ལྷ་མོ་དབྱངས་ཅན་མའི་བསྟོད་པའི“དཀར་པོ”འི་ཡིད་བརྙན་གླེང་བ།
[ནང་དོན་གནད་བསྡུས] ཡིད་བརྙན་ཞེས་པའི་སྙན་ངག་གི་སྒྱུ་རྩལ་མཚོན་ཐབས་སྤྱད་ནས་ལྷ་མོ་དབྱངས་ཅན་མས་དངོས་སུ་བྱིན་གྱིས་བརླབས་པའི་བྲ་ཟེ་ཕུར་བུའི་བསྟོད་པ་གྲུབ་པ་ངག་གི་འོད་ཟེར་དང་རྒྱ་གར་གྱི་མཛེས་པའི་དཔེ་སྟོན་པ་ལ་མཁས་པའི་ནག་མོ་ཁོལ་གྱིས་དབྱངས་ཅན་མ་ཞལ་གཟིགས་པའི་དུས་སུ་དགྱེས་ཏེ་བསྟོད་པའི་བསྟོད་པ་སྟོན་ཟླ་རབ་རྒྱས་མ། ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱི་བསྟོད་པ་ཆུ་འཛིན་མ་དང་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་སོགས་བསྟོད་ཚིག་མི་འདྲ་བ་བཞིའི་ངོས་ནས་དཀར་པོའི་ཡིད་བརྙན་གླེང་ཡོད།
[བརྡ་ཆད་གཙོ་བོ] དབྱངས་ཅན་མའི་བསྟོད་པ། དཀར་པོ། སྒྱུ་རྩལ་མཚོན་ཐབས། ཡིད་བརྙན།
དང་པོ། དཀར་པོ་དང་དཀར་པོའི་ཡིད་བརྙན།
ཁ་དོག་དཀར་པོ་ནི་བོད་མིའི་འདུ་ཤེས་འཛིན་སྟངས་ཁྱད་པར་བ་ཞིག་སྟེ། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་དམ་ཆོས་འཇིག་རྟེན་གྱི་སྣང་ཚུལ་ལ་ངོས་འཛིན་བྱེད་པའི་སེམས་འདུན་རིགས་ཤིག་དང་ཡིད་ཀྱི་འདུན་པའམ་དད་མོས་མཚོན་བྱེད་ཀྱི་རིག་གནས་བསམ་བློའི་རིགས་ཤིག་ཡིན། གནས་ཡུལ་གངས་རིས་བསྐོར་བའི་ཞིང་ཁམས་དང་དད་ཡུལ་སངས་རྒྱས་ཆོས་ལུགས། མཚོན་བྱེད་ཁ་བཏགས་དཀར་པོ་ནས་བཏུང་བྱ་ཞོ་དང་འོ་མའི་འཚོ་གནས་ཀྱི་ཁོར་ཡུག་ཏུ་བོད་མིའི་ནང་སེམས་ཀྱི་འཇིག་རྟེན་དེའང་ཁ་དོག་དཀར་པོའམ་དགེ་བའི་ཕྱོགས་ལ་མོས་པ་ཆེ་ཞིང་ཅི་བྱེད་ཆོས་སུ་འགྲོ་ཞིང་གང་བསམ་དཀར་པོ་དགེ་བའི་ཕྱོགས་ལ་འབད་པ་ཞིག་ཡིན།
བོད་མིའི་རིག་གནས་ཀྱི་སྲོག་རྩར་གྱུར་བའི་སེམས་ཁམས་ཀྱི་འཁྱེར་སོ་དེ་ནི་རང་གི་ཁོར་ཡུག་གི་བཀོད་པར་ཡོངས་སུ་འདྲེས་འདུག་པས་རང་བྱུང་གི་ཡོད་ཚད་ལ་དག་སྣང་དང་འཚེ་མེད་ཀྱི་སེམས་གཤིས་མངའ། ཐ་ན་སེམས་ཅན་གྲོག་སྦུབ་ཚུན་ཆད་ལའང་གནོད་འཚེ་སྤོང་བའི་འདུ་ཤེས་ཤིག་གིས་དེ་དག་ནི་རང་གི་མ་རུ་གྱུར་པའི་བག་ཆགས་བརྟན། རི་མཐོན་པོ་དང་ཆུ་གཙང་མོ། སྤང་ལེབ་མོ་དང་བྱ་རི་དྭགས་སོགས་གང་ཡིན་རུང་རང་གི་གྲོགས་པོ་དང་གཉེན་གྱི་འདུ་ཤེས་འཛིན། རི་ཆུ་ནགས་གསུམ་སོགས་རང་བྱུང་གི་བཀོད་པ་དག་ནི་ལྷ་ཀླུ་གཉན་གསུམ་སོགས་སེམས་ཅན་གཞན་གྱི་འདུ་གནས་ཡིན་པ་དང་རང་གི་ཚེ་འདིའི་སྡོང་གྲོགས་སམ་སྐྱབས་གནས་ལ་ངོས་འཛིན་བྱེད། དེ་དག་ལ་གནོད་ཅིང་འཚེ་ན་དེ་ལས་ལྡོག་སྟེ་རང་ལ་བཀྲ་མི་ཤིས་པའི་སྔ་ལྟས་འབྱུང་བར་འདོད་ཡོད། སེམས་ཅན་བྱ་རི་དྭགས་འབུ་སྲིན་སོགས་གང་ཡིན་རུང་རང་གི་སྐྱེ་བ་ཐོག་མ་མེད་པ་ནས་མ་རུ་གྱུར་མྱོང་བའི་འདུ་ཤེས་ཤིག་དང་རང་གི་མར་གནོད་ཅིང་འཚེ་བ་ནི་སྡིག་ལྟུང་གི་རྩ་བ་ཡིན་པར་འདོད། འདི་ནི་བོད་མིའི་ནང་སེམས་ཀྱི་དཀར་པོའི་ཡིད་བརྙན་ཡིན། ཡིད་བརྙན་འདིའི་རིགས་ནི་མི་རིགས་འདིའི་ནང་སེམས་སུ་བག་ལ་ཞ་བའི་ཚུལ་གྱིས་གནས་ཤིང་སྣང་བར་ཤར་བའི་དཔེའི་ངོས་ནས་མཚོན་པའི་རིགས་དག་ཡིན། བོད་མིའི་ནང་སེམས་ཀྱི་མྱོང་བ་དག་ནི་ཆོས་འཇིག་རྟེན་གྱི་ཡ་རབས་རྒྱུ་འབྲས་འབའ་ཞིག་གི་རྐྱེན་དུ་ཤར་བས་ཅི་བྱེད་ཆོས་སུ་འགྲོ་བ་ཡིན། དེ་བས་བོད་ཀྱི་གྲུབ་པ་ཐོབ་བའི་ལྟ་མགུར་སྣ་ཚོགས་ལས་མངོན་པའི་མྱོང་སྣང་དེ་དག་ནི་དམ་པ་ཁོང་ཚོའི་ཁོར་ཡུག་གི་ཉམས་སྣང་ལས་མངོན་པར་བྱེད་ཡོད། མྱོང་སྣང་དབྱེར་མེད་ཀྱི་ཁོར་ཡུག་གི་ཆོས་དེ་དག་གིས་མཚོན་པར་འདོད་པ་ནི་གྲུབ་པ་ཐོབ་པའི་སྐྱེས་ཆེན་ཚོའི་ཉམས་རྟོགས་ཀྱི་ཆ་དེ་ཡིན། དཔེར་ན། རྗེ་བཙུན་མི་ལའི་མགུར་དུ། “བྱང་ཆུབ་རྫོང་གི་དབེན་གནས་འདི། །ཕུ་ན་ལྷ་བཙན་གངས་དཀར་མཐོ། །མདའ་ན་ཡོན་བདག་དད་ལྡན་མང་། །རྒྱབ་རི་དར་དཀར་ཡོལ་བས་བཅད། །མདུན་དུ་དགོས་འདོད་ནགས་ཚལ་སྤུངས། །སྤང་གཤོང་ནེའུ་གསིང་ཆེ་ལ་ཡངས། །དྲི་ལྡན་ཡིད་འོང་པད་མ་ལ། །རྐང་དྲུག་ལྡན་པའི་དར་དིར་ཅན། །རྫིང་བུ་ལྟེང་ཀ་ཆུ་ངོགས་ལ། །ཆུ་བྱ་མགྲིན་པ་སྐྱོགས་ནས་བལྟ། །ལྗོན་ཤིང་རྒྱས་པའི་ཡལ་ག་ལ། །མཛེས་པའི་བྱ་ཚོགས་སྐད་སྙན་བསྒྱུར། །དྲི་བཞོན་བསེར་བུས་བཏབ་པ་ལ། །རྐང་འཐུང་ཡལ་གས་གར་སྟབས་བྱེད། །མཐོ་ཤིང་གསལ་བའི་ལྗོན་ཤིང་རྩེར། །སྤྲ་སྤྲེལ་ཡང་རྩལ་སྣ་ཚོགས་བྱེད། །སྔོ་འཇམ་ཡངས་པའི་གསིང་མ་ལ། །རྐང་བཞིའི་