་འབྱེད་པ་ནི་དང་པོའི་མཚན་ཉིད་དང༌། བློ་གཟུ་བོར་གནས་པའི་སྒོ་ནས་ལེགས་ཉེས་ཤན་མི་འབྱེད་པར་དེ་དག་མ་འཁྲུགས་པར་སོ་སོར་བརྗོད་པའི་གང་ཟག་ནི་གཉིས་པའི་མཚན་ཉིད་དང༌། དེ་དག་གི་ནང་ནས་ལེགས་པ་ལ་གཟེངས་བསྟོད་པ་དང༌། ཉེས་པ་ལ་སྨད་པའི་སྒོ་ནས་གྲུབ་མཐའ་འདོར་དུ་འཇུག་ཅིང་ཞེན་པས་མི་འདོད་ན་ཡུལ་ནས་སྐྲོད་པ་ལ་སོགས་པའི་གང་ཟག་ནི་གསུམ་པའི་མཚན་ཉིད་དོ། །འོ་ན་དཔང་བོའི་སྤངས་བྱ་གཙོ་བོ་ཅི་ཡོད་ཞེ་ན། རྩོད་པའི་མཇུག་ཏུ་བདེན་རྫུན་ཤན་མི་འབྱེད་པ། རྒྱལ་ཕམ་ཕྱིན་ཅི་ལོག་ཏུ་ཤན་འབྱེད་པ། རྩོད་པ་མཐར་མ་ཕྱིན་པར་ཤན་འབྱེད་པ་རྣམས་ཡིན་པ་ཤེས་དགོས་སོ།།
སྔ་རྒོལ་ཕྱི་རྒོལ་གྱིས་ཐུགས་ཉམས་བཞེས་པའི་གལ་ཆེན་འགའ་ཅུང་ཟད་བཤད་ན། མདོ་ལས། ཆོས་འདོད་པ་རྣམས་ལ་རྣམ་པར་གཡེང་བར་བྱེད་པ་ནི་ཚིག་ཀྱལ་བ་རྣམས་ཀྱི་ནང་ན་ཆེན་པོ་ཡིན་ནོ་ཞེས་དང༌། མདོ་སྡེ་ཏིང་ངེ་འཛིན་རྒྱལ་པོར། གང་གིས་ཛམྦུའི་གླིང་འདི་ནི། །མཆོད་རྟེན་ཐམས་ཅད་བཤིགས་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །སོགས་གསུངས་པ་དང༌། སྐབས་འདིའི་དགོངས་པ་ནི་ངག་འཆལ་སྣ་ཚོགས་སྨྲས་ཏེ་གཞན་གྱིས་ཆོས་སྨྲ་བ་བར་ཆད་བྱས་ན་ཉེས་པར་འགྱུར་བ་ཡིན་ནོ། །རྒྱལ་ཚབ་དར་མས་རྗེ་བླ་མའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་པོ་ལས་ཀྱང༌། དེའང་འཁོར་བ་འཇུག་ལྡོག་ཉིད་ལ་བསྐོར་ནས་ཉན་པ་སོགས་དེའི་ཐབས་སུ་ཇི་ལྟར་འགྱུར་བ་སོགས་ལ་འབད་པར་བྱ་ཡི་ཁ་ཤགས་འགྱེད་པ་ཙམ་གྱི་ཆེད་དུ་མི་བྱ་སྟེ་རང་ཡང་ཉམས་པར་འགྱུར་ཞིང་གཞན་ཡང་བསྟན་བཅོས་ལ་གུས་པ་སྐྱེ་བའི་གེགས་བྱེད་པའི་ཕྱིར་རོ་དང༌། ཐར་ལམ་གསལ་བྱེད་ལས། རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་ན་སྙམ་པས་ཐོས་པ་དང་བསམ་པ་དང་སྒོམ་པ་སོགས་ལ་འཇུག་པར་བྱ་ཡི། གཞན་དང་ཁ་ཤགས་འབྱེད་པ་ཙམ་དང༌། རྙེད་པ་དང་བཀུར་སྟི་དང༌། གས་པ་ཅི་ཙམ་ཐོབ་ན་སྙམ་དུ་མི་བྱ་སྟེ། གཞན་དུ་ན་དེ་ཉེད་ཤེས་རབ་འཆལ་བའི་རྒྱུར་འགྱུར་ཞིང༌། ཆོས་ལ་བརྟེན་པའི་སྡིག་ཁམ་པོ་ཆེ་གསོག་པས་མཁས་པ་སྔ་མ་དག་གསུངས་པ་ལྟར། བཟུང་ན་ཚིག་མི་ཟིན། བསམ་ན་དོན་མི་གོ བསྒོམ་ན་རྒྱུད་ལ་མི་སྐྱེ་བས་བློ་གྲོས་དང་ལྡན་པ་དག་གིས་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ་གསུངས་པ་དང༌། མཁས་གྲུབ་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ཡང་སྡེ་སྣོད་འདི་ལྟ་བུ་ལ་ཐོས་བསམ་སྒོམ་པས་འཇུག་པ་ན་ཡང༌། རང་གཞན་གྱི་འཁོར་བ་འཇུག་ལྡོག་གི་རིམ་པ་ཇི་ལྟ་བུ་སྙམ་དུ་དཔྱོད་པའི་བློས་མཉན་པ་དང་བསམ་པ་སོགས་ལ་འབད་པར་བྱ་ཡི། རང་གི་ཟླ་བོ་འགའ་ཞིག་དང་ཁ་ཤགས་འབྱེད་པ་ཙམ་
གྱི་ཆེད་དུ་དམིགས་ཏེ་ཞུགས་ན་རང་ཡང་ཉམས་པར་འགྱུར་ཞིང༌། གཞན་ཡང་བསྟན་བཅོས་ལ་མ་གུས་པའི་རྒྱུར་འགྱུར་བས་ཤེས་ལྡན་དག་གིས་རང་གི་བློ་སྐྱོན་གྱིས་མཁས་པའི་ལེགས་བཤད་མ་རུང་བར་མ་བྱེད་ཅིག་ཅེས་གསུངས་པ་དང༌། ཐུབ་བསྟན་མཛེས་རྒྱན་དུ། ཟབ་པ་དང་རྒྱ་ཆེ་བའི་གཞུང་གང་ལ་ཡང་རྒྱལ་བའི་བཀའ་དང༌། རྒྱ་བོད་ཀྱི་དགོངས་འགྲེལ་ཚད་མར་གྱུར་བ་རྣམས་ལ་ཕྱོགས་རེར་མ་སོང་ཞིང༌། ཚིག་སྤྱི་ཙམ་དུ་མ་ལུས་པའི་ཐོས་བསམ་བྱེད་ཚུལ་རྗེ་བླ་མའི་རྣམ་ཐར་ལྟ་བུ་ལ་ཁ་མིག་ཡར་ལྟ་བྱེད་དགོས་པ་ལས། ཐད་ཀ་ཐད་ཀའི་སྤྱི་དོན་ཐལ་ཕྲེང་ཙམ་ལ་མགོ་འཁོར་བས་ནི་ཐོས་བསམ་མཐའ་ཆོད་པ་ཞིག་མི་འོང་ལ། ཐོས་དོན་སྒྲུབ་པའི་ཉམས་ལེན་ཡང་དེ་དང་འདྲ་བར་ལམ་ཆོད་ཅི་ཡང་མི་འབྱུང་པས་ན། སྙིང་ནས་ཐུབ་པའི་བསྟན་པ་ལ་སློབ་པར་འདོད་པ་རྣམས་ཀྱིས་གཞུང་ཆེན་མོ་རྣམས་གདམས་པར་ཤར་བའི་ཐོས་བསམ་སྒོམ་གསུམ་སྐྱ་སྒྲིལ་བ་གཏན་བདེའི་རྩ་བ་ཚུགས་ངེས་ཤིག་གི་སྒོ་ནས་བསྟན་པ་ལ་སློབ་ཚུལ་མ་འཁྲུགས་པ་གལ་ཆེ་བར་སྣང་ངོ༌། །གསུངས།
