དཔལ་ཇོ་ནང་བའི་གྲུབ་མཐའི་དཔྱད་པ།
གཅིག སྤྱི་བརྗོད།
གང་གི་རྒྱལ་བསྟན་རིན་པོ་ཆེ་བོད་དུ་དར་བ་ནས་བཟུང་ཆུ་བོའི་རྒྱུན་ལ་འགྲན་པའི་མཁས་བཙུན་རྣམས་ཀྱི་བཀའ་དྲིན་གྱི་ཉི་ཟེར་རིས་མེད་འགྲོ་བ་ཀུན་ལ་ཕོག་པར་བརྟེན་ནས་དེ་ལ་འཆད་ཉན་གྱི་སྲོལ་ད་ལྟ་ལ་ཐུག་གི་བར་མ་ཉམས་གོང་འཕེལ་དུ་འགྲོ་བཞིན་པ་འདི་ནི་ཕྱོགས་གང་ནས་བསམ་ཀྱང་བསྟོད་ཚིག་གི་ཕྲེང་བ་བསྟར་འོས་པ་ཞིག་རེད། ཁྱད་པར་དུ་ཀརྨ་སྐུ་ཕྲེང་བཅུ་དྲུག་པ་སོགས་ཀྱི་འཕྲིན་ལས་ལ་བརྟེན་ནས་ནང་བསྟན་གྱི་ལྟ་གྲུབ་འཛམ་གླིང་ཁྱོན་ལ་བསྒྲགས་པའི་མཛད་པ་འདི་ནི་དགུང་ཨ་སྔོན་ལས་དཔངས་མཐོ་ལ་ལྷ་ཆབ་སྔོན་མོ་ལས་གཏིང་ཟབ་པས་དུས་ཀྱི་བརྗེད་ངས་རྐུན་པོར་མི་བཅོལ་བ་ནི་སྙིང་གཏམ་ལགས།
གོ་རམས་པའི་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས། འཕགས་ཡུལ་གྱི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ནི་གཞུང་གི་འཆད་ཚུལ་དང་། ཐ་སྙད་ཀྱི་རྣམ་གཞག་ལ་མི་འདྲ་བའི་ཁྱད་པར་མང་དུ་མཛད་ཀྱང་མཐར་ཐུག་གི་ལྟ་བའི་གནད་ལ་མི་འདྲ་བའི་ཁྱད་པར་མཛད་པ་མི་སྣང་ངོ་། གངས་རིའི་ཁྲོད་འདིར་དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་མཐར་ཐུག་གི་ལྟ་བའི་གནད་ལ་མི་འདྲ་བ་གསུམ་དུ་སྣང་། ཞེས་གསུངས་པ་ཇི་བཞིན་བསྟན་པ་ཕྱི་དར་གྱི་ཡོ་ལང་རྣམ་པར་རྒྱས་པ་དང་བསྟུན་ནས་གངས་རིའི་ཁྲོད་འདིར་གྲུབ་མཐའ་མང་དུ་བྱུང་བས། རྣལ་འབྱོར་བ་ཡང་བློ་ཁྱད་ཀྱིས།། གོང་མ་གོང་མ་རྣམས་ཀྱིས་གནོད།། ཞེས་འབྱུང་བ་ཇི་བཞིན་གྲུབ་མཐའ་དེ་དག་གིས་དབུ་མའི་མཐར་ཐུག་གི་ལྟ་བའི་གནད་ལ་དཔྱད་ཕྱོགས་མི་མཐུན་པ་མང་དུ་བྱུང་ཡོད་པ་རེད། ཡིན་ནའང་། གྲུབ་མཐའ་མི་འདྲ་བ་མང་དུ་བྱུང་བ་འདི་རྣམས་ཀྱི་ནང་སྐྱབས་འགྲོ་དང་ལས་འབྲས་ཁས་མི་ལེན་པ་གཅིག་ཀྱང་མེད་པས་འདི་དམན་ལ་འདི་མཆོག་གོ་ཞེས་མཆོག་དམན་གྱི་ཁྱད་པར་མི་ཕྱེད་པ་ནི་སྙིང་ལ་བཅངས་དགོས་སོ། ཁྱད་པར་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ།། ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པའི་ཕྱིར།། ཞེས་དང་། ཤར་སྐལ་ལྡན་རྒྱ་མཚོའི་ཞལ་ནས་ཀྱང་། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ།། ཡིད་གཡོ་བའི་དད་པ་སྐྱེས་ན་རབ།། དེ་མིན་ཀྱང་དག་སྣང་སྦྱོང་བ་དང་།། དོན་མེད་པར་མི་སྨོད་དམ་བཅའ་ཡིན།། ཞེས་དང་། ཆོས་རང་རང་མོས་པའི་ངོས་ན་ཟབ།། ཞེས་པ་སོགས་ཀྱི་ཟླ་མེད་པའི་ལེགས་བཤད་འདི་དག་ནི་ཅི་ནས་ཀྱང་སྙིང་དབུས་སུ་བཅངས་འོས་པར་རིགས་སོ།། དེ་ལྟ་ན་ཉན་ཐོས་སྡེ་བའི་དུས་སྐབས་ཀྱི་གནས་མ་བུ་བས་ཀྱང་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་བླངས་ཟིན་ཟེར་ནས་ཕྱི་རོལ་བའི་གྲུབ་མཐའི་གྲས་སུ་མི་འཕེན་པར་མི་བྱ་སྟེ། ཕྱི་རོལ་དང་ནང་བའི་ཁྱད་པར་འབྱེད་བྱེད་དུ་གྱུར་བའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ཕྱིར་ཞེས་ཀྱང་སྨྲའོ།།
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། འདིར་བརྗོད་པར་བྱ་བའི་གནས་ནི་བསྟན་པ་ཕྱི་དར་གྱི་རྗེས་སུ་བྱུང་བའི་ཇོ་ནང་བའི་གྲུབ་མཐའ་ཡིན་ལ། ལུགས་འདིའི་ལྟ་གྲུབ་ལ་བོད་ཕྱི་རབས་པའི་མཁས་བཙུན་མི་ཉུང་བ་ཞིག་གིས་ནང་བསྟན་གྱི་ལྟ་བ་ལས་ཕྱི་རོལ་ཏུ་གྱུར་འདུག་ཅེས་དགག་བཞག་སྣ་ཚོགས་བཏང་མྱོང་ལ། སངས་རྒྱས་བསྟན་པ་ལ་གཅེས་སྤྲས་སུ་བྱེད་པ་རྣམས་གྱིས་དགག་པར་བྱ་ཅེས་ཐ་ཚིག་ཀྱང་བསྒྲགས་མྱོང་ཡོད་པ་རེད། དེ་ན་འདིར་གྲུབ་མཐའ་དེའི་བྱུང་འཕེལ་དང་ལྟ་གྲུབ། དགག་བཞག་ཅི་ལྟར་བཏང་ཡོད་ཚུལ་གྱི་གནད་ལས་འཕྲོས་ཏེ་ཅུང་ཟད་བརྗོད་པ་ལ།
གཉིས། ཇོ་ནང་བའི་བྱུང་འཕེལ།
ཇོ་ནང་བ་ཞེས་པ་ནི་ཡུལ་གྱི་མིང་གྲུབ་མཐའ་ལ་ཐོགས་པ་ཞིག་སྟེ། ད་ལྟའི་གཞིས་རྩེ་ཁུལ་གྱི་རྩེ་རྫོང་ཁོངས་སུ་ཡོད་པའི་ཇོ་མོ་ནང་དུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་དགོན་པ་བཏབ་པ་ལ་བརྟེན་ནས་དེའི་ཆོས་བརྒྱུད་འཛིན་མཁན་དག་ལ་བྱ།
ཇོ་ནང་བའི་རྩ་བའི་ཁུངས་གཏུགས་ཡུལ་ནི་ཡུ་མོ་མི་བསྐྱོད་རྡོ་རྗེ་ཞུ་བ་དེ་ཡིན་ལ། ཁོང་ནི་རབ་བྱུང་དང་པོ་སྟེ་དུས་རབས་བཅུ་གཅིག་པའི་ནང་སྐུ་འཁྲུངས་ཤིང་། དང་པོ་རྣལ་འབྱོར་བ་ཕྱིས་སུ་རབ་ཏུ་བྱུང་བ་ཞིག་ཡིན། རབ་ཏུ་བྱུང་རྗེས་ཀྱི་མཚན་ལ་དད་པ་རྒྱལ་བོ་ཞེས་སུ་གསོལ། ཡིག་ཆ་འགའ་ཞིག་ཀྱང་མཛད་པར་སྣང་ལ། གཞན་སྟོང་དབུ་མའི་ཤིང་རྟའི་སྲོལ་འབྱེད་དུ་གྲགས། སྤྲུལ་བསྒྱུར་དང་མངོན་ཤེས་ལ་མངའ་བརྙེས་པ་