དུད་འགྲོ་ཟས་ལ་བཀྲམ། །དེ་དག་སྐྱོང་བྱེད་ཕྱུགས་རྫི་རྣམས། །གླུ་དང་གླིང་བུའི་སྐད་སྙན་བསྒྱུར། །འཇིག་རྟེན་སྲེད་པའི་ཁོལ་པོ་རྣམས། །ཟང་ཟིང་ལས་བྱེད་ས་གཞི་ཁྱབ། །”1ཞེས་རྗེ་བཙུན་ཁོང་གི་སྒྲུབ་གནས་བྱང་ཆུབ་རྫོང་གི་གནས་ཀྱི་བཀོད་པ་བྲིས་པའི་ཟོལ་གྱིས་དོན་དུ་རྗེ་བཙུན་རང་ཉིད་དང་ངོ་བོ་དབྱེར་མེད་ཀྱི་རང་བྱུང་གི་ཉམས་སྣང་སྟེ། གང་སྣང་བ་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་དང་དབྱེར་མེད་ཀྱི་ཆ་རི་ཆུ་ནགས་གསུམ་སོགས་དཔེའི་ངོས་ནས་མཚོན་པར་བྱས་པ་དེ་བཞིན་ན་དཔེའི་མཚོན་ཐབས་འདིའི་རིགས་ལ་སྣང་དཔེའམ་ཡིད་བརྙན་ཞེས་འབོད།
ཕྱི་ནང་གི་མཁས་པ་མང་པོས་ནང་སེམས་ཀྱི་མཛེས་སྡུག་ནི་མཛེས་སྡུག་ཀུན་ལས་མཆོག་ཅེས་གསུངས་འདུག་པ་ལ། བོད་མིའི་ནང་སེམས་ཀྱི་ཡིད་བརྙན་ཁྱད་པར་ཅན་འདིའང་བོད་རང་གི་རིག་གནས་བག་ཆགས་ཀྱི་ངོས་ནས་མངོན་པར་བྱེད་ཡོད། དེར་བརྟེན་བོད་མིའི་ཕྱིའི་སྦྱོར་བའི་ངོས་ནས་ཀྱང་ས་རྐོ་རྡོ་སློག་དང་སྡོང་གཅོད་ཆུ་རྙོག་གི་ལས་སྤོང་ཅི་ཐུབ་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་སྤོང་ཅི་ཐུབ་བྱེད་བཞིན་ཡོད། དེ་བས་ན་མང་མང་གིས་བོད་ཡུལ་ལ་སེམས་གོ་ལའི་སྟེང་གི་ཆེས་མཐའ་འཇུག་གི་གནས་ཡུལ་གཙང་མ་ཞེས་འབོད་པའང་གནད་དེ་ལ་ཐུག་ཡོད། ང་ཚོའི་དམངས་ཁྲོད་ཀྱི་གླུ་ལ་གཞས་ནས་ཤགས་ཁ་མཚར། ས་བསྟོད་ཆུ་བསྟོད་ནས་ལེགས་བཤད་བསླབ་བྱ་སོགས་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་དག་གི་ཁྲོད་ན་གཡའ་དག་དྲི་མས་མ་གོས་པའི་སེམས་གཤིས་ཤིག་གི་དཀར་བོའི་ཆ་དེ་རང་ཤུགས་ཀྱིས་ལྷིང་ལ་བུད་ཡོད།
འདས་པའི་གྲུབ་པ་ཐོབ་པའི་སྐྱེས་ཆེན་ཚོས་ཉམས་རྟོགས་ཀྱི་ལྟ་བ་གླུ་རུ་བླངས་པའི་ཁྲོད་ནས་ཁོ་བ་ཚོས་རང་བྱུང་གི་ཉམས་སྣང་སྟོན་པའི་མཛེས་སྡུག་གི་ཡུལ་ལྗོངས་དེ་དག་གིས་བོད་མིའི་ནང་སེམས་ཀྱི་འཇིག་རྟེན་གཞན་ཞིག་གི་བསམ་བློའི་ཆ་དེ་རྟོགས་ཐུབ་པ་ཡིན་པས་ཕྱིས་བྱུང་བསྟན་བཅོས་དེ་དག་གིས་བོད་མིའི་རིག་གནས་སེམས་ཁམས་འདི་ལས་མཆེད་པའི་བརྗོད་དོན་རིམ་པ་དུ་མ་ནས་མངོན་ཡོད། བརྗོད་དོན་དེ་དག་གི་མཚོན་བྱེད་ཀྱི་དཔེ་སྣ་ཚོགས་ཀྱང་བོད་རང་གི་ཁོར་ཡུག་ལས་བཞེངས་སྐྲུན་བྱེད་པ་ཡིན་པས་ན་བརྗོད་དོན་གསལ་བར་འདོན་པའི་དགེ་མཚན་གྱིས་ཕྱུག །
བོད་མིའི་བསམ་སྦྱོར་གཉིས་ཀྱི་ངོས་ནས་དཀར་པོ་དང་དཀར་ཕྱོགས་སྐྱོང་བའི་ཚུལ་ཞིག་རང་བཞིན་གྱིས་མངོན་ཡོད་དེ། དམངས་ཁྲོད་ཀྱི་གླུ་ལ་གཞས་ནས་གཏམ་ཀུ་རེའི་བར་ན་དཀར་པོ་དང་དཀར་པོའི་ལས་ལ་ཡིད་ཆེས་དགོས་པའི་ཡིད་བརྙན་སྣ་ཚོགས་ཀྱིས་ཀུན་ནས་ཕྱུག་སྟེ། འགྲོ་གོམ་གསུམ་ནས་ཚིག་ཕར་བཤད་ཀྱི་བར་ནའང་མཆོད་རྟེན་ལ་འགྲོགས་ན་དཀར་རག་དང་སླ་ངར་འགྲོགས་ན་དུད་དྲེག་གི་བསླབ་བྱ་དང་། བོད་ཀྱི་དམངས་གཞས་སུའང་།དཀར་པོ་དུང་འདི་ཨ་ཕའི་མདངས་བརྩེ་ཡིན། དཀར་པོ་དུང་འདི་ཨ་མའི་བྱམས་བརྩེ་ཡིན། དཀར་པོ་དུང་ལས་གྲུབ་པའི་གླུ་ཆུང་འདི། དྲིན་ཆེན་ཕ་མར་འབུལ་བའི་མཆོད་པ་ཡིན། ཞེས་དྲིན་ཕ་མས་རང་གི་བུ་ལ་བཅིངས་པའི་བརྩེ་བ་དང་བུ་དེས་རང་གི་ཕ་མར་བཅིངས་པའི་སེམས་པ་མཚོན་ཡོད་པ་ལྟར་རེད། དེ་བཞིན་གྲོགས་ཕན་ཚུན་གྱི་མཛའ་བརྩེ་ལའང་གྲོགས་མཆོག་ངེད་གཉིས་མཛའ་བརྩེ། འོ་ཇ་དཀར་པོའི་ངང་ཚུལ་ཞེས་དང་ཁ་བཏགས་དཀར་པོ་གངས་ཅན་བོད་ནས་དར། ང་ཡི་སེམས་པ་ཁ་བཏགས་ལས་ཀྱང་དཀར་ཞེས་འོ་ཇ་དང་ཁ་བཏགས་དཀར་པོ་སོགས་བོད་རང་གི་འཚོ་བའི་ཁྲོད་ཀྱི་དངོས་པོ་བྱེ་བྲག་པའི་ངོས་ནས་མཚོན་པ་ལྟར་ན་འོ་ཇ་དང་ཁ་བཏགས་དཀར་པོ་སོགས་ནི་བོད་མིའི་ནང་སེམས་མཚོན་པའི་བསྡུས་བརྗོད་ཡིད་བརྙན་ཡིན།
བསྡུས་བརྗོད་ཡིད་བརྙན་ནི་སྙན་གཞུང་མེ་ལོང་མའི་རྒྱན་བྱེ་བྲག་པར་གོ་བ་ལེན་ཐབས་མེད་ནའང་། འོན་ཀྱང་རྒྱན་གྱི་སྤེལ་ཚུལ་དང་ཡོངས་སུ་མཐུན་པ་ཡིན། ཡིད་བརྙན་ཡིན་ལ་བསྡུས་བརྗོད་མ་ཡིན་པ་དང་བསྡུས་བརྗོད་ཡིན་ལ་ཡིད་བརྙན་མ་ཡིན་པའི་བཤད་སྟངས་མེད། དཔེར་ན། གཙུག་ལག་ཁང་སྟེང་གི་འཁོར་ལོ་དང་རི་དྭགས་ཕོ་མོའི་མཚོན་བྱེད། དར་ལྕོག་དང་ལབ་ཙེ། ཁ་བཏགས་དང་རླུང་རྟ། བཀྲ་ཤིས་རྟགས་བརྒྱད་དང་སོག་པོ་སྟག་ཁྲིད། དགེ་བ་ཚོགས་ཞིང་དུ་འབུལ་བའི་མནྜལ་འབུལ་སྲོལ་སོགས་མདོར་ན། བསྡུས་བརྗོད་ཡིད་བརྙན་དུ་མི་གཏོགས་མེད་ལ་མགུར་མའི་མི་རྟག་པའི་ཆོས་ཀྱི་ཟབ་དོན་མཚོན་པའི་ཆུ་ཟླ་དང་རྨི་ལམ། སྤྲིན། གློག ཆུ་བུར། རྩྭ་ཟིལ་སོགས་ནི་བསྡུས་བརྗོད་ཡིད་བརྙན་ནམ་སྣང་བ་དཔེར་གྱུར་པའི་ཚུལ་ཡིན་ནོ། །