དེ་ལྟར་རྩོད་པའི་སྔོན་འགྲོ་ཙམ་ཁོང་དུ་ཆུད་པར་བྱས་རྗེས་རྩོད་པ་བྱེད་དགོས། རྩོད་པ་བྱེད་སྐབས་སུ་རང་གཞན་གྱི་བློ་ལེགས་པར་མ་སྦྱངས་པ་དང༌། དཔང་བོ་མཁས་པ་མེད་པ། ཕ་རོལ་པོ་སྡང་སེམས་ཅན་བཅས་ལ་ནི་
རྩོད་པའི་དུས་མིན་ལ། དེ་དག་དང་བྲལ་ན་རྩོད་པའི་གྲུབ་མཐའ་རྣམ་པ་གསུམ་གྱི་རྩོད་པ་སྟེ། ཡོད་པ་ལ་མེད་པར་འཛིན་པའི་སྐུར་འདེབས་དང༌། མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས། ཡོད་མེད་ཇི་ལྟ་བ་བཞིན་དུ་འཛིན་པའི་དབུ་མ་བའཽ། །རིགས་པའི་རྩལ་བསྐྱེད་པ་དང་རྩོད་པའི་རིག་པ་སྣ་ཚོགས་འཕེལ་བའི་ཆེད་དུ་ཚོགས་ལང་གི་མགོ་ཚུགས་སྐབས་འཛིན་གྲྭ་བགོས་ནས་འཛིན་གྲྭ་གཅིག་པ་རྣམས་རེས་མོས་ཀྱིས་དམ་བཅའ་དང༌། རྟགས་གསལ་གཏོང་མཁན་གྱིས་འཛིན་གྲྭའི་དཀྱིལ་དུ་ལངས་ནས་གུས་འདུད་ཀྱི་རྣམ་པས་གཟན་སྐྱོར་ཕབ་ཅིང་ལག་པའི་ཐལ་མོ་གཅིག་རྡེབ་ནས་ཐལ་སྐད་གཏོང་བ།ཁྱབ་མཐའི་མགོ་བཟུང་ནས་རིམ་གྱི་གཟན་སྐེད་པར་དཀྲིས་ནས་ཁྱབ་མཐའ་འཕེན་པ་དང་ཆབས་ཅིག་ཐལ་མོ་རྡེབ་པ། གཡོན་རྐང་སར་བརྡབ་པ། ཕྲེང་བ་འཕྱར་བ། ཚ་རྒྱག་པ། འཁོར་གསུམ་བསྐོར་བ་སོགས་ཀྱིས་ཕྱི་རྒོལ་གྱི་ཁས་བླངས་ངན་པ་རྣམས་སུན་ཕྱུང་བར་བྱེད་པའི་རྩོད་པའི་རིགས་པ་སྣ་ཚོཊ་དང༌། ཕྱི་རྒོལ་གྱིས་ཀྱང་རང་གི་བློས་དཔྱད་དེ་གང་འོས་ཀྱི་ལན་གྱིས་སྔ་རྒོལ་རྟགས་གསལ་སོགས་ཀྱི་ཕོངས་བར་བྱེད་པ་དང༌། རྩོད་པའི་དུས་ཀྱི་རྣམ་འགྱུར་དང་དེའི་མཚོན་དོན། མཛེས་པ་དང་མི་མཛེས་པའི་རྒྱན་ཅུང་ཟད་འཆད་ན།
དེ་ནས་རྩོད་པའི་དངོས་གཞིའི་སྐབས་ལ་ཐོག་མར་རྟགས་གསལ་གཏོང་མཁན་དེ་ཡར་བཞེངས་ནས་ཕྱག་གཡས་པས་ཟླ་གམ་གྱི་གོང་བ་ནས་བཟུང་སྟེ་གཡས་ཕྱོགས་ནས་ཕུད་དེ་རང་བཞུགས་སར་སུམ་ལྟེབ་བྱས་ཏེ་མགོ་ཕྱིར་སྟོན་དང་ནང་སྟོན་གྱི་སྐབས་སོ་སོར་ཡོད་པ་ལྟར་འཇོག དེ་ནས་གུས་འདུད་ཀྱི་རྣམ་པས་གཟན་སྐྱོར་ཕབ་ཅིང་དབུ་ཞྭ་བཞེས་ཏེ་དབུ་ཅུང་ཟད་ནང་དུ་སྒུར་ནས་ཕྲེང་བ་ཉིས་ཁུག་བྱས་ཏེ་ཕྱག་གཡོན་པའི་མཐེ་བོང་དང་བཅས་པའི་སྐེར་བསྐོན་པའི་འཕྲོར་མཐེ་བོང་གིས་ཕྲེང་བ་ཡར་འཕངས་ཏེ་ཐལ་མོ་ཐུགས་ཀར་བརྡབས་ནས། དྷཱིཿཇི་ལྟར་ཆོས་འཆད་ན་བརྗོད་ནས་ཐལ་སྐད་གཏོང་དགོས། ༧མཁས་པའི་དབང་པོ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རང་རྣམ་བདེན་གཏམ་རྣ་བའི་བདུད་རྩི་ལས། ཀློག་གི་སློབ་དཔོན་རྗེ་ངག་དབང་ཆོས་འཛིན་དཔལ་བཟང་བོའི་དྲུང་ནས་རྭ་བསྡུས་གྲྭའི་ཁ་དོག་དཀར་དམར་གྱི་རང་ལུགས་དང་རྟགས་གསལ་གྱི་འགྲོ་ལུགས་མཛུབ་མོ་རི་སྟོན་ཙམ་གྱི་ངོ་ཁྲིད་ཞུས།རང་ལུགས་ཐད་ཀྱི་རྩ་བའི་ཁ་དོག་བཞི་དང་ཡན་ལག་གི་ཁ་དོག་བརྒྱད་སོགས་དང་རོའི་སྐྱེ་འཆེད་སྐབས་ཀྱི་ཞལ་ཟས་རོ་བརྒྱ་བ་བཅས་ཀྱི་རྣམ་གྲངས་བློ་ནས་རྩི་ཐུབ་པ་བྱུང༌། འདི་དུས་ཐལ་སྐད་གཏོང་ཚུལ། ཕྲེང་བ་སྙིམ་པར་བཟུང་ནས་འཁོར་གསུམ་བསྐོར་ལུགས། གཟན་སྐེད་པར་དཀྲིས་ལུགས། ཕྲེང་བ་སྐེད་ལ་འཕེན་ཚུལ་རྣམས་ཀྱང་དམར་ཁྲིད་དུ་མཛད། དེ་ཡང་ཐལ་སྐད་གཏོང་དུས་རང་དགར་ཀི་བཏབ་པ་ཙམ་མ་ཡིན་པར། དྷཱིཿཆོས་ཇི་ལྟར་ཆོས་ཅན། ཞེས་པའི་དྷཱིཿནི་ཤེས་རབ་ཀྱི་ལྷ་འཇམ་དབྱངས་ཀྱི་ས་བོན་གདངས་མཐོན་པོར་བོས་པ་དང༌། ཕྱིས་སུ་རིག་མཐོང་ལྟར་ན། ཇི་ལྟར་ཆོས་འཆད་ན། ཞེས་པ་དང༌། ཇི་ལྟར་ཆོས་འཇལ་ན། ཞེས་བྲིས་པ་འདི་ཡོད། ཐལ་མོ་བརྡེབས་མཐར་གཡོན་པའི་ཐལ་མོ་ཐུར་དུ་སྦུབས་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་དང༌། གཡས་པའི་ཐལ་མོ་གྱེན་དུ་ཕྱོགས་པས་སྐྱེ་འགྲོ་ཐར་བར་འདྲེན་པ་མཚོན་པ་དང༌། རྐང་བས་རྡིག་སྒྲ་བཏོན་པས་ཕས་རྒོལ་ཟིལ་གྱིས་གནོན་པའི་རྣམ་འགྱུར་གྱི་གོ་དོན་སྟོན་པ་སོགས་ཡང་རྣ་བར་བབས་ཞེས་དང༌། ཡོངས་འཛིན་རིན་པོ་ཆེས་གནང་བའི་གསུང་འཕྲི་ཞིག་ཏུ་འདི་ལྟར། དང་པོ་བསྡུས་གྲྭ་ལ་བྱང་པོ་ཞིག་མ་ཡོང་སྟབས་གཞུང་ཆེན་ལ་མཁྱེན་རབ་ཆེ་ཚོད་ཀྱི་ཡིད་ཚིམ་པ་ཞིག་མ་བྱུང་མོད། ད་མ་བསྐྱུར་བར་རེམས་དང་མདོ་སྔགས་ཀུན་ལ་སྐད་ཆ་བྱང་བོ་ཞིག་ཡོང་ངེས། ཚོ་འདུ་ཚང་གོ་བ་ཆུང་པས་གཞུང་གོ་མཁན་ཞིག་
