དཔལ་ཇོ་ནང་བའི་གཞན་སྟོང་གི་ལྟ་བའི་ཁུངས་ཀྱི་ཕྲན་དཔྱད།

རྨེ་རུ་ཕག་མོ་ཚེ་བརྟན།༼ ཉི་ཧོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-09-12

  དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་ལ། ཀླ་ཀློའི་མི་རིགས་ཀྱི་བཙན་འཛུལ་འོག་འཛམ་གླིང་ན་འོད་སྟོང་འབར་བའི་ཤེས་རིག་གི་བསྟི་གནས་དཔལ་ནཱ་ལེན་དྲ་རྡུལ་ཏུ་བརླག་ཅིང་། དེར་གནས་ཀྱི་པཎ་ཆེན་དག་གིས་འཁྱམས་པོའི་བརྟུལ་ཞུགས་དང་དུ་བླངས་པ་ནས་བཟུང་ནང་ཆོས་དེ་རིམ་བཞིན་རྒྱ་གར་ནས་རྩ་མེད་དུ་གྱུར་ཚུལ་ནི་ཆག་ལོའི་ལམ་ཡིག་སོགས་སུ་གསལ་བས་འདིར་བསྐྱར་བརྗོད་ཀྱི་ངལ་བ་ནི་བསྟེན་པར་མི་བྱའོ།། དུས་དེ་ནས་བཟུང་སྟེ་དགེ་ཆོས་ལ་ཐུག་གི་བར་གྱི་ལོ་ངོ་བདུན་བརྒྱ་ལྷག་གི་རིང་ལ་བོད་དང་རྒྱ་གར་བར་ལ་རིག་གནས་ཀྱི་འབྲེལ་ཟམ་དེ་ཆད་ཟིན་པའང་དགེ་ཆོས་ཀྱིས། མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།། མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙཱ་བ།། ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློག་པ་ཞིག། ད་ལྟ་མ་ག་བརྡ་ན་མཆིས་སོ་སྐད།། ཅེས་གསུངས་ཡོད་པར་དཔག་ནའང་ངེས་ཤེས་ཅུང་ཟད་འདྲོངས་འོང་གི་རེད། ཡིན་ནའང་དགེ་ཆོས་ཀྱི་གསུངས་འདི་ལ་མཐའ་གཅིག་ཏུ་བདེན་ཁ་སྟེར་དཀའ་སྟེ། ཆག་ལོ་ནས་དགེ་ཆོས་བར་ལོ་ངོ་བརྒྱད་བརྒྱ་མ་ཡིན་པར་བདུན་བརྒྱ་ཏག་ཏག་ཡོད་པ་དང་གཅིག  ཆག་ལོ་ཆོས་རྗེ་དཔལ་གྱི་རྗེས་ནས་ཀྱང་རྗེ་བཙུན་སྒྲོལ་བའི་མགོན་པོ་དང་སི་ཏུ་རྒྱལ་བའི་འབྱུང་གནས་སོགས་བོད་ཀྱི་མཁས་དབང་རེ་གཉིས་ཤིག་རྒྱ་གར་དུ་ཕེབས་མྱོང་ཡོད་པ་དང་གཉིས།  པཎ་ཆེན་ར་ཧུ་ལ་སོགས་རྒྱ་གར་གྱི་མཁས་པ་རེ་གཉིས་ཀྱང་བོད་དུ་ཕེབས་པའི་དངོས་ཡོད་ཀྱི་ལོ་རྒྱུས་ཡོད་པ་དང་གསུམ་བཅས་ཀྱིས་བོད་དང་རྒྱ་གར་བར་ཀྱི་རིགས་གནས་ཀྱི་འབྲེལ་བ་དེའང་ཐགས་པ་གྲིས་བཅད་པ་བཞིན་ཆད་སོང་བ་ཞིག་ཀྱང་མིན་པ་འདྲ། ནང་ཆོས་རྩ་མེད་དུ་གྱུར་རྗེས་ཀྱི་རྒྱ་གར་གྱི་རྣམ་པ་དེ་རྐང་གླིང་སྐད་བརྡ་བསྒྱུར་བའི་རྒྱུས་མེད་ཀྱི་གྲོགས་པོ།། ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེ་མིག། སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ།། ཞེས་དགེ་ཆོས་ཀྱིས་བྷང་ག་ལར་སྦྱར་བའི་སྙན་ཚིག་ཤོ་ལོ་ཀ་འདིས་མཚོན་མི་ཐུབ་པ་ཞིག་ཀྱང་མིན་པར་འདོད་དོ། དེ་ལྟར་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང་པ་ཚབ་ཉི་མ་གྲགས་པ་སོགས་ཀྱི་བཀའ་བཀྲིན་ལ་བརྟེན་ནས་དབུ་མའི་འཆད་ཉན་བོད་ལ་རྒྱ་ཆེར་དར་ཞིང་། དེ་དང་བསྟུན་ནས་ཆད་མཐའ་དབུ་མ་དང་རྟག་མཐའ་དབུ་མ། མཐའ་བྲལ་དབུ་མ་བཅས་བོད་དར་དབུ་མའི་སྲོལ་ཀྱང་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་པར་མངོན་ནོ། ། 