བོད་མིས་སེམས་པ་མཚོན་པའི་དཔེར་ཁ་བཏགས་དང་དུང་དང་འོ་ཇ་དཀར་པོ་སོགས་བཀོད་པ་དེ་བཞིན་རྩོམ་པ་པོའི་རྩོམ་རིག་གི་ཁྲོད་དུའང་དཀར་པོའི་ཡིད་བརྙན་ཀྱི་སྒྱུ་རྩལ་མཚོན་ཐབས་བཀོད་པ་ཁྱད་དུ་འཕགས་ཏེ། དེ་ནི་བོད་མིའི་མཛེས་དཔྱོད་འདུ་ཤེས་སམ་རིག་གནས་སེམས་ཁམས་ཀྱི་མོས་པའི་རྟེན་ལས་གྲུབ་པ་ཡིན། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ཏེ། གཡའ་དག་དཀར་པོའི་འཇིག་རྟེན་ཞིག་ན་འཚོ་ཞིང་གཞེས་པའི་མི་ རིགས་ཤིག་གི་སེམས་ཀྱི་གཤིས་སུ་གྲུབ་པའི་རྣམ་དག་གི་མི་གཞི་ལྷད་མེད། ལས་དགེ་སྡུག་གི་ཆར་ཡིད་ཆེས་དང་རྒྱུ་འབྲས་དྲང་སྙོམས་ལ་མོས་པ་བརྟན་པའི་མི་རིགས་འདིའི་མཆོད་བརྙན་གྱི་འདུ་ཤེས་སྣ་ཚོགས་ཀྱང་གངས་སེང་དཀར་མོ་དང་ལྷ་གཡག་དཀར་པོ་སོགས་ལ་བཅོལ་བ་དེ་ལས་བོད་ཀྱི་གདོད་མའི་འདུ་ཤེས་འཛིན་ཚུལ་དེ་ཤེས་ཐུབ་ལ་དེ་དག་ནི་རང་གི་བདེ་སྡུག་བཅོལ་སའི་ལྷ་ཚོགས་ལ་ངོས་འཛིན་གནང་བཞིན་ཡོད། དཔེར་ན། ཡར་ལྷ་ཤམ་པོ་གཡག་དཀར་པོ་ཞིག་ཏུ་སྤྲུལ་བའི་ལྷ་སྒྲུང་དང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་འོད་གསལ་ལྷ་ལས་བབས་པ་སོགས་ཀྱི་ལོ་རྒྱུས་དག་ལས་བོད་ཀྱི་གདོད་མའི་མིའི་རང་གི་མཆེད་ཁུངས་ལ་ངོས་འཛིན་གནང་ཚུལ་དེ་ཤེས་ཐུབ། ཡར་ལྷ་ཤམ་པོ་སོགས་གདོད་མའི་ལྷ་ཚོགས་དེ་དག་ནི་གདོད་མའི་ཡིད་བརྙན་གྱི་རྣམ་པ་ཡིན། ཡིད་བརྙན་དེ་དག་ལས་བོད་མིའི་ནང་སེམས་ཀྱི་རང་གི་སྐྱེ་ཁུངས་ལྷད་མེད་ཡིན་པའི་ཆ་དེ་ཤེས་ཐུབ་པས་ན། ཕྱིས་ཀྱི་ལེགས་བཤད་བསྟན་བཅོས་དང་བསྟོད་རྩོམ་མགུར་མ་སོགས་སུའང་བོད་མིའི་ནང་སེམས་རྒྱུད་ དཀར་པོ་མཚོན་པའི་དཔེ་མཚོན་ཡིད་བརྙན་གྱི་རིགས་མི་འདྲ་བ་སྣ་ཚོགས་སྐད་ཆའི་སྒྱུ་རྩལ་གྱི་ངོས་ནས་མཚོན་ཡོད། དཀར་པོའི་ཡིད་བརྙན་དེ་དག་གིས་རང་གི་དད་འདུན་ནམ་སེམས་གཤིས་དྲི་མ་མེད་པ་དེ་མཚོན་པ་ཡིན། གཤམ་ནས་ལྷ་མོ་དབྱངས་ཅན་མའི་བསྟོད་པའི་མ་ཕྱི་མི་འདྲ་བ་བཞིའི་ངོས་ནས་དཀར་པོའི་ཡིད་བརྙན་གླེང་ན།
གཉིས་པ། དཀར་པོའི་ཡིད་བརྙན་ངོས་འཛིན།
གཅིག ཟླ་བའི་ཡིད་བརྙན།
“སྙན་ངག་གི་ཁྲོད་དུ་ཡུལ་ལྗོངས་འབྲི་བ་ལྟ་བུར་མཚོན་ན། ཕྱི་རོལ་གྱི་ཡུལ་ལྗོངས་དེ་དང་སྙན་ངག་པའི་སེམས་པ་གཉིས་ཕན་ཚུན་རྒྱང་ཆད་ཀྱི་ཚུལ་དུ་མ་ལུས་པར་སྙན་ངག་པའི་སེམས་ཀྱི་ཚོར་སྣང་དེ་ཕྱི་རོལ་གྱི་ཡུལ་ལྗོངས་དེའི་སྟེང་དུ་འཕོས་ཤིང་སིམ་སྟེ་དེ་གཉིས་མེ་དང་མེ་འཕྲད་པ་བཞིན་དབྱེར་མེད་དུ་འདྲེས་པ་ལྟ་བུ་དང་།ཡང་ཉི་ཟླ་སྐར་གསུམ་དང་སྲོག་ཆགས་སོགས་སྙན་ངག་གི་ཁྲོད་དུ་བྲིས་ཏེ་མི་དང་བསམ་བློ་སྣ་ཚོགས་ཀྱི་མཚོན་དོན་དུ་བྱེད་པ་སོགས་ནི་སྙན་ངག་གི་ཐབས་ལམ་ཡག་པོ་ཞིག་ཡིན་པས་རང་རེ་བོད་ཀྱི་སྙན་ངག་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐབས་ལམ་ཡང་དག་ཞིག་རེད་སྙམ།” 2སྙན་ངག་གི་ཐབས་ལམ་འདི་སྙན་ངག་མེ་ལོང་མའི་ལུགས་ལྟར་ན། ཏིང་ངེ་འཛིན་གྱི་རྒྱན་དང་། བསྡུས་བརྗོད་ཀྱི་རྒྱན། སྦྱར་བའི་རྒྱན། རབ་རྟོག་གི་རྒྱན། ཆའི་རྒྱན། བསྙོན་དོར་གྱི་རྒྱན། ཉམས་ལྡན་གྱི་རྒྱན། ཕྲ་མོའི་རྒྱན་སོགས་ཏེ་རྒྱན་འདི་དག་ནི་ཡིད་བརྙན་གྱི་མཛེས་རྩལ་མཆོག་ཏུ་མངོན་པའི་ཐབས་ཡིན། རྒྱན་འདི་དག་ལ་རྩོམ་པ་པོ་གང་གིས་རྗོད་བྱེད་ཚིག་གི་ཕྲེང་བ་མཛེས་པར་རྒྱན་པའི་ཐབས་སམ་སྒྱུ་རྩལ་གྱི་མཚོན་སྟངས་ཞེས་པ་དེ་ཡིན། སྙན་ངག་གི་རྒྱན་གྱི་ངོ་བོ་ནི། སྙན་ངག་མེ་ལོང་མ་ལས། “སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། ”3ཞེས་སྙན་ངག་ལ་མཛེས་དཔྱོད་ཀྱི་ཁྱད་ཆོས་ལྡན་པར་བྱེད་པའི་རྒྱུ་རྐྱེན་ཚང་མ་སྙན་ངག་གི་རྒྱན་དུ་འགྱུར་བ་ཡིན། རྒྱན་དུ་འགྲོ་བའི་མཚོན་ཐབས་འདིར་རྩོམ་པ་པོའི་དུང་ཞེན་དང་འདྲེས་མའི་ཚུལ་ལམ་གཅིག་ཏུ་རྐྱ་བཏབ་པའམ་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་མཚོན་པས་དཔེ་ཞེས་ཕར་གཅད་རྒྱུ་དང་དཔེ་ཅན་ཞེས་ཚུར་ལེན་རྒྱུ་ཁྱོན་ནས་ཡོད་པ་མ་རེད། དཔེར་ན། རྗེ་ཙོང་ཁ་བའི་ལྷ་མོ་དབྱངས་ཅན་མའི་བསྟོད་པར། མར་གད་