ཡོང་རྒྱུ་མ་རེད་སྙམ་མོད་ཀྱང༌། ད་ལོ་ཧ་ཅང་དོན་གཉེར་དང་སྡུག་རུས་བཅའ་བས་ད་རྟགས་གསལ་ལེགས་པོ་ཆགས་ཤིང་གཞུང་སྐད་གོ་བའི་མགོ་བཙུགས་པས་ངེད་ཀྱང་དགའ་ནས་ཡོད། རོང་བོའི་བླ་མ་ཡིན་པས་མཐར་ཕྱིན་ཅི་ཤེས་འདི་ལ་ལྟོས་ནས་ཧ་བོ་ཁྱོད་ཀྱང་རྟགས་གསལ་འདི་ཚོད་ཅིག་ཆགས་ཡོད་ན་སྙམ་པ་རྒྱུན་དུ་འཆར་གསུངས་པ་དང༌། སྤྱིར་འཛམ་གླིང་མཁས་པའི་གཙུག་རྒྱན་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་གྱི་རིགས་ལམ་ནས་འོངས་པ། བོད་ཀྱི་མཁས་པའི་དབང་ཕྱུག་ཆ་བ་ཆོས་ཀྱི་སེངྒེས་སྔོན་མེད་ལེགས་པར་སྲོལ་ཕྱེ་བའི་བསྡུས་སྦྱོར་གྱི་རིག་གཞུང་སྔ་རྒོལ་ཕྱི་རྒོལ་བྱས་ནས་རྩོད་པས་བརྡར་ཤ་གཅོད་པའི་ལམ་སྲོལ་རྨད་དུ་བྱུང་བ་འདི་དཔྱིས་ཕྱིན་པར་སྦྱོང་བ་ལ་ཐོག་མར་སློབ་དཔོན་མཁས་པའི་དྲུང་ནས་ཁྲིད། དེ་ནས་ཁྱབ་སྐོར་རེ་རེ་བཞིན་བློར་བཅུག་སྟེ་རང་གི་རང་ལ་རྒོལ་ཕྱི་རྒོལ་གྱི་ཚུལ་དུ་རྟགས་གསལ་འཕངས་ནས་རྒྱལ་ཕམ་ཅི་འགྱུར་ལ་གཏུགས། དེ་ནས་གྲོགས་རིགས་པ་སྨྲ་བ་རྣམས་དང་ལོ་ཟླ་ཁོར་ཡུག་གི་ཡུན་ལ་སེངྒེ་སྲབ་མེད་དུ་འཕྱོ་བའི་ཚུལ་གྱིས་ཀུ་ཤུའི་རྩེ་ལྟར་མ་འདྲེས་པའི་ཚིག་གི་ཞིབ་ཆ་ཕྲ་མོ་དང་བཅས་རྩོད་པས་བརྡར་ཤ་བཅད་པ་ལ་བརྟེན་ནས། མཐར་མཁས་པའི་བྱ་བ་རྣམ་གསུམ་གྱི་ནང་ནས་ཕས་རྒོལ་གྱི་ལོག་ལྟ་རྩད་ནས་འཇོམས་པའི་མཚོན་ཆ་རྩོད་པའི་ཤེས་རབ་ཅེས་བྱ་བ་ཟབ་གསལ་མྱུར་བའི་ཁྱད་ཆོས་དང་ལྡན་པའི་ཡོན་ཏན་དེ་རང་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན་གྱི། དེ་ལྟར་མ་ཡིན་པར་བསྡུས་གཞུང་བཀླགས་པ་ཙམ་དང༌། རྩོད་གྲྭར་ཞུགས་པ་ཙམ་གྱིས་རིགས་པའི་གནད་ཟབ་པ་ཁྱབ་པ་སྒོ་བརྒྱད་དང༌། རང་ལུགས་དང་ཆ་བའི་རྫས་ལྡོག་རྣམས་ལྟ་ཅི། ཐ་ན་ཤེས་བྱ་ཆོས་
ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར་ཞེས་པའི་སྟེང་ནས་ཀ་བ་དང་བུམ་པ་རེ་རེ་ནས་གཅིག་ཡིན་ཡང་ཀ་བུམ་གཉིས་གཅིག་མ་ཡིན་པ་དང༌། ཀ་བུམ་གཉིས་ཀ་བུམ་གཉིས་དང་གཅིག་ཡིན་པ་ལས། ཀ་བུམ་གཉིས་ཀ་བུམ་གཉིས་མ་ཡིན་པ་དང༌། ཀ་བུམ་གཉིས་དང་གཅིག་ཀ་བུམ་གཉིས་དང་གཅིག་དང་གཅིག་ཡིན་པ་ལས་ཀ་བུམ་གཉིས་དང་གཅིག་ཀ་བུམ་གཉིས་དང་གཅིག་མ་ཡིན་པ་སོགས་ཀྱི་ཞིབ་ཆ་ཙམ་ཡང་ཤེས་པའི་གནས་མེད་དོ༑ ༑དེའི་ཕྱིར་ཁམས་ཀརྨ་སུ་ཏི་བསྟན་པའི་ཉིན་བྱེད་ཅེས་བྱ་བ་དུས་ཐོག་དེར་ཐུན་མོང་བའི་རིག་གནས་ལ་མཁས་པའི་གྲགས་སྙན་ཧ་ཅང་རྒྱས་པ་ཞིག་ཡིན་ན་ཡང༌། ཁོང་བའི་རང་རྣམ་དུ་གསལ་བ་ལྟར་བསྡུས་སྦྱོར་རྩི་བའི་རིགས་ལམ་ལ་གཞན་མགོ་སྐོར་བའི་བསླུ་ཐབས་སུ་བལྟས་ནས་མཐར་རང་ཉིད་ཀྱིས་རི་བོང་རྭ་ཤེས་བྱ་ཡིན་པར་ཁས་བླངས་པ་ལྟ་བུས་ཞབས་འདྲེན་ཆེན་པོ་མཛད་འདུག་པ་ལ་དཔགས་ན་དཔལ་ལྡན་ཆོས་ཀྱི་གྲགས་པའི་རིགས་ལམ་གྱི་སྒོ་ཐེམ་དུ་ཡང་མ་སླེབས་པར་སྣང་ངོ༌། །ཞེས་མཁས་པའི་དབང་པོ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རང་རྣམ་ལས་ཇི་བཞིན་བཤུས་པ་ཡིན་ལ།
ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་ཀྱང༌། བསྡུས་གྲྭའི་རྩ་ཚིག་ལས་འདི་ལྟར་གསུངས་ཏེ། གང་ཞིག་བསྡུས་སྦྱོར་གྲུ་ཆེན་ནས། །གཞུང་བཟང་ནོར་བུའི་གླིང་བགྲོད་ལ། །ཐབས་འདི་སྐྱ་བ་ལྟར་གཅེས་པས། །དེད་དཔོན་བདག་གིས་སྦྱིན་པར་བྱ། །ཞེས་དང༌། འདི་འདྲའི་ཕྲ་མཛངས་རིགས་པ་ལ། །ཡུལ་དུས་དབང་གིས་སྦྱང་མཁན་དཀོན། །འོན་ཀྱང་ཁོ་བོའི་རྗེས་འཇུག་རྣམས། །ཕྱོགས་རེས་མ་ཚིམ་ཀུན་ལ་སྦྱོངས། །ཞེས་དང༌། འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང༌། །རིགས་བདག་བློ་གྲོས་རྣམ་རྒྱལ་གྱིས། །བདག་བློའི་རིགས་པའི་སྒོ་ཕྱེ་བས། །སྐལ་ལྡན་རྒྱ་མཚོས་ཆོས་འདི་བརྩི། །དགེ་བའི་རིགས་ལམ་རྒྱས་གྱུར་ཅིག །ཅེས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་དོན་གྱི་ནོར་བུ་ལོན་པ་ལ་རིགས་པའི་ལམ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་གལ་ཆེ་བར་མཐོང་ནས་ཡབ་རྗེ་རང་ཉིད་ཀྱིས་བསྡུས་གྲྭའི་རྩ་ཚིག་བརྩམ་པའི་དགེ་བ་ཡང་རིགས་ལམ་ལ་བློ་རྒྱས་པའི་ཆེད་དུ་བསྔོ་བར་མཛད་པ་ཡིན་ནོ། །
ཐལ་སྐད་བཏང་རྗེས་ཐལ་སྐད་གཏོང་བ་དང་དེའི་སྐབས་སུ་ཕྱག་གཡོན་པའི་ཁ་ཐུར་དང་གཡས་པའི་ཁ་ཡར་བསྟན་ནས་བཏེགས་ཏེ་རྣ་བའི་ཐད་ཙམ་ནས་ཁ་ཐུར་གཅིག་གཏད་ནས་དབུ་ཞྭ་བླངས་ཏེ་ཟླ་གམ་གྱི་པང་དུ་འཇོག དེ་ནས་ཁྱབ་མཐའི་མགོ་བཟུང་ནས་རིམ་པས་གཟན་སྐེད་པར་དཀྲིས་ཏེ་རྟགས་གསལ་འཕེན་པ། རྐང་བ་གཡོན་པ་ཡར་བཏེགས་ཏེ་ས་ལ་རྡེབ་པ། ཐལ་མོ་ཐུགས་ཀར་རྡེབ་པ་གསུམ་ཆབས་ཅིག་ཏུ་བྱ་ཞིང༌། རྐང་བ་གཡས་པ་འགྲོ་སྐབས་མ་གཏོགས་རྒྱུན་པར་ས་ལ་འཛུགས། ཕྱག་གཡས་པས་ཕྲེང་བ་ཡར་འདྲེན་པ་དང༌། ལག་པ་གཉིས་ཀྱིས་ཕྱག་རྒྱ་ཕྱོགས་སུ་བསྐྱོད་ནས་ནང་དུ་བསྐུམ་དགོས་ཤིང༌། ཐལ་མོ་རྡེབ་པའི་སྐབས་ཀུན་ཏུ་ཡང་ཕྱག་གཡས་གྱེན་དུ་འཕྱར་པ་དང༌། གཡོན་ཁུ་ཚུར་ཕྲག་གོང་དུ་བཏེགས་པ་རེ་བྱེད་དགོས་ཤིང༌།རང་སོ་སོའི་ཡིག་ཆ་དང་མི་མཐུན་པ་ཅུང་ཟད་སྣང་ཡང་ཕལ་ཆེ་བ་འདི་དང་མི་མཐུན་པ་མེད། མཁས་པ་ལ་འཇུག་པའི་སྒོ་རྩ་འགྲེལ་ལས། རང་གཞན་གཉིས་ཀའི་རིགས་པའི་གཞུང་ལུགས་ལ་མཁས་པ་ཞིག་གིས་ཕན་ཚུན་རྩོད་པ་བྱེད་པའི་ཚེ། ཁས་ལེན་བཟུང་པ་པོ་སྔ་མས་རང་གི་འདོད་པ་གསལ་བོར་བརྗོད་པ་དང༌། རང་གི་འདོད་པ་མ་ཡིན་པ་མི་བརྗོད། དེ་ལ་རྩོད་པ་འགོད་མཁན་གྱིས་སྐྱོན་ཡིན་པའི་ཕྱོགས་བརྗོད་པ་ལས་སྐྱོན་མ་ཡིན་པའི་ཕྱོགས་མི་བརྗོད་པ་དང༌། དྲི་བ་འགོད་པའི་ཚེ་ཡང་དོན་གཅིག་དམིགས་སུ་བཀར་ནས་འདྲི་བ་ལས་དོན་མང་པོ་མཉམ་དུ་མི་འདྲི། དྲི་བ་འགོད་པ་དང་ལན་འདེབས་པ༑ སྐྱོན་བརྗོད་པ་གང་གི་སྐབས་སུ་ཡང་གཞན་ཕྱོགས་ལ་སྨྲ་འབེབས་ཀྱི་ཚིག་མི་བརྗོད་པ། ལུས་ངག་གི་རྣམ་འགྱུར་དྲང་པོའི་སྒོ་ནས་གཞན་ཕྱོགས་ཟིལ་གྱིས་མི་གནོན་པ། ཚིག་མྱུར་བུལ་རན་པའི་སྒོ་ནས་ཉན་པ་པོས་གོ་བདེ་བ༑ སྐབས་སུ་བབས་པའི་གནད་དོན་ལ་གཡོལ་ཐབས་མི་བྱེད་པ། ཕ་རོལ་པོས་ཁས་མི་ལེན་པའི་ལུང་དང་གཏན་ཚིགས་གཞན་ལ་བཙན་འགེལ་མི་བྱེད་པ། ཕ་རོལ་པོ་ལ་གོ་བ་སྐྱེད་པའི་གཏན་ཚིགས་གཞན་ལ་བཙན་འགེལ་མི་བྱེད་པ། རིགས་པ་རྣོ་ཞིང་ཟབ་པ། ཕ་རོལ་པོས་ཁས་ལེན་པའི་མཐུན་དཔེ་དང་མི་མཐུན་པའི་དཔེ་འགོད་རྒྱུ་ཡོད་པ། ཕ་རོལ་པོ་རང་ཉིད་ཀྱིས་ཁས་ལེན་པའི་ལུང་ཚད་མའི་དཔང་པོ་ཡོད་པ། ལན་འདེབས་པ་པོ་ཡང་མགོ་གཅིག་པའི་ལན་དང༌། རྣམ་པར་ཕྱེ་བའི་ལན་དང༌། དྲི་བ་བཀོད་པའི་ལན་དང༌། རེ་ཞིག་ལན་མི་གདབ་པར་འཇོག་པ་བཅས་ཀྱི་རྣམ་དབྱེ་ལ་མཁས་དགོས་པར་གསུངས།
སྤྱིར་རྩོད་པ་ནི་གཅིག་གིས་དོན་གནད་གལ་ཆེ་ཞིག་དྲི་བ་བཏོན་ནས་གཅིག་གིས་ལན་འདེབས་པ། དེ་ལ་ཅིག་ཤོས་ཀྱིས་དགག་པ་གཏོང་བ་སོགས་རིག་གཞུང་བགྲོ་གླེང་བྱེད་པ་ལ་ཟེར། བོད་དུ་མཚན་ཉིད་ཀྱི་གཞུང་ལ་རྩོད་པ་བྱེད་པའི་ལུགས་སྲོལ་འདི་རབ་བྱུང་དང་པོའི་ཆུ་གླང་ཕྱི་ལོ་༡༠༧༣ལོར་ཇོ་བོ་ཨ་ཏི་ཤའི་སློབ་མ་རྔོག་ལེགས་པའི་ཤེབ་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་དགོན་པ་བཏབ་ནས་དེའི་དབོན་པོ་བློ་ལྡན་ཤེས་རབ་ཀྱིས་མཚན་ཉིད་གཞུང་ལ་རྩོད་པ་བྱེད་ལུགས་འདི་ཐོར་མར་བཙུགས་པ་ཡིན། བསྡུས་གྲྭ་གསར་བཏོད་མཛད་པ་པོ་ནི་གསང་ཕུའི་གཏད་རབས་བདུན་པ་སློབ་དཔོན་ཆ་བ་ཆོས་ཀྱི་སེངྒེ་ཡིན་ལ། ཁོང་གིས་རང་གི་བློ་གྲོས་ཀྱི་རྩལ་ལས་གཞུང་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་དོན་གྱི་སྙིང་བོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ད་ལྟ་སློབ་གཉེར་བྱེད་བཞིན་པའི་བསྡུས་གྲྭ་འདི་བཏོན་པའོ། །