ཞིག་སྟེ། ཐུའུ་བཀྭན་གྲུབ་མཐའ་ལས། མངོན་ཤེས་མངའ་ཞིང་། བྱ་རོག་དང་སྐྱ་ཀར་སྤྲུལ་བ་སོགས་སྤྲུལ་བསྒྱུར་དུ་མ་མཛད་པས་གྲུབ་ཐོབ་ཀྱི་གྲགས་པ་ཆེ་ཞེས་གསལ། དགུང་ལོ་གྱ་གཉིས་སྟེང་སྐུ་གཤེགས། བུ་སློབ་ཀྱང་མང་དུ་བྱུང་ཡང་ཆེས་གཙོ་བོར་གྱུར་བ་ནི་སྲས་ངྷརྨེ་ཤྭ་ར་ཞུ་བ་དེ་ཡིན།
མཁས་བཙུན་ཡོན་ཏན་རྒྱ་མཚོའི་དངོས་སློབ་དོལ་བུ་བ་ཤེས་རབ་རྒྱལ་མཚན་ནི་མིང་དོན་གཉིས་མཚུངས་ཀྱི་མཁས་གྲུབ་ཕུལ་ཏུ་བྱུང་བ་ཞིག་སྟེ། བླ་མ་སུམ་ཅུ་ལྷག་བསྟེན་ནས་མདོ་སྔགས་གཉིས་ཀྱི་ཆོས་རྒྱ་ཆེར་གསན་ཅིང་། དབུས་གཙང་སོགས་སུ་གྲྭ་སྐོར་མཛད་ནས་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ། ས་སྐྱའི་གྲུབ་མཐའ་འཛིན་མཁན་ཡིན་པ་ལ། རང་ལོ་སོ་གཅིག་སྟེང་ཇོ་ནང་དུ་ཕེབས་ཤིང་། མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་དུས་འཁོར་གྱི་དབང་ཁྲིད་སོགས་གསན་ནས་ཇོ་ནང་བའི་ཆོས་བརྒྱུད་དུ་ཞུགས། གཞན་སྟོང་གི་ལྟ་བ་རྩལ་དུ་འདོན་པའི་གཞུང་རི་ཆོས་ངེས་དོན་རྒྱ་མཚོའི་གཙོས་པའི་བསྟན་བཅོས་ཆེན་པོ་བཅུ་དྲུག་ལྷག་བརྩམས་ནས་རི་བོ་བརྩེགས་པས་རྒྱ་མཚོ་རྡོལ་ཞེས་ཟེར་རོ། འདིའི་རི་བོ་བརྩེགས་པ་ཞེས་པ་བསྟན་བཅོས་བརྩམས་པའི་བྱིན་རླབས་དང་རྒྱ་མཚོ་ཞེས་པ་སློབ་མ་ལ་གོ མཆིམས་བློ་བཟང་གྲགས་པས་སྤྱན་རས་གཟིགས་སུ་གཟིགས་པ་དང་། ཉེར་གནས་ནམ་མཁའ་གྲགས་པས་འཇམ་པའི་དབྱངས་སུ་མཐོང་བ་སོགས་ཀྱི་ལོ་རྒྱུས་མང་ཞེས་ཐུའུ་བཀྭན་གྲུབ་མཐར་གསུངས་སོ། སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལས། ལོ་ཙཱ་བ་བློ་གྲོས་དཔལ་དང་ས་བཟང་མ་ཏི་པཎ་ཆེན་གཉིས་ཐུགས་སྲས་སུ་བྱེད།
རྗེ་བཙུན་ཏཱ་ར་ནཱ་ཐ་ནི་༡༥༧༥ལོར་སྐུ་འཁྲུངས་ཤིང་། རྟག་བརྟན་ཕུན་ཚོགས་གླིང་བཏབ་ནས་རྟེན་བཞེངས་དཔེ་བྲལ་དང་། ཇོ་ནང་ལུགས་ཀྱི་བསྟན་བཅོས་དུ་མའི་པར་བསྒྲུབས། རིན་སྤུངས་སྡེ་བའི་ཀརྨ་བསྟན་སྐྱོང་དབང་བོ་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ནས་ལུགས་གཉིས་ཆ་ནས་གཟི་བརྗིད་ཆེ་ཙམ་བྱུང་། མི་རིང་བར་རིན་སྤུངས་པའི་མངའ་ཐང་ཉམས་ཤིང་། ༡༦༣༥ལོར་ཏཱ་ར་ནཱ་ཐ་སྐུ་གཤེགས་རྗེས་སུ་རྒྱལ་དབང་ལྔ་བས་དགོན་པ་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས། དེ་དང་འགྲོགས་ནས་ཆོས་ལུང་བྱང་རྩེ་སོགས་དགོན་སྡེ་མང་པོའང་དགེ་ལུགས་པར་བསྒྱུར་ནས་མངའ་ཐང་ཉམས་དམས་སུ་ཕྱིན་པ་ཡིན་ནོ།།