ཞུ་བ་འཁྱིལ་འདྲའི་མཚོ་འགྲམ་དུ། །བསིལ་ཟེར་བྱེད་པའི་སྟེང་ན་ཀེ་ལ་ཤའི། །མདངས་ཀྱི་རབ་མཛེས་ཙོག་པུའི་ཚུལ་གྱིས་འགྱིང་། །རྒྱུད་མང་སྔོན་པོའི་སྒྲ་ཡིས་རོལ་དེར་འདུད། །ཅེས་དང་། ཐོར་ཚུགས་མེ་ཏོག་དཀར་པོའི་ཕྲེང་བ་ཡིས། །མཛེས་པར་བྱས་པའི་རྩེ་མོར་ཟླ་བས་སྦུད། །མཐོན་མཐིང་དབུ་སྐྲའི་ཟར་བུས་སྐུ་སྟོད་ཁེབས། །ཚངས་བའི་བུ་མོ་གཞན་ཡིད་འཕྲོག་མ་ཁྱོད། །ས་འཛིན་དཀར་པོའི་རྩེ་ལ་སྟོན་དུས་ཀྱི། །སྤྲིན་བྲལ་མཚན་མོའི་ཟླ་འོད་ལྷུང་བ་ལྟར། །གསལ་མཛེས་ཆེས་དཀར་ལྟ་བས་མི་ངོམས་པའི། །ཁྱོད་སྐུ་འོ་མའི་རྒྱ་མཚོ་མཐོང་བའི་ཚེ། །རྣམ་དག་ཚུལ་ཁྲིམས་སྤུ་སྡུག་གོས་ཀྱིས་ཀླུབས། །ཞེས་ལྷ་མོ་དབྱངས་ཅན་མའི་བཞུགས་ཁྲི་བསིལ་ཟེར་བྱེད་པ་སྟེ་ཟླ་བའི་གཟུགས་ཀྱི་གདན་སྟེང་སྐུ་མདོག་དཀར་པོ་གངས་རིའི་མདངས་ཀྱིས་བཞུགས་པའི་ཚུལ་དང་གང་ཉིད་ཀྱི་ཐོར་ཚུགས་ལ་མེ་ཏོག་དཀར་པོའི་ཕྲེང་བས་རྒྱན་པའི་རྩེ་མོར་ཉ་གང་ཟླ་བས་སྦུད་པ། དེ་ནི་ས་འཛིན་དཀར་པོའི་རྩེ་ལ་སྟོན་དུས་ཀྱི་མཚན་མོའི་ཟླ་འོད་བཞིན་གསལ་མཛེས་ཆེས་དཀར་ལྟ་བས་མི་ངོམས་པའི་དཔལ་གྱིས་སྒེག་པ། དེ་བཞིན། ཁོང་ཉིད་ཀྱི་བསྟོད་པ་ཆུ་འཛིན་མར། ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། །མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་ཅན། །རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །པད་མའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །ཚངས་དབྱངས་སྙན་པའི་གདངས་ཀྱང་གྱིས་གནོན། །ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །ཞེས་ལྷ་མོ་གང་གི་ཞལ་གྱི་མཛེས་སྡུག་དང་སྐུ་ཡི་རྒྱན་སྤྲོས་ཀྱི་ཡིད་བརྙན་ལ་ཟླ་བའི་གཟུགས་བརྙན་བཀོད་པ་འདིས་ཀྱང་ལྷ་མོ་གང་གི་མཛེས་སྡུག་དཔལ་གྱི་ལང་ཚོའམ་སྙན་ངག་པའི་སེམས་ཀྱི་གཏིང་ཟབ་ས་ན་དད་པ་དང་ཡིད་ཆེས་ཀྱི་ཆུ་འཛིན་ལང་ལོང་དུ་འཕྱོར་བའི་མྱོང་སྣང་གསལ་བར་གཏོད་པའམ་ལྷ་མོ་གང་དང་དབྱེར་མ་མཆིས་པའི་རང་གི་དད་པའི་སྙེ་མ་གཉིས་གང་ལས་བལྟས་ཀྱང་ངོ་བོ་དབྱེར་མེད་དུ་འདུག་པའི་གཏིང་ཟབ་པའི་སྣང་བའི་ཆ་དེ་སྟོན་པ་ཡིན། འདི་འདྲའི“ཡིད་བརྙན་ནི་སྙན་ངག་པའི་བསམ་བློ་དང་ཕྱི་ཡུལ་གྱི་དངོས་པོ་བྱེ་བྲག་གཉིས་ལྷན་ཏུ་བརྡབས་ནས་ཐོན་པ་ཡིན་ཞིང་། སྙན་ངག་པས་རང་གི་ནང་སེམས་ཀྱི་འཇིག་རྟེན་མཚོན་ཆེད། ཕྱི་ཡུལ་གྱི་དངོས་གཟུགས་དག་གདམ་གསེས་དང་དབྱེ་འབྱེད་བྱས་ནས་མཚོན་དོན་ངེས་ཅན་ཞིག་སྟོན་ནུས་པའི་སྐད་བརྡའི་སྣང་བརྙན་ཞིག་ཡིན།”4 དེ་བཞིན་བྲ་ཟེ་ཕུར་བུའི་བསྟོད་གྲུབ་ངག་འོད་མར། ཆུ་སྐྱེས་དཀར་བོ་དྲི་མེད་སྟེང་གནས་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་སྟེང་ཙོག་པུའི་ཚུལ་བཞུགས་བགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་བསྒྲེངས་བའི་སྒྲ་དབྱངས་དང་། ། རྗེས་མཐུན་གསུང་གིས་ས་གསུམ་སྐྱེ་དགུའི་བསམ་པ་ཚིམ་མཛད་པ། །ཞེས་ལྷ་མོ་དབྱངས་ཅན་མའི་བཞུགས་གནས་ཟླ་བའི་དཀྱིལ་འཁོར་བཀོད་འབྲི་དང་ཟླ་བའི་གཟུགས་ཀྱི་གདན་སྟེང་ན་ལྷ་མོ་གང་གི་སྐུའི་གཟི་མདངས་ལྷམ་མེར་འཕྲོ་བ་འདིས་ཀྱང་འགྲོ་བའི་མུན་པ་དྲུངས་ནས་འབྱིན་པའི་དོན་གསལ་བར་གཏོད་པའི་དོད་དུ་ཟླ་བའི་དཔེ་བཀོད་པའོ། །ངང་ཚུལ་འདིར་བོད་མཁས་པས་མཛད་པའི《སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》སུ། རྒྱལ་ཡུམ་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མའི། །ཞལ་གྱི་དཀྱིལ་འཁོར་སྟོན་གྱི་ཟླ་རྒྱས་བཞིན། །འཇིག་རྟེན་ཀུན་ཡིད་འཕྲོག་པའི་འཛུམ་དཀར་ཅན། །བདག་གི་མིག་ལ་མངོན་སུམ་སྣང་བར་མཛོད། །ཞེས་དང་། འཇམ་མགོན་ཁྱོད་ནི་གངྒའི་དཔལ་མོ་ལྟར། །འགྲོ་བའི་དག་བྱེད་ཚད་མར་གྱུར་པ་སྟེ། །ཁྱོད་ཡུམ་རྡོ་རྗེ་དབྱངས་ཀྱི་རྒྱལ་མོ་ཡང་། །ཟླ་བ་བཞིན་དུ་སྲིད་པའི་མུན་འཇོམས་ཉིད།། ཞེས་དབྱངས་ཀྱི་རྒྱལ་མོ་སྟེ་ལྷ་མོ་དབྱངས་ཅན་མས་སྲིད་པའི་མུན་པ་འཇོམས་པའི་ཡིད་བརྙན་ལ་ཟླ་བའི་དཔེར་བཀོད་འབྲི་བྱེད་ཡོད། ཚུལ་འདིར་ས་པཎ《མཁས་འཇུག》ཏུ། དཔེ་ཡི་རྒྱན་རྣམས་ཕལ་ཆེར་ནི། །རང་གི་ཆོས་དང་མཐུན་པར་སྦྱར། །དཔེ་དོན་འབྲེལ་བར་མ་གྱུར་ན། །སྙན་ངག་མཁན་གྱིས་སྨད་པ་སྲིད། །ཅེས་དཔེའི་རྒྱན་ཕལ་ཆེར་རང་གི་ཁྱད་ཆོས་སམ་དཔེ་ཅན་དང་མཐུན་པར་སྦྱོར་དགོས་པར་བཤད།《བྱང་ཆུབ་སེམས་འགྲེལ》དུའང་། ཕྱི་རོལ་དོན་ནི་གཅིག་ལ་ཡང་། །ཤེས་པ་ཐ་དད་རབ་འཇུག་སྟེ། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ་གཞན་དུ་སྣང་། ཞེས་འཇིག་རྟེན་གྱི་ཁམས་དང་མོས་པ་མི་གཅིག་པའི་དབང་གིས་དོན་གཅིག་ལ་དྲན་སྣང་མི་འདྲ་བ་དུ་མ་བསྐྱེད་རྒྱུ་ཡོད་པ་དེར་གོ་ལ།་ཆུ་བུམ་པ་གང་དེར། ལྷ་ལ་བདུད་རྩི་དང་། མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག་གི་ཚུལ་དུ་སོང་བ་དེ་རེད།