བཞི་བ། རྩོད་པའི་རྣམ་འགྱུར་གྱི་མཚོན་དོན་བཤད་པ།
དེ་ནས་རྩོད་པའི་རྣམ་འགྱུར་སོགས་ཀྱི་མཚོན་དོན་ནི། ཕྱག་གཡས་པས་ཟླ་གམ་གྱི་གོང་བ་ནས་བཟུང་སྟེ་གཡས་ཕྱོགས་ནས་ཕུད་པས་སྟོན་པའི་ན་བཟའ་ལ་མཐོང་ཆེན་དང་གུས་པ་བྱས་པར་མཚོན། སུམ་ལྟེབ་བྱས་པས་དེའི་ནང་དུ་རྐྱེན་ངན་སོགས་འཇུག་མི་ཐུབ་པར་མཚོན་ཏེ། མགོ་ནང་དུ་བསྟན་པས་གྲོགས་དགེ་འདུན་རྣམས་དང༌། ཕྱིར་བསྟན་པས་ཁྲི་བ་སོགས་ལ་གུས་པ་བྱས་པར་མཚོན་པ་དང༌། བརྩི་བཞག་སོགས་ཀྱི་སྐབས་སུ་ཡང་དེ་ལྟར་དང༌། སྐབས་གཞན་དུ་ནང་དུ་བསྟན་དགོས་པ་སོགས་ཀྱི་ཁྱད་པར་ཤེས་པར་བྱའོ། །ཟླ་གམ་ལ་ཡང་མཚོན་དོན་མང་སྟེ། སྐེད་པ་བཅད་པས་སྲིད་པའི་རྩ་བ་བཅད་པ་དང༌། སྟོད་ཀྱིས་སྨད་མནན་པས་དུག་གསུམ་གྱིས་མགོ་ནོན་པ་དང༌། སྟོད་སྨད་ཕྱི་ནང་གོ་ལྡོག་པས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། སྲིད་ཞིའི་མཐའ་སྤངས་པར་མཚོན། གོང་བ་ལ་པད་མའི་དབྱིབས་བྱས་པ་སོགས་ཀྱིས་ཇི་ལྟར་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ལྟར། དེ་གྱོན་པ་པོ་འཁོར་བའི་གནས་སུ་སྐྱེས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པར་ཚུལ་ཁྲིམས་རྣམ་པར་དག་པའི་མེ་ཏོག་གི་དྲི་བསུང་ཕྱོགས་བཅུར་འཐུལ་བར་མཚོན་པ་ཡིན་ནོ། །གུས་འདུད་ཀྱི་རྣམ་པས་གཟན་སྐྱོར་ཕབ་པས་འགྲོ་བ་སཻམས་ཅན་ཐམས་ཅད་ངན་སོང་གི་གནས་ནས་འདྲེན་པར་བྱ་བའི་ཆེད་དུ་མཆོག་གསུམ་དགེ་འདུན་དང་བཅས་པ་ལ་གསོལ་བ་བཏབ་པར་མཚོན་པ་ཡིན་ནོ། །དབུ་ཞྭ་བཞེས་པས་རང་གིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཟུང་སྟེ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་ནུས་པའི་རྟེན་འབྲེལ་འགྲིཊ་པ་མཚོན་ཞིང༌། ཞྭ་སེར་འདི་འཆང་བའི་དགོས་པ་ནི་བོད་ཀྱི་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པར། སླར་འདུལ་བའི་བསྟན་པའི་མེ་རོ་གསོ་བར་མཛད་པའི་སེམས་དཔའ་ཆེན་པོ་བླ་ཆེན་དགོངས་པ་རབ་གསལ་གྱིས་དབུ་ཞྭ་སེར་པོ་བཞེས་པར་མཛད་པས་བསྟན་པ་གསོ་བའི་རྟེན་འབྲེལ་དུ་གསུངས་ཤིང༌། བླ་ཆེན་གྱིས་འདུལ་འཛིན་ཆེན་པོ་ཀླུ་མེས་བོད་དུ་འབྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་འདི་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་པར་བརྟེན་ནས་གངས་ལྗོངས་ཀྱི་ཚད་མའི་སྟོན་པ་ཆེན་པོ་རྗེ་བླ་མས་ཀྱང་བསྟན་པའི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་གཙོ་བོ་འདུལ་བའི་བསྟན་པ་བོད་དུ་ཉམས་པ་གཞི་ནས་གསོས་པའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་དང་མཐུན་པར་སེར་པོ་བཞེས་ཤིང༌།དེ་ལ་བརྟེན་ནས་རྗེའི་རང་ལུགས་འཛིན་མཁན་རྣམས་ཀྱིས་ཀྱང་དེ་བཞིན་མཛད་པ་ཡིན་པས་རྟེན་འབྲེལ་དང་དགོས་པ་ཆེན་པོ་ཡོད་དོ། །དབུ་ཞྭ་སེར་པོ་བཞེས་ལུགས་འདིའི་སྐོར་ལ་ད་དུང་གསུང་ཚུལ་ཞིག་ཡོད་ཀྱང་ད་ཕན་དཔེ་ཆ་ལག་ཏུ་མ་བྱུང་བས་རེ་ཞིག་བཞག