  དུས་རབས་ཉེར་གཅིག་གི་དེང་གི་དུས་འདིར་ཕྱི་དང་ནང་པའི་སྟོན་པ་ཀུན་གྱི་ཕ་སར་གྱུར་ཅིང་། གཞུང་དང་རྒྱ་རབས་ཁྲི་ཕྲག་གི་བརྩམས་གཞིར་གྱུར་མྱོང་བའི་རྒྱ་གར་དེ་སློབ་མའི་ཚུལ་དུ་བཞུགས་འདུག་ཅེས་དེང་རབས་མཁས་པས་སྨྲ་བཞིན་པ་འདི་འང་ཕྱོགས་གང་ནས་བསམ་ཀྱང་རྒྱུ་མཚན་མེད་པ་ཞིག་མིན་པར་འཁུམས་སོ། ད་ནི་ཉག་ཉོག་གི་སྐད་ཆ་འདི་དག་རེ་ཞིག་བསྐྱུར་ནས་བརྗོད་བྱ་དངོས་སུ་འཇུག་པར་བྱ་བ་ལ།
  དེ་ཡང་ཐུའུ་བཀྭན་གྱིས་གཞན་སྟོང་གི་ལྟ་བའི་ཁུངས་ནི་ཡུ་མོ་མི་བསྐྱོད་རྡོ་རྗེ་ལས་བྱུང་ཞེས་དང་། ཇོ་ནང་གི་གྲུབ་མཐའི་རྩ་བའི་ཁོངས་ནི། ཡུ་མི་མི་བསྐྱོད་རྡོ་རྗེ་སྟེ། ཞེས་གསུངས་པ་ནས་མགོ་ཚུགས་ཏེ་ད་ལྟ་ལ་ཐུག་གི་བར་ང་ཚོས་ཡུ་མོ་མི་བསྐྱོད་རྡོ་རྗེ་ཁོང་གཞན་སྟོང་གི་ལྟ་བའི་སྲོལ་འབྱེད་དུ་བསྐོས་ནས་མི་ལོ་སྟོང་ཕྲག་ལྷག་ཕྱིན་པ་རེད། རྒྱ་གར་ཆོས་འབྱུང་ལས་གསུངས་པ་ལྟར། བོད་འདིར་ནི་དག་རུང་མི་དག་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣར་མི་འོང་ཞིང་། ཡིད་ལ་མི་བདེ་བ་ཞིག་དུ་སྣང་། ཞེས་གསུངས་པ་ལྟར་གནས་ལུགས་ཡོད་ཀྱང་མེད་ཀྱང་གྲགས་ཆེ་བའི་གཏམ་གྱི་རྗེས་སུ་གཡམ་རྒྱུགས་བྱེད་རྒྱུ་དེ་གནའ་ནས་ད་ལྟའི་བར་ང་ཚོའི་གཤིས་སུ་གྲུབ་ཡོད་པ་རེད། དེ་ན་སྐབས་འདིར་ཐུའུ་བཀྭན་གྱི་འདོད་པའི་ཇོ་ནང་བའི་གཞན་སྟོང་གི་ལྟ་བའི་ཁུངས་ལ་དོགས་སློང་གི་ཚུལ་གྱིས་འཇུག་པ་ལ།
  ཡུ་མོས་མཛད་པའི་བསྟན་བཅོས་ནི་ཟུང་འཇུག་གསལ་སྒྲོན་དང་འོད་གསལ་གསལ་སྒྲོན། སྟོང་ཉིད་གསལ་སྒྲོན་དང་ཕྱག་ཆེན་གསལ་སྒྲོན་བཅས་ཡོངས་གྲགས་སུ་གསལ་སྒྲོན་བཞི་དང་། སྦྱོར་དྲུག་སེམས་ཉིད་རང་གསལ་བཅས་ཡིན་ལ། གལ་ཏེ་ཐུའུ་བཀྭན་གྱིས་གསུངས་པ་ལྟར་གཞན་སྟོང་གི་ལྟ་བའི་ཁུངས་ནི་ཡུ་མོ་མི་བསྐྱོད་རྡོ་རྗེ་ཡིན་ན། དེའི་རྗེས་ཀྱི་ཇོ་ནང་བའི་མཁས་གྲུབ་རིམ་བྱོན་གྱིས་གཞན་སྟོང་གི་ལྟ་བ་འཆད་དུས་ཡུ་མོའི་གསལ་སྒྲོན་བཞི་དང་སྦྱོར་དྲུག་སེམས་ཉིད་རང་གསལ་བཅས་ནས་ལུང་ཚིག་གཅིག་ཀྱང་དྲངས་མེད་པར་ཅི་ལྟར་འགྲེལ། ཡང་གཅིག་བཤད་ན། ཇོ་ནང་ཏཱ་ར་ནཱ་ཐས་གཞན་སྟོང་སེང་གེའི་སྒྲས་ས་སྟེང་དུ་ཁྱབ་པར་མཛད་པ་པོ་ནི་ཀུན་མཁྱེན་ཆེན་པོ་དོལ་བུ་པ་ཤེས་རབ་རྒྱལ་མཚན་ཡིན་ནོ་ཞེས་གསལ་པ་ལས། ཡུ་མོའི་མིང་ཙམ་ཡང་མི་གསལ་བ་འདི་འང་དོགས་གཞི་ཆེན་པོ་ཞིག་ཏུ་ངེས་སོ། །