གཉིས། གངས་རིའི་ཡིད་བརྙན།
གངས་རིའི་ཡིད་བརྙན་ཞེས་པའང་དཀར་སང་ངེ་བའི་གངས་རི་དཀར་པོའི་ལྷུན་ཆགས་བརྗིད་ལྡན་གྱི་ཁྱད་ཆོས་ཙམ་དུ་མ་ཟད། གཙོ་བོ་གངས་རིའི་ཁྱད་ཆོས་དཀར་སང་གི་ངོ་བོ་དང་སྙན་ངག་མཁན་པོ་གང་གི་ཡིད་ལ་བྲལ་མེད་དུ་བཞུགས་པའི་ལྷ་མོ་དབྱངས་ཅན་མའི་ཤེས་རབ་དྲི་མེད་སེམས་ཀྱི་ཆོས་ཉིད་སྟོན་པའམ། ཡང་ན་སྙན་ངག་པ་གང་གིས་ལྷ་མོ་དབྱངས་ཅན་མར་བཅིངས་པའི་སེམས་དཀར་པོ་མཚོན་པ་ཡིན་པས། སྤྱིར་བཏང་གི་དཔེར་རྐྱང་བ་ཙམ་ཞིག་མིན། འདི་འདྲའི“ཡིད་བརྙན་ནི་ཀྲུང་གོའི་གནའ་རབས་སྙན་ངག་གི་རིགས་གཙོ་བོ་ཞིག་སྟེ། ཕྱིའི་དངོས་གཟུགས་དང་མི་འདྲ་ཞིང་། ནང་སེམས་རྣམ་དང་མི་མཐུན་པའི་ཕྱི་དོན་དངོས་གཟུགས་དང་རང་རིག་སེམས་བྱུང་གི་སྤྱི་འདུས་ཐོན་དངོས་ཡིན། སྙན་ངག་གིས་དུང་སེམས་མཚོན་པའི་ངོས་ནས་བཤད་ན། དོན་གཟུགས་ལ་བརྟེན་པའམ། གཟུགས་གྱིས་དོན་སྟོན་པ་དེའི་རིགས་ལ་གོ།”5 མདོར་ན། “ཡིད་བརྙན་ནི་སྙན་ངག་གིས་སེམས་འགྱུར་འདོད་བློ་མཚོན་པའི་རྩ་བའི་སྡེ་ཚན་སྟེ། སྙན་ངག་གི་བརྡ་སྤྲོད་ཀྱི་མིང་བརྡ་དེ་ཡིན།”6ཞེས་གསུངས་ཡོད། མིང་བརྡ་དེ་དག་ནི་དོན་ཟབ་མོ་མཚོན་པའི་བརྡ་རྟགས་རེ་རེ་སྟེ། དེ་དག་ནི་བརྡ་རྟགས་རྐྱང་བ་ཙམ་མ་ཡིན་པར་རྩ་བ་བསྔོག་རྒྱུ་ཡོད་པའི་རིག་གནས་སེམས་ཁམས་ཤིག་གི་མཚོན་སྟངས་ཡིན། དཔེར་ན། རྗེ་ཙོང་ཁ་བའི་ལྷ་མོ་དབྱངས་ཅན་མའི་བསྟོད་པར། ས་འཛིན་དཀར་པོའི་རྩེ་ལ་སྟོན་དུས་ཀྱི། །སྤྲིན་བྲལ་མཚན་མོའི་ཟླ་འོད་ལྷུང་བ་ལྟར། །གསལ་མཛེས་ཆེས་དཀར་ལྟ་བས་མི་ངོམས་པའི། །ཁྱོད་སྐུ་འོ་མའི་རྒྱ་མཚོ་མཐོང་བའི་ཚེ། །རྣམ་དག་ཚུལ་ཁྲིམས་སྤུ་སྡུག་གོས་ཀྱིས་ཀླུབས། །ཞེས་དང་།རབ་བརྗིད་ཏི་སེའི་གངས་ཀྱི་ལྷ་ཡི་ལམ། །རབ་མཛེས་ཐོར་ཅོག་བྱས་ནས་ཟུར་མིག་གིས། །རབ་སྙན་རྒྱུད་མང་སྒྲོགས་ལ་ལྟ་བྱེད་ན། །རབ་མཛེས་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར། །དྲི་མེད་ཤེལ་གྱི་ས་འཛིན་ངོས་དག་ལ། །དབང་པོའི་གཞུ་ཡིས་ཀུན་ནས་བཀྲ་བ་བཞིན། །མཛེས་སྡུག་སྐུ་ཡི་ཆ་ཤས་མ་ལུས་པ། །ཡིད་འཛིན་རྒྱན་རྣམས་ཀུན་གྱིས་ལྷམ་མེར་གྱུར། །ཨིནྡྲ་རྙིལ་གྱི་མདོག་ལྟར་རབ་སྔོ་བའི།། རྐང་འཐུང་གོས་ཀྱི་ཕྲེང་བས་གངས་ཀྱི་རི། །ཀུན་ནས་མཛེས་པ་ཇི་བཞིན་ཁྱོད་ཀྱི་སྐུ། །རྒྱུད་མང་སྔོན་པོས་གཡོན་གྱི་ཕྱོགས་ན་མཛེས། །ཉེས་ཟད་སྐུ་ནི་གངས་རི་ལྟ་བུར་དཀར། ། ཞེས་ལྷ་མོ་དབྱངས་ཅན་མའི་ཡིད་འཕྲོག་པའི་ཕྱིའི་མཛེས་སྡུག་གི་ཉམས་སམ་གཟི་བྱིན་གྱི་ཆ། ཡང་ན་ལྷ་མོ་གང་གི་སྐུའི་མདངས་ཏེ། སྙན་ངག་པའི་ཡིད་ལ་བརྩེ་གཅིག་ཏུ་སྒོམ་པའི་སྒྲ་དབྱངས་ལྷ་མོའི་སྐུའི་ཆ་བྱད་དམ་འགྱིང་བག་ཚུལ་གྱིས་འགྲོ་བའི་རྨོངས་མུན་སེལ་བའི་སྒྲ་དབྱངས་དཀྲོལ་བཞིན་རང་གི་སྙིང་དབུས་སུ་བཞུགས་ཚུལ་དེ་ཏི་སེ་སོགས་གངས་རིའི་ཡིད་བརྙན་གྱི་ངོས་ནས་སྤྲོས་ཡོད། གངས་རི་ཞེས་ན་ང་ཚོའི་སྣང་ངོར་ཐོག་མར་འཆར་བ་ནི་ནག་གནོག་གི་དྲི་མས་མ་གོས་པའི་དྭངས་གཙང་དྲི་མ་མེད་པའི་དཀར་སང་སང་གི་ཡུལ་ལྗོངས་ཤིག་སྟེ།སྐྱེ་བོ་སུས་གངས་རི་དཀར་པོ་དངོས་སུ་མཐོང་བའི་ཚེ་ཡིད་ཀྱི་དབང་བོ་ཅིག་ཅར་ཏུ་འཕྲོག་འགྲོ་ལ་སེམས་ཀྱི་གཏིང་རིམ་ན་ཉར་བའི་སྡུག་གི་མུན་པ་སྟུག་པོའང་དེ་མ་ཐག་སངས་འགྲོ་བ་དེ་བཞིན་སྒྲ་དབྱངས་ལྷ་མོ་གང་གི་དཀར་འཇམ་ལུས་ཀྱི་མཛེས་སྡུག་མཐོང་བས་ཀུན་གྱི་ཡིད་ལ་སྨྲ་མི་ཤེས་བའི་བདེ་བ་ཁྱད་པར་ཅན་སྐྱེས་པའི་མཚུངས་ཆོས་ཀྱི་ངོས་ནས་སྙན་ངག་པས་སྒྲ་དབྱངས་ལྷ་མོའི་སྐུའི་དཔེ་ལ་གངས་དཀར་ཏི་སེ་སོགས་གངས་རིའི་སྣང་དཔེའམ་གངས་རིའི་ཡིད་བརྙན་བཀོད་འབྲི་བྱས་པ་འདིས་དབྱངས་ཅན་ལྷ་མོའི་སྐུའི་མཛེས་སྡུག་གི་སྦས་དོན་ཟབ་མོ་མངོན་འདུག་གོ། །