དབུ་ཞྭ་ལ་པཎ་ཞྭ་སྣེ་རིང་དང་སྣེ་ཐུང་གཉིས་ལས་པཎ་ཞྭ་སྣེ་རིང་ནི་པནྚི་ཏའི་ཞྭ་ཡིན་ལ། དེ་ཡང་སྔོན་རྒྱ་གར་དུ་རྒྱན་དྲུག་མཆོག་གཉིས་བྱོན་ནས་གཤེགས་པའི་རྗེས་སུ་མུ་སྟེགས་ཀྱི་རྩོད་པས་ནང་པའི་ཆོས་བསྣུབས་སྐབས་མཁའ་འགྲོ་མ་ཞིག་གིས་ཞྭ་ཚེར་མ་འདྲ་བ་གྱོན་ན་མུ་སྟེགས་ཀྱི་རྩོད་པ་བཟློགས་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་ལུང་བསྟན་པ་ལྟར་མཛད་པས་སངས་རྒྱས་ཀྱི་བསྟན་པ་དར་བར་རྒྱ་གར་ཆོས་འབྱུང་དུ་གསུངས་སོ། །དེའི་མཚོན་དོན།ཀི་རྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས། ཞྭའི་རྩེ་མོ་རྣོ་ཞིང་མཐོ་བས་ལྟ་བ་རྟོགས་ཤིང་ས་མཐོན་པོར་གནས་པ་དང༌། ཁ་དོག་གསེར་མདོག་གིས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་གསུམ་གྱིས་དག་པའི་རང་ལུགས་འཁྲུལ་བ་དང་བྲལ་བ། རྩེ་མོ་ནང་དུ་ཅུང་ཟད་གུག་པས་ཁེངས་པའི་དྲི་མ་མེད་པ་སོགས་མཚོན་པར་གསུངས་སོ། །པཎ་ཞྭ་སྣེ་ཐུང་ནི་དེང་སང་ལ་ལར་པཎ་ཞྭར་གྲགས་པ་དང༌། ལ་ལར་པཎ་ཆེན་སྒོམ་ཞྭའམ་སྒོམ་ཞུ་ཞེས་གྲགས་པ་སྟེ། སྔོན་གཙང་བ་སྡེ་སྲིད་ཀརྨ་བསྟན་སྐྱོང་པས་དགེ་ལྡན་པ་ལ་ངན་བྱེད་དུ་བསམས་ཏེ་རྩེ་དགུ་ནི་རི་དགུའི་འོག་ཏུ་མནན་པ་དང༌། མཐའ་ཐམས་ཅད་དམར་པོས་བཏུམས་ནས་བསྐོར་བས་ཞྭ་དམར་པས་མཐའ་ནས་རིམ་གྱིས་བསྐོར་ཏེ། དགེ་ལྡན་མེད་པར་མཚོན་པའི་མོས་པ་ངན་པ་བྱས་ཏེ། ༧པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་དད་མདོག་གིས་ཕུལ་བར་པཎ་ཆེན་ཐམས་ཅད་མཁྱེན་པས་དེ་མ་ཐག་དབུ་ལ་བཞེས་ཏེ། སྤྱི་ཐུབ་བསྟན་ཡུན་རིང་གནས་པ་དང༌། །སྒོས་ཞྭ་སེར་ཅོད་པན་འཆང་བ་ཡི། །དཔལ་མཉམ་མེད་རི་བོ་དགེ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཅེས་ཐུགས་སྨོན་དང་བཅས་པ་མཛད་པས་དགེ་ལྡན་པའི་བསྟན་པ་སྤྱི་དང༌། ཁྱད་པར་དགེ་ལྡན་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་དར་ཞིང་རྒྱས་པར་གྱུར། རྩེ་དགུས་གསུང་རབ་ཡན་ལག་དགུ་དང༌། ཞྭ་མཐའ་དམར་པོས་བསྐོར་བས་གཞན་ལུགས་པ་རྣམས་
ལྕགས་རི་ལྟ་བུ་དང༌། རྗེ་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་བསྟན་པའི་སྙིང་པོ་ཡིན་པར་མཚོན་སོང་བས་རྟེན་འབྲེལ་རྨད་དུ་བྱུང་བ་འགྲིཊ་པ་ཡིན་ནོ། །དེ་ཡང་འཇིགས་བྱེད་ཀྱི་ཞལ་དགུ་དང་རྭ་གཉིས་མཚོན་ཟེར་བ་ཡང་ཡོད། རྩོད་པའི་སྐབས་མགོ་ཅུང་ཟད་ནང་དུ་སྒུར་བས་བསྐལ་བ་བྱེ་བའི་བར་དུ་མཚན་ཙམ་ཡང་ཐོབ་པར་དཀའ་བའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་རིན་པོ་ཆེ་ལ་ཅི་དགར་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་བླ་མའི་བཀའ་དྲིན་དུ་ངོ་ཤེས་པ་དང༌། ཕྲེང་བ་ཉིས་ཁུག་བྱས་ཏེ་ཕྱག་གཡོན་པའི་མཐེ་མོང་དང་བཅས་པའི་སྐེར་བསྐོན་པས་བདག་དང་བཅས་པའི་སེམས་ཅན་ཐམས་ཅད་འཁོར་བ་གཅོང་རོང་གི་གནས་སུ་བདག་འཛིན་གྱིས་བཅིངས་པ་དང༌། མཐེ་བོང་གིས་ཕྲེང་བ་ཡར་འཕངས་པས་རང་གིས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ཤིང་དགེ་བའི་བཤེས་གཉེན་གཙུག་ཏུ་བཀུར་ནས་ཐོས་བསམ་སྒོམ་གསུམ་སོགས་དགེ་སྒྲུབ་ཅི་ནུས་བྱས་པའི་མཐུས་མ་རྒན་སེམས་ཅན་ཐམས་ཅད་འཁོར་བར་འཆིང་བྱེད་ཀྱི་བདག་འཛིན་ལས་གྲོལ་སོང་བ་དང༌། ཐལ་མོ་ཐུགས་ཀར་བརྡབས་པས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཁྱོད་རང་རྣམས་མ་གཡེངས་བར་ཉོན་དང་ངས་ཐར་ལམ་སྟོན་པར་བྱའོ་ཞེས་བརྡ་བརྒྱབ་པར་མཚོན། ཀ་ཡེ་ཇི་ལྟར་ཆོས་འཆད་ཅེས་རྣམ་དབྱེ་བརྒྱད་པའི་སྒྲ་སྦྱར་བས་ཕྱི་རྒོལ་ཆོས་ཟླར་འབོད་པའམ་ཉན་པར་བསྐུལ་བ་དང༌། ཇི་ལྟར་ཆོས་འཆད་ཅེས་པས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་ཚུལ་ལམ་ཐོབ་བྱེད་ཕྱིན་ཅི་མ་ལོག་པར་འདི་ལྟར་འཆད་དོ་ཞེས་བསྐུལ་བར་མཚོན། དྷཱིཞེས་མི་ཤེས་པ་དང་མ་རིག་པའི་གཉེན་པོ་བཞིན་ལག་གི་རྣམ་པར་ཤར་བ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྙིང་བོ་བརྗོད་པས་རང་རྒྱུད་ལ་བྱིན་རླབས་འཇུག་པའོ། །