  སྤྱིར་ལྟ་བའི་ཁུངས་གཏུགས་ས་ཞེས་ན་ང་ཚོས་དབུ་མའི་ལྟ་གྲུབ་འཆད་པ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་ཤེས་ཐར་ས་མེད་པ་དེ་ལྟ་བུ་ཞིག་ཡིན་དགོས་མོད། འོན་ཀྱང་། གཞན་སྟོང་གི་ལྟ་བའི་ཁུངས་ནི་ཡུ་མོ་མི་བསྐྱོད་རྡོ་རྗེ་ཡིན་ཟེར་ཞོར་དུ་དེའི་བརྩམས་པའི་གཞུང་ལས་ལུང་ཚིག་ན་གཅིག་ཀྱང་མི་གསལ་བ་འདི་ངོ་མཚར་པའི་གནས་སུ་མི་འགྲོ་འམ། དེ་ན་ཡུ་མོ་མི་བསྐྱོད་རྡོ་རྗེ་ཕུད་དེ་གཞན་སྟོང་གི་ལྟ་བའི་ཁུངས་གཏུགས་ས་ཁྱོད་ལ་ཨེ་ཡོད་ཟེར་ན། དེ་ནི་ངེས་པར་ཡོད་དེ། དེ་ཡང་ཇོ་ནང་ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་བོ་ལས། དབུ་མ་ཆེན་པོ་ནི། བོད་དུ་གཞན་སྟོང་དུ་གྲགས་པ་རྣམ་རིག་གི་དབུ་མ་སྟེ། རྗེ་བཙུན་བྱམས་པའི་གཞུང་དང་། འཕགས་པ་ཐོགས་མེད་དང་། མཁས་མཆོག་དབྱིག་གཉེན་གྱིས་གསལ་བར་མཛད་ཅིང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར་ཡང་ཆེས་གསལ་བས། འཕགས་མཆོག་གཉིས་ཅར་གྱི་བཞེད་པ་གཞན་སྟོང་ཡིན་ནོ། ཞེས་གསུངས་པ་ལྟར་གཞན་སྟོང་གི་ལྟ་བའི་ཐོག་མའི་སྒོ་འབྱེད་མཁན་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ཡིན་ལ། དེ་ཇེ་རྒྱས་དང་ཇེ་གསལ་དུ་གཏོང་མཁན་ནི་སྐུ་མཆེད་གཉིས་ཡིན་པར་གསལ་ལོ། ཅི་ལྟར་ཤེས་ཟེར་ན། དེ་ཡང་གཞན་སྟོང་སྙིང་བོ་ལས། སྤྱིར་གཞན་སྟོང་གི་ལྟ་བ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ན་གསལ་ཞིང་ཉི་ཁྲིའི་འགྲེལ་བ་གནོད་འཇོམས་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་ན་ཤིན་ཏུ་གསལ་ཞིང་རྒྱས་པའོ། ཞེས་པ་འདི་ལས་གསལ་བོར་ངེས་ནུས་སོ། དེ་ན་ཐུའུ་བཀྭན་གྱིས་གསུངས་པའི་གཞན་སྟོང་གི་ལྟ་བའི་ཁུངས་ནི་ཡུ་མོ་མི་བསྐྱོད་རྡོ་རྗེ་ལས་བྱུང་ཞེས་པའི་གཞན་སྟོང་ནི་སྔགས་གཞན་སྟོང་ལ་གོ་དགོས་པར་སྙམ་སྟེ། དེའི་རྒྱུ་མཚན་ནི་དུས་འཁོར་ཆོས་འབྱུང་དུ་ཡུ་མོ་ལ་སྔགས་གཞན་སྟོང་གི་སྲོལ་འབྱེད་ཅེས་བསྔགས་བརྗོད་མཛད་འདུག་པས་སོ།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་ཇོ་ནང་བའི་གཞན་སྟོང་གི་ལྟ་བའི་ཁུངས་ཀྱི་ཕྲན་དཔྱད།

2014-09-12 རྨེ་རུ་ཕག་མོ་ཚེ་བརྟན།༼ ཉི་ཧོང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།