གསུམ། མེ་ཏོག་གི་ཡིད་བརྙན།
མེ་ཏོག་གི་ཡིད་བརྙན་ཞེས་ན་ཕྱི་རོལ་གྱི་ཆོས་མེ་ཏོག་གི་གཟུགས་དེས་རྩོམ་མཁན་རང་གི་ཡིད་ཀྱི་དད་འདུན་ཟབ་མོ་སྟོན་པའི་རིགས་ཙམ་མ་ཡིན་པར་རྩོམ་མཁན་གྱི་དྭངས་གཙང་དྲི་མེད་ཀྱི་རྣམ་དག་གི་སེམས་གཤིས་དེ་དང་ཕྱི་རོལ་གྱི་ཆོས་ཏེ་མཛེས་སྡུག་གི་འདབ་མ་ཡོངས་སུ་རྫོགས་པའི་མེ་ཏོག་གཉིས་ངོ་བོ་དབྱེར་མེད་དུ་གྱུར་བའི་རྟོགས་པ་ཁྱད་པར་ཅན་ཞིག་སྟེ།ངང་ངམ་ཤུགས་ཀྱིས་མངོན་པར་བྱེད་པ་ཞིག་ཡིན། ཡིད་བརྙན་འདི་རིགས་ནི་ཡུལ་ཅན་གྱི་ཡིད་འགྱུར་ཕྱི་རོལ་ཡུལ་གྱི་དངོས་གཟུགས་དང་གཅིག་ཏུ་འདྲེས་པ་གང་ཞིག་ངག་སྦྱོར་ཁྱད་པར་ཅན་ལ་བརྟེན་ནས་གཟུགས་བརྙན་བཞིན་མཚོན་པར་བྱེད་པ་ཞིག་ལ་འདོད། ཡང་ན།“ཚོར་འདུ་ཕྱི་གཟུགས་ལ་བརྟེན་ནས་གཟུགས་བརྙན་བཞིན་མཚོན་པ་དེར་ཡིད་བརྙན་ཞེས་བརྗོད།”7 ཡིད་བརྙན་འདི་ནི་ནང་སེམས་ཀྱི་ཡིད་གཟུགས་ཏེ་སྣང་དཔེ﹙意象﹚དེ་ཡིན།“སྤྱིར་བཏང་གི་ཡིད་གཟུགས་ཀྱི་ཁྱད་ཆོས་ལ་ཡིད་དང་གཟུགས་བརྙན་གཅིག་ཏུ་འབྲེལ་བ་ལས་བྱུང་བའི་ཞེན་དོན་སྟུག་པའི་རང་བཞིན་ཡོད་པ་ཡིན།”8 སྣང་དཔེ་འདིའི་རིགས་ལ་གོ་བ་ལེན་ཚུལ་མི་འདྲ་བ་དུ་མ་ཡོད་ལ་སེམས་ཁམས་ཀྱི་ཡིད་ཡུལ་ཏེ་སྣང་ཁམས﹙意境﹚དང་ནང་སེམས་ཀྱི་ཡིད་འགྱུར་ཏེ་སྣང་བརྙན།﹙形象﹚དོན་སྤྱིའི་གོ་བ་སྟེ་རྟགས་དང་མཚན་མ།﹙象征﹚ སོགས་ཡོད། དཔེར་ན། རྗེ་ཙོང་ཁ་བའི་ལྷ་མོ་དབྱངས་ཅན་མའི་བསྟོད་པར། ཐོར་ཚུགས་མེ་ཏོག་དཀར་པོའི་ཕྲེང་བ་ཡིས། །མཛེས་པར་བྱས་པའི་རྩེ་མོར་ཟླ་བས་སྦུད། །མཐོན་མཐིང་དབུ་སྐྲའི་ཟར་བུས་སྐུ་སྟོད་ཁེབས། །ཚངས་བའི་བུ་མོ་གཞན་ཡིད་འཕྲོག་མ་ཁྱོད། །ལྷ་ཡི་ལམ་ལ་རྒྱུ་སྐར་བདག་པོ་འམ། །པད་མའི་མཚོ་ལ་ངང་མོ་རྩེན་པ་བཞིན། །རབ་ཡངས་རྙོག་བྲལ་སེམས་ཀྱི་དགའ་ཚལ་དེར། །རིང་དུ་གནས་དེས་སྤོབས་པ་མཆོག་སྩོལ་མཛོད། །འོད་འབར་གསེར་གྱི་རྣ་ཆས་སྙན་ཤལ་གཉིས། །འོད་སྟོང་ལྡན་པའི་པད་མའི་ཚལ་བ་བཞིན། །ཞེས་ལྷ་མོ་དབྱངས་ཅན་མའི་སྐུའི་ཆ་བྱད་ཀྱི་ཡིད་བརྙན་ལ་མེ་ཏོག་དཀར་པོ་དང་པད་མའི་ཚལ་སོགས་བཀོད་པ་ནི་ནང་སེམས་ཀྱི་ཡིད་གཟུགས་དེ་སྣང་བ་དཔེ་ཆར་གྱུར་པའི་རིགས་ཡིན། དེ་བཞིན། བསྟོད་གྲུབ་ངག་འོད་མར། ཆུ་སྐྱེས་དཀར་པོ་དྲི་མེད་སྟེང་གནས་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་སྟེང་ཙོག་པུའི་ཚུལ་བཞུགས་བགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་བསྒྲེངས་བའི་སྒྲ་དབྱངས་དང་། །རྗེས་མཐུན་གསུང་གིས་ས་གསུམ་སྐྱེ་དགུའི་བསམ་པ་ཚིམ་མཛད་པ། །འཇམ་མཉེན་འཁྲིལ་ཞིང་རིང་བ་བུང་བ་ལྟར་བུར་གནག་པའི་སྐྲ། །གཡས་གཡོན་རྒྱབ་ཏུ་འཕྱང་ཞིང་ཅུང་ཟད་ལི་བའི་ཐོར་ཅོག་ལ། །མེ་ཏོག་དཀར་པོའི་ཕྲེང་བས་ཐོད་བཅིངས་སྤྱི་གཙུག་ཟླ་བས་སྤུད། །གསེར་གྱི་རྣ་ཆ་འཕྱང་ཞིང་འཁུར་ཚོས་མཛེས་པ་འཛུམ་པའི་ཞལ། །ཀ་ཙ་ལེནྡའི་སྨད་གཡོགས་ཚོམ་བུའི་སྤྲས་བས་སྒེག་པའི་ཉམས། །པུཎྟ་རི་ཀའི་ཕྲེང་བ་ཆུན་འཕྱང་མགུལ་རྒྱན་དོ་ཤལ་ཅན། །ཕྱག་ཞབས་རིན་ཆེན་ཕྲེང་བ་སིལ་ལིལ་སྒྲ་ལྡན་བརྒྱུས་པ་ཡིས། །ཁྱེད་སྐུ་ལྷ་དང་རིག་འཛིན་བུ་མོའི་ཚོགས་ཀུན་ངོ་མཚར་གྱུར། །མཛད་སྤྱོད་བགས་ཀྱིས་དལ་ཞིང་གསོང་པོར་སྨྲ་བའི་ངང་ཚུལ་ཅན། ། མཱ་ལི་སར་པའི་དྲི་ལྡན་ནུ་ཞོ་ནུ་བར་འདོད་པ་ལ། །རེག་པས་དགའ་བའི་ནུ་ཞོ་སྟོབ་བྱེད་ཁྱེད་ལ་རྟག་ཏུ་བསྟོད་པའི་བྱ། །སྙིང་ནས་ཡུས་ཆེ་ཤས་ཆེར་ངུ་བའི་གདུང་བ་ཚིམ་མཛད་མ། །སྙིང་གི་ཆུ་སྐྱེས་འདབ་བརྒྱད་དཀར་པོ་ཟེའུ་འབྲུའི་ཕྲེང་བ་ཅན།། དམར་སེར་མཛེས་པའི་མཚམས་ནས་འོད་ཀྱི་དྲ་བ་རབ་ཏུ་དགྱེ། །གེ་སར་འཇམ་པའི་རྩེ་མོར་བསིལ་ཟེར་ཅན་ནི་རབ་གནས་པའི། །དབུས་སུ་ཆུ་ཤེལ་མདོག་འཛིན་ཧུང་གི་ཕྲེང་བས་སྒྲིབ་གཉིས་འཇོམས། ། འདབ་མ་རེ་རེར་གཉིས་གཉིས་བཞུགས་པའི་ཨ་ཨཱ་ལ་སོགས་དབྱངས་ཡིག་རྣམས། །གཡས་སུ་བསྐོར་བའི་རིམ་པས་མར་མེའི་ཕྲེང་བ་འབབ་པ་ལྟར། །ཀུན་ནས་འོད་ཟེར་འཕྲོ་བའི་རྒྱན་ལྡན་རྩེ་མོའི་རང་བཞིན་གྱིས། །ཡིད་ཀྱི་དྲི་མ་མུན་ནག་རྣམ་གསལ་བློ་གྲོས་མཆོག་སྩོལ་མཛོད། །ཞེས་ལྷ་མོ་དབྱངས་ཅན་མའི་ཐོད་བཅིངས་དང་སྨད་གཡོགས་མགུལ་རྒྱན་ནུ་ཞོ་སོགས་ཀྱི་ཡིད་བརྙན་ལ་མེ་ཏོག་དཀར་པོའི་ཕྲེང་བ་དང་ཀ་