ཕྱག་གཡོན་པའི་ཁ་ཐུར་དུ་གཏད་པས་སེམས་ཅན་ངན་འགྲོར་སྐྱེ་བའི་སྒོ་བཅད་པ་དང༌། ཕྱག་གཡས་པའི་ཁ་ཡར་བསྟན་ནས་བཏེགས་པས་སྔར་ངན་འགྲོར་སྐྱེས་ཟིན་གྱི་སེམས་ཅན་ཐམས་ཅད་ཐར་ལམ་ལ་འདྲེན་པ་དང་དབུ་ཞྭ་བླངས་པ་དང་གཟན་སྐེད་པར་དཀྲིས་པས་སྤྱིར་འཆི་བ་མི་རྟག་པ་ཡིན་ཀྱང་ད་དུང་མ་ཤི་བར་སྐལ་བཟང་འདི་འདྲ་ཐོབ་ཚེ་དམ་པའི་ཆོས་ལ་སྒྲོ་འདོགས་གཅཽད་པར་སྤྲོ་ཞིང་བྲེལ་ཆེ་བས་གཟན་སོགས་གྱོན་ནས་དལ་གྱིས་བཞུགས་འདུག་ཁོམ་མེད་པར་མཚོན། རྐང་བ་གཡོན་པ་ཡར་བཏེགས་པས་སྔ་རྒོལ་སོགས་ཐར་ལམ་བསྙེགས་པ་དང༌། ས་ལ་བརྡབས་པ་དང་ཐལ་མོ་བརྡབས་པས་ཕས་རྒོལ་ཐམས་ཅད་ཀྱི་ཀླད་པ་འགེམས་པ་དང༌། ཕྱག་གཡས་གྱེན་དུ་འཕྱར་བས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རལ་གྲི་དང༌། གཡོན་ཁུ་ཚུར་ཕྲག་གོང་དུ་བཏགས་པས་ཕྱག་མཚན་གླེཊ་བམ་མཚོན་པ་ཡིན། དེ་ཡང་བཀའ་གདམས་གླེགས་བམ་གྱི་བུ་ཆོས་ལས། རྐང་གཡས་ས་ལ་རབ་བསྣུན་པས། །ངན་སོང་ཡོང་ཡེ་ཡོད་མ་གྱུར། །གཡོན་པ་ཅུང་ཟད་གྱེན་བཏེགས་པས། །ཐམས་ཅད་ང་དང་ལྷན་ཅིག་ཏུ། །ཐར་བའི་གནས་སུ་ཕྱིན་པར་ཤོག །ཕྱག་རྒྱ་ཕྱོགས་སུ་རབ་བསྐྱོད་པས། །བཀྲ་ཤིས་ཕྱོགས་མཐར་རྒྱས་པར་ཤོག །ཕྱག་རྒྱ་ནང་དུ་རབ་ཏུ་བསྐུམས་པས། །དཔལ་འབྱོར་གཡང་དུ་འདུ་བར་ཤོག །ཞེས་གསུངས་སོ༑ ༑དེ་ན་བློ་གྲོས་དང་ལྡན་པ་དག ངེས་པར་ཚད་མའི་གཞུང་ལ་འཇུག་རིགས་ཏེ་རྣམ་འགྱུར་ལ་ཡང་དེ་འདྲའི་དགེ་བ་རྒྱ་ཆེ་ན་གཞུང་དངོས་ལ་ཐོས་བསམ་བྱས་པར་ཅི་ཙམ། ཞི་ཞིང་དུལ་བ་ཡིན་ཁུལ་གྱིས་རྩོད་པའི་རྣམ་འགྱུར་སོགས་ཕྱོགས་གང་ཐད་ནས་ཞུམ་ཞུམ་མཛད་ཁུལ་བྱས་པ་རྩོད་པའི་ཁྱད་ཆོས་མི་ལྡན་པས་དགོས་པ་མེད་དོ། །
ལྔ་བ། མཇུག་བསྡུ་བ།
རྩོད་པའི་རྒྱུ་དང་རྩོད་པའི་འབྲས་བུ་སོགས་བཤད་ནས་མཇུག་བསྡུ་བ་ལ༑ རྩོད་པའི་རྒྱུ་གསུམ་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་དང༌། སྒྲ་ཚད་ལ་བློ་སྦྱངས་པ་དང༌། རང་གཞན་གྱི་གཞུང་ལུགས་ལ་བློ་སྦྱངས་པའོ། །ཀི་རྟིས་
མཛད་པའི་རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་ལས། སྐྱེས་པས་ཐོབ་པའི་ཤེས་རབ་ཆེ་བ་དང༌། །སྒྲ་དང་ཚད་མ་དག་ལ་སྦྱངས་པ་དང༌། །རང་གཞན་གཞུང་ལ་ལེགས་པར་སྦྱངས་པ་རྣམས། །རྩོད་ལ་མཁས་པའི་རྒྱུ་གསུམ་ཡིན་པར་བཤད། །ཞེས་འབྱུང་ངོ༌། །རྩོད་པའི་བསམ་པ་བཤད་པ་ལ། ཕ་རོལ་པོ་ལ་དམའ་ཕབ་བར་འདོད་པའི་ཞེ་སྡང་དང༌། །རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང༌། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་རྩོད་
པའི་བསམ་པ་ཐ་ཤལ་དང༌། རང་གིས་རྟོགས་པར་འདོད་པའི་གུས་པ་དང༌། གཞན་གྱི་ལོག་རྟོག་སེལ་བར་འདོད་པའི་སྙིང་རྗེ་དང་ཕ་རོལ་པོ་ལ་ཟབ་མོའི་དོན་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུན་སུམ་ཚོགས་པའོ། །
རྩོད་པ་མཛེས་པའི་རྒྱན་བདུན་བཤད་པ་ལ། བཞིན་གྱི་མདངས་གསལ་བ༑ ངག་སྙན་ཞིང་འཇམ་པ། ཕ་རོལ་ལ་དམའ་འབེབས་པའི་ཚིག་མདའ་མི་འཕེན་པ། ལུང་རིགས་གསལ་ལ་རྣོ་བ་དང༌། སྒྱིད་ལུག་དང་ང་རྒྱལ་མེད་
པ༑ རིགས་ལམ་འདོར་བའི་གཡོ་སྒྱུ་དང་ཆགས་སྡང་མེད་པ། རང་གཞན་གྱི་དོན་དང་བསྟན་པ་ལ་གཅེས་པར་འཛིན་པ་བཅས་སོ། །
རྩོད་པའི་འབྲས་བུ་བཤད་པ་ལ་རྩོད་པའི་འབྲས་བུ་ལ་དབྱེ་ན་མ་དག་པའི་རྩོད་པའི་འབྲས་བུ་དང་རྣམ་པར་དག་པའི་རྩོད་པའི་འབྲས་བུ་གཉིས་ཡོད། རང་ཉིད་ཉོན་མོངས་པས་ཡིད་དཀྲུགས་པ་དང༌། སྐྱེ་བོ་བརྒྱ་ཕྲག་མང་པོས་སྨོད་པར་བྱེད་པ། ཚེ་རབས་གཞན་དུ་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བ་སྟེ། མ་དག་པའི་འབྲས་བུ་གསུམ་དང༌། རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ་དང༌། སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པ་དང༌། བསྟན་པ་སྲུང་པའི་ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་བ་སྟེ་དག་པའི་འབྲས་བུ་གསུམ་མོ། །