ཙ་ལེནྡ། པུཎྟརི་ཀའི་ཕྲེང་བ་སོགས་རེ་རེ་ནས་བཀོད་འབྲི་བྱེད་དེ་ལྷ་མོ་དབྱངས་ཅན་མའི་ཕྱིའི་མཛེས་སྡུག་ངོས་འཛིན་གནང་ཡོད་པ་ལྟར་དང། བསྟོད་པ་ཆུ་འཛིན་མར། པད་མའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། ། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །ཞེས་ལྷ་མོ་གང་གི་ཞལ་གྱི་དཀྱིལ་འཁོར་གྱི་ཡིད་བརྙན་ལ་པད་མའི་དཔེ་དང་པད་མ་དང་ལྷ་མོ་གཉིས་ཀྱི་འབྱུང་ཡུལ་ཆུ་གཏེར་རམ། པད་མ་འདམ་ལས་སྐྱེས་ཅིང་འདམ་གྱི་དྲི་མས་མ་གོས་པ། ཆུ་གཏེར་མུན་པས་བཀབ་ཅིང་ལྷ་མོའི་ཤེས་རབ་ལ་མུན་པས་གནོད་མི་ཚུགས་པ་བཞིན་དུ། སྟོན་ཟླ་རབ་རྒྱས་མར། སྒྲིབ་གཉིས་སྤྲིན་བྲལ་བློ་གྲོས་འོད་ཟེར་སྟོང་ལྡན་རབ་ཏུ་འཆར་ཀ་ཡི། །ཉི་མའི་ཟེར་གྱིས་གདུལ་བྱའི་པདྨོ་རབ་དུལ་ཁ་འབྱེད་རྣམ་རྒྱས་པས། །རབ་ཏུ་དྲི་ཞིམ་བསིལ་ངད་དང་ལྡན་པདྨོའི་ཟེའུ་འབྲུའི་ངོས་དག་ལ། །བདག་བློ་གུས་པས་འཐུངས་པས་བློ་གྲོས་ཆེར་རྒྱས་སྦྲང་རྩིས་འགྲོ་རྣམས་སྐྱོང་། །བདག་བློའི་ཀུ་མུ་དེ་ནི་རབ་ཏུ་ཁ་ཟུམས་རྣམ་་པར་གནས་པ་ལ། །བསིལ་ཟེར་བྱེད་པ་རབ་ཏུ་སྤྲིན་བྲལ་དཀྱིལ་འཁོར་རྣམ་པར་རྒྱས་པ་ཡིས། །ཀུ་མུད་ཁ་ཕྱེ་རབ་རྒྱས་ཟེའུ་འབྲུ་བསིལ་དངར་རྣམ་པར་སྤེལ་བར་མཛོད། །ཞེས་ལྷ་མོ་དབྱངས་ཅན་མའི་སྒྲིབ་གཉིས་བག་ཆགས་དང་བྲལ་བའི་བློ་གྲོས་ཏེ་ཉི་མའི་ཟེར་གྱིས་གདུལ་བྱའི་པད་མའི་འདབ་བརྒྱ་གྲོལ་བའི་དཔེ་དང་གང་ཉིད་ཀྱི་པད་མའི་ཟེའུ་འབྲུས་བདག་བློའི་ཀུ་མུ་དའི་ཁ་འབྱེད་པར་བྱེད་པ་སོགས་ལྷ་མོ་གང་གི་བློ་གྲོས་ཀྱི་་ཡོན་ཏན་ལ་པད་མ་དང་ཀུ་མུ་ད་སོགས་ཀྱི་རབ་མཛེས་མེ་ཏོག་གི་ཡིད་བརྙན་གྱིས་སྤྲོས་ཡོད་པ་དེ་བཞིན། བོད་མཁས་པའི《སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》སུ། སྨད་འོས་འདམ་ལས་སྐྱེས་ཤིང་རྡུལ་གྱིས་ཉམས།། མཛེས་པའི་རྣམ་འགྱུར་ཀུན་ལ་འདུ་བྱེད་བྲལ། །ལྡུམ་རའི་པདྨས་མཛེས་མ་ཁྱོད་ཀྱི་གདོང་།། ཆ་ཙམ་མཚོན་པའི་ནུས་པ་ཡོད་མིན་ནོ། །ཞེས་དང་། ཁྱོད་ལུས་ས་ཧཱ་ཀཱ་རའི་འཁྲི་ཤིང་གི །ལང་ཚོའི་མེ་ཏོག་ཅི་ཡང་འབར་བས་ན། །མྱུར་དུ་ནུ་མའི་འབྲས་བུ་དུད་འགྱུར་ཞེས།། ཤེས་ལྡན་འདབ་ཆགས་ཚོགས་འདི་ཅ་ཅོ་སྒྲོགས། །ཞེས་ལྷ་མོ་དབྱངས་ཅན་མའི་མཛེས་སྡུག་གི་མཚོན་བྱེད་དུ་ས་ཧཱ་ཀཱ་རའི་མེ་ཏོག་གི་ཡིད་བརྙན་བཞེངས་སྐྲུན་བྱས་པ་འདིས་ཀྱང་མཚོན་ནོ། །
བཞི། འོད་སོགས་གཞན་དག་གི་ཡིད་བརྙན།
“ཡིད་བརྙན་ནི་རང་སྣང་གི་སེམས་ཤུགས་སུ་སིམ་པའི་ཕྱི་ཡུལ་གྱི་དངོས་བརྙན་ཡིན་པ་དང་།ཡང་ན་ཕྱི་ཡུལ་གྱི་དངོས་བརྙན་གཡར་ནས་མཚོན་པའི་རང་སྣང་གི་སེམས་ཤུགས་ཡིན། ཕྱི་རོལ་ཡུལ་གྱི་རང་བྱུང་ཁམས་ཆེན་པོ་ལ་འབྲེལ་གཏུགས་དང་དེ་ལས་དཔེ་སྟོན་དང་དཔེ་དོན་གཉིས་འདྲེས་ཀྱིས་ཉམས་རྟོགས་གང་ལེགས་བྱེད་པའམ་མཐར་གཏུགས་ན་བློ་ཡི་སེམས་ཤུགས་དག་ཕྱིའི་དངོས་ཆོས་སྟེང་དུ་ཉམས་སུ་འཁྱེར་བ་དང་སྣང་བ་དཔེ་རུ་ཤར་བའི་ཚུལ་གྱིས་སྙན་ངག་སྦྱང་གོམས་བྱེད་པའི་ཐབས་ལ་འབད་པ་ཡིན། དེའི་ཕྱིར་ང་ཚོས་སྙན་ངག་ལ་གཟིགས་ཞིབ་གནང་སྐབས་ཕྱི་ངོས་ཀྱི་རྒྱན་ཁོ་ན་ལ་བལྟ་མི་རུང་བར་གཏིང་རིམ་པའི་ཡིད་བརྙན་ལ་དམིགས་དགོས་པ་དང་། གཞན་ཏུ་ན་ཡིད་བརྙན་དེ་དག་རྒྱན་སྣ་ཚོགས་ཀྱི་སྤེལ་སྟངས་ཁྲོད་དུ་མངོན་དགོས།”9 དཔེར་ན། ལྷ་མོ་དབྱངས་ཅན་མའི་བསྟོད་པར། རྣམ་དག་ཚེམས་ཀྱི་ཕྲེང་བས་ཞལ་གྱི་ངོགས། །རྣམ་བཀྲ་རྒྱུ་སྐར་ཕྲེང་བས་མཁའ་ལ་བཞིན། །དྲི་མེད་ཤེལ་གྱི་ས་འཛིན་ངོས་དག་ལ། །དབང་པོའི་གཞུ་ཡིས་ཀུན་ནས་བཀྲ་བ་བཞིན། །དྲུག་ལྷག་བཅུ་ཡི་དབྱངས་ཅན་ཕྲེང་བ་ཅན། །སྡེབ་སྦྱོར་བང་རིམ་བཞི་ཡི་སྐ་རགས་བཅིངས། །སྙན་ངག་ནོར་བུའི་ཅོག་གི་ཐོད་ཀྱིས་མཛེས། །མངོན་བརྗོད་གཟི་ལྡན་རི་དབང་ལྷ་མོ་དེ། །མཁས་མཆོག་ཀླུ་དབང་སྟོང་གིས་ཡོངས་བཟུང་བས། །རྩོམ་འཆད་རྩོད་པའི་རླབས་ཕྲེང་བརྒྱ་གཡོ་བའི། །བདག་ཡིད་རོལ་མཚོའི་འཇིང་དེའི་དཔའ་བསྐྱེད་ནས། །དྭངས་པའི་ཆུ་གཏེར་ཆེ་དེར་རིང་དུ་རོལ། །ཞེས་ཚེམས་ཕྲེང་དང་རྒྱུ་སྐར་གྱི་ཕྲེང་བ། ནོར་བུ་སོགས་དཀར་པོའི་ཡིད་བརྙན་གྱི་ཚོགས་པས་ལྷ་མོ་དབྱངས་ཅན་མའི་མཛེས་སྡུག་སྐུ་ཡི་ཆ་ཤས་མ་ལུས་པ་མཚོན་པ་དང་། དེ་བཞིན་བསྟོད་པ་ཆུ་འཛིན་མར། ཆུ་འཛིན་དཀར་པོའིགློག་ཕྲེང་དྲ་བ་ཅན། །མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་ཅན། །རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །ཞེས་དང་། བསྟོད་གྲུབ་ངག་འོད་མར། སྤྱན་རེས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཐུགས་རྗེའི་རྣམ་འཕྲུལ་ མཐའ་ཡས་ཕ་རོལ་རྗེས་སུ་གཟུང་བའི་ཕྱིར། །ཚངས་པའི་བུ་མོ་མཛེས་མ་ཁྱོད་སྐུ་གསལ་བའི་རྣམ་འགྱུར་ཅན། །བིཥྣུའི་གཟུགས་ཅན་ཏམྦུ་ར་ལ་དགའ་བསྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་བའི་ལོ་ནི་བཅུ་དྲུག་ལོན་པའི་ཉམས། །ཆུ་གཏེར་འགྲན་ངོགས་ལྦུ་བའི་ཕྲེང་བས་རྩེ་བར་དགའ་བ་ཅན། ། དྲི་ཟའི་བུ་མོ་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །གང་གི་ཡིད་ལ་དྲན་བྱེད་དེ་ལ་ངག་གི་དབང་ཕྱུག་སྩོལ། །ཁྱོད་སྐུ་འོ་མའི་མཚོ་འདྲ་ཀུནྡ་ཀུ་མུད་ཟླ་ཟེར་མཚུངས། །ཞེས་པའི་ཆུ་འཛིན་དཀར་པོ་དང་གློག་ཕྲེང་དྲ་བ། ལྦུ་བའི་ཕྲེང་བ། འོ་མའི་མཚོ་སོགས་ཀྱི་ཡིད་བརྙན་མི་འདྲ་བ་དག་གིས་ལྷ་མོ་དབྱངས་ཅན་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་གདུལ་བྱའི་ཡིད་ཀྱི་རྨོངས་པའི་མུན་པ་འཇོམས་པའི་ཤེས་རབ་དང་བློ་གྲོས་མཐུ་སྟོབས་སོགས་མཚོན་པ་ཡིན། དཔེ་འདིར་བོད་མཁས་པས། ཡིད་འཕྲོག་ཁ་བ་དུང་དང་པད་རྩ་ལི། །ཟླ་འོད་ཀུནྡའི་ཚལ་བཞིན་དབྱངས་ཅན་ལྷའི། །དྲི་མེད་སྐུ་ནི་རབ་དཀར་མཛེས་པ་ཅན། །མཐོང་བར་འཚལ་ལོ་བཅོམ་ལྡན་འདས་མ་ཀྱེ། །ཞེས་དང་། ལྷ་ཡི་ལྕམ་གཅིག་ཁྱོད་ཞལ་ལྟ་ན་སྡུག །ཡིད་ཙམ་ཕྱེ་བའི་མཆུ་སྒྲོས་པདྨའི་རླབས། །མཛེས་བྱེད་ཚེམས་ཀྱི་གེ་སར་ངང་མོའི་ཁྱུ། །དཀར་བའི་ཕུན་ཚོགས་གཅིག་ཏུ་བཀྲ་ལྡན་ནོ། །ཞེས་པ་སོགས་ཁ་བ་དང་དུང་། པད་རྩ། ངང་མོ་སོགས་ཀྱི་དཔེ་ཆོས་དཀར་པོའི་ཡིད་བརྙན་གྱི་ཚོགས་ལ་བརྟེན་ནས་ལྷ་མོ་གང་གི་སྒྲིབ་གཉིས་བག་ཆགས་དང་བྲལ་བའི་བློ་གྲོས་དང་སྐུའི་མཛེས་སྡུག་གི་ཆ། ལྷག་པར་ཏུ་ལྷ་མོ་གང་དང་ངོ་བོ་དབྱེར་མེད་དུ་འདུག་པའི་རྒྱ་བོད་སྙན་ངག་པ་འདི་དག་གིས་རང་གི་ལྷག་པའི་ལྷ་ལ་ཡིད་ཆེས་དང་དད་པ་བརྟན་པའི་ཚུལ་ལམ་དྭངས་གཙང་རྣམ་དག་གི་སེམས་ཀྱི་རང་མདངས་དེ་སྦས་དོན་བསྡུས་པའི་ཐབས་ཀྱིས་མཚོན་པ་འདིས་ཀྱང་གཅིག་ཤེས་ཀུན་གྲོལ་ལོ། །
-------------------
དཔྱད་གཞིའི་ཡིག་ཆ།
1.སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས།《ལེགས་རྩོམ་གཅེས་བསྡུས》[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།2006ལོའི་ཟླ3པའི་དཔར་ཐེངས་གསུམ་པ།
2.རྗེ་ཙོང་ཁ་བ་སོགས་ཀྱིས་བརྩམས།《བསྟོད་སྨོན་ཕྱོགས་བསྒྲིགས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2003ལོའི་ཟླ1པར་དཔར་ཐེངས་བཅུ་བ།
3.དབྱུག་པ་ཅན། བོད་མཁས་པས་བརྩམས།《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ12པར་དཔར་ཐེངས་གསུམ་པ།
ལུང་ཁུངས།
4.སངས་རྒྱས་རྒྱལ་མཚན། 《རྗེ་བཙུན་མི་ལའི་རྣམ་མགུར》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981 ལོའི་ཟླ 4 དཔར་ཐེངས་དང་པོ། ཤ 249
5.ཡེ་ཤེས་བཟང་བོ། བོད་ཀྱི་སྙན་ངག་ཐད་ཀྱི་བསམ་ཚུལ་འགའ་གླེང་བ།《སྦྲང་ཆར》[J]1998.4 ཤ88
6.དབྱུག་པ་ཅན། བོད་མཁས་པ།《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ》[M]ཟི་ལིང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2004ལོའི་ཟླ12པར་དཔར་ཐེངས་གསུམ་པ། ཤ12
7. 翁光余 《青年论坛》[J]1983年第五期 p59
8. 吴战垒著《中国诗学》[M]北京人民出版社1991年9月第一版 P20
9. 吴战垒著《中国诗学》[M]北京人民出版社1991年9月第一版 P21
10. ལྷག་པ་ཆོས་འཕེལ། རྩོམ་རིག་གི་ཡིད་གཟུགས་ཐད་ལ་དཔྱད་པ།《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ》[J]2008.2 ཤ30
11. བདུད་ལྷ་རྒྱལ། 《འཚོལ་རྟོག་སྙིང་སྟོབས》[M] ཁོང་མེན། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004 ལོའི་ཟླ 6དཔར་ཐེངས་དང་པོ། ཤ133
12. སུམ་པ་དོན་གྲུབ་ཚེ་རིང་། 《བོད་ཀྱི་སྙན་ངག་གི་མཛེས་ཉམས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང་། 2002 ལོའི་ཟླ 5 དཔར་ཐེངས་དང་པོ། ཤ139
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།