རྩོད་པའི་དཔེ་དྲུག་བཤད་པ་ལ། རྟབ་པའི་ཚིག་དགྲ་བོས་ཉེ་བར་གཏུཊ་པ་ལྟ་བུ་དང༌། བཞིན་འགྱུར་པའི་མདོག་མཚོན་ཆ་ཁ་ཕྱེ་བ་ལྟ་བུ་དང༌། ང་རོ་མི་སྙན་པ་ཤ་ཟས་ཐེབས་པ་ལྟ་བུ་བཅས་ངན་པའི་དཔེ་གསུམ་དང༌། རང་དང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང༌། སུན་འབྱིན་པའི་རླུང་གིས་མི་གཡོ་བ་ལྷུན་པོ་ལྟ་བུ་དང༌། ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུ་བཅས་དག་པའི་དཔེ་གསུམ་མོ།།
སྨྲས་པ།
གངས་ཅན་རྒྱལ་བསྟན་ཕྱོགས་བརྒྱར་སྤེལ་བ་དང༌། །
གངས་ཅན་རིག་པའི་འོད་སྣང་རྒྱས་པའི་ཕྱིར། །
གངས་ཅན་དགེ་སྦྱོང་དམ་པའི་གཟུགས་བརྙན་དེས། །
གངས་ཅན་མཁས་པའི་ཚོགས་ལ་སྐྱེས་སུ་ཕུལ། །
དེའི་ཡན་ཆད་ཀྱིས་ཚད་མ་རིག་པའི་དགེ་མཚན་དང་རྩོད་ཚུལ་སོགས་ཀྱི་ཁྱད་ཆོས་བརྗོད་ཟིན་པ་ལྟར། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ཚད་མ་རིག་པ་འདི་ཡང་རྒྱབ་རྟེན་མེད་པའི་གཞུང་ལུགས་དང༌། མན་ངག་མེད་པའི་འཆད་ཉན། དགེ་བ་མེད་པའི་སྡང་སྡུག་སྟོན་པ་ཙམ་མ་ཡིན་པར་རང་གི་མཁས་པས་གསར་བཏོད་ཀྱི་ཁྱད་ཆོས་ལྡན་ཞིང༌། ཆོས་རྒྱུན་སངས་རྒྱས་ལ་གཏུགས་པ༑ བརྗོད་བྱ་ཕུན་སུམ་ཚོགས་པས་ཐར་བ་དོན་གཉེར་སྟོན་པ། རྗོད་ཚིག་ཟབ་ཅིང་བརླིང་བས་རིག་པའི་འཕྲུལ་རྩལ་མྱུར་བ། མཁས་པས་བརྟགས་ན་དགའ་བའི་རོ་ཉམས་མྱོང་བ། བླུན་པོས་མཐོང་ན་སྨོན་པའི་གནས་སུ་གྱུར་བ་སོགས་ཁྱད་པར་གྱི་ཆོས་དང་ལྡན་པ་དང༌། བློ་རབ་འབྲིང་ཐ་གསུམ་ལ་རྨད་དུ་བྱུང་བའི་ལེགས་ལམ་ཅིག་སྟོན་པ་ལགས་སོ་ཞེས་སྐབས་དོན་རེ་ཞིག་མཇུག་བསྡུས་པ་ལགས།
ཆེད་རྩོམ་འདི《བསྡུས་གྲྭར་འཇུག་བྱེད་གསེར་གྱི་ལྡེ་མིག་》དང༌།《སྡེ་བདུན་རྒྱན》《ལྕང་སྐྱའི་རྣམ་ཐར་》《ཨ་རོལ་རིན་པོ་ཆེའི་གསུང་འབུམ་》《རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་
དང་པོ་》《ཚད་མའི་རིགས་རྒྱན་》《གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན་》《རྗེའི་ཚད་མའི་ལམ་བསྒྲིགས་》《རྒྱལ་ཚབ་ཆོས་རྗེའི་ཚད་མ་མདོའི་རྣམ་བཤད་》《མཁས་འཇུག་》སོགས་གངས་ཅན་བོད་ཀྱི་མཁས་པའི་ཁྱུ་མཆོག་དག་གི་ལེགས་བཤད་ཀྱིས་སྤུད་ཏེ་སྤྱི་ལོ་༢༠༠༥ལོའི་སྟོན་ཀར་རེབ་གོང་རོང་བོ་དགོན་ཆེན་ནང་བསྟན་སློབ་གླིང་དུ་རིག་གནས་འཆད་ཁྲིད་དགེ་རྒན་དུ་བསྡད་པའི་སྐབས་སུ་འགོ་བརྩམས་ཏེ་བསྟན་བཅོས་མང་པོ་ལ་གཟིགས་རྟོག་དང་།སྒོས་སུ་བཤེས་གཉེན་རིན་པོ་ཆེ་མཚན་ཡོངས་སུ་གྲགས་པ་མཛོད་ཚང་བློ་བཟང་བརྩོན་འགྲུས་ཞེས་སམ་མཛོད་དགེ་བཤེས་ཞེས་ཡོངས་སུ་གྲགས་སྤྱན་སྔ་ནས་སྐྱབས་ཁྲིད་ནས་དབུ་བཙུགས་ཏེ་དཔེ་ཁྲིད་ཀྱི་བཀའ་དྲིན་བསྐྱངས་སྐབས་ཀྱི་བརྗེད་ཐོ་དག་ཕྱོགས་བསྒྲིགས་ཀྱིས་ཐོག་མའི་རྩོམ་གདན་གྲུབ་རྗེས་བཤེས་གཉེན་དམ་ལྕང་སྐྱ་དགེ་འདུན་བཀྲ་ཤིས་མཆོག་ལ་གཟིགས་འབུལ་ཞུས་པར་དགྱེས་གཟིགས་ཆེན་པོ་གནང་བྱུང་བ་དང་།དེའི་ཕྱིས་སྤྱི་ལོ་༢༠༠༧ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲར་ནང་དོན་དང་ཚད་མའི་དགེ་རྒན་གྱི་ལས་ཀ་གཙོ་བོར་བྱེད་སྐབས་དགེ་གྲོགས་མང་པོ་ནས་བོད་ཀྱི་ཚད་མ་རིག་པ་དང་དེའི་ཁྱད་ཆོས་དམིགས་སུ་བཀར་ནས་བརྗོད་པ་འབྲི་ཐུབ་ན་ཡག་པོ་འདུག་པའི་གསུང་སྐུལ་བྱུང་བ་དང་བསྟུན་སྔོན་གྱི་མ་ཡིག་ལ་ཡང་བསྐྱར་འཕྲི་སྣོན་དང་བཅས་མདོ་ཁམས་རིག་པའི་འབྱུང་གནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སྦྱར་བ་དགེ། སརྦ་མངྒ་ལཾ།། །།
རྩོམ་ཁུངས། ངེད་དྲ་བ།