གསུམ། ཇོ་ནང་བའི་ལྟ་གྲུབ་མདོ་ཙམ་བརྗོད་པ།
རྟག་མཐའ་དབུ་མ་ལ་རང་སྟོང་དང་གཞན་སྟོང་གཉིས་སུ་དབྱེ་བའི་གཞན་སྟོང་དབུ་མ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཡིན་ལ། གྲུབ་མཐའ་འདིས་གཞན་སྟོང་འཇོག་ཚུལ་ནི། གཞན་སྟོང་ཞེས་པ་ནི་སྟོང་གཞི་ཆོས་ཅན་ཀུན་རྫོབ་ཀྱིས་སྟོང་བ་ཡིན་དགོས་ཟེར། དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཞེས་པ་མིན་པར། སྟོང་གཞི་ཆོས་ཅན་དེ་བུམ་པའི་སྟེང་གི་སྟོང་ཉིད་ལ་ཆ་བཞག་ན་བུམ་པ་དེ་སྟོང་གཞི་ཆོས་ཅན་ཡིན་པ་དང་། དེའི་སྟེང་གི་སྟོང་ཉིད་དེ་སྟོང་གཞི་ཆོས་ཅན་བུམ་པས་སྟོང་བས་གཞན་སྟོང་ཞེས་པ་རེད།
ལུགས་འདིས་དོན་དམ་བདེན་པ་དང་བདེ་གཤེགས་སྙིང་བོ། རང་བཞིན་གནས་རིགས། རྒྱུད་སྡེ་ནས་གསུངས་པའི་རིགས་བརྒྱ་སོགས་དོན་གཅིག་པར་འདོད་ལ། བདེ་གཤེགས་སྙིང་བོ་འགྲོ་བ་ཡོངས་ཀྱི་རྒྱུད་ལ་ཁྱབ་པར་འདོད་ཀྱང་། སེམས་ཅན་སོ་སོའི་རྣམ་ཤེས་སུ་དེའི་འཆར་སྣང་ཡོང་མི་ཐུབ་ཅིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་བདེ་གཤེགས་སྙིང་བོའི་ངོ་བོ་ངོ་མ་དེ་མཐོང་དགོས་ཞེས་འདོད་པ་རེད། ཀུན་རྫོབ་ཀྱི་ཆ་རྣམས་ནི་རང་སྟོང་དང་ཆད་སྟོང་། དགག་སྟོང་། ཉི་ཚེ་བའི་སྟོང་བ་ཙམ་ཡིན་པས་ཐར་བ་དོན་དུ་གཉེར་བར་འདོད་པ་རྣམས་ཀྱིས་དོར་བྱར་འོས་སོ་ཞེས་ཟེར་རོ།
བཞི་བ། ཇོ་ནང་བའི་ལུགས་ལ་དགག་པ་མཛད་མཁན་གྱི་མཁས་པ་གྲགས་ཆེན་འགའ།
ལར་ཇོ་ནང་བའི་ལྟ་གྲུབ་ལ་དགག་བཞག་བྱེད་མཁན་ནི་བོད་ཀྱི་མཁས་པ་བྱིངས་ཡིན་ལ། འདིར་དཔྱད་གཞི་ཡོད་ཚད་བཀོད་དེ་དཔྱད་བརྗོད་སྤེལ་ན་ནི་ཡིག་ཚོགས་ཆེ་བར་འཇིགས་ནས་རྒྱས་པར་མི་སྤྲོ་ལ། དེ་བས་རྒྱ་མཚོའི་ཆུ་ཐིགས་ཙམ་དང་། སེན་མོའི་སྟེང་གི་རྡུལ་ཙམ་བླངས་ནས་ཅུང་ཟད་བརྗོད་ན།
དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། འདི་ནི་ཐེག་པ་ཆེན་པོ་མདོ་སྡེ་གང་གི་ཡང་དགོངས་པ་མིན་ལ། གྲུབ་མཐའ་སྨྲ་བ་བཞི་བོ་གང་དང་ཡང་མི་མཐུན་ཞིང་། རྒྱ་བོད་ཤིང་རྟ་ཆེན་པོ་སུ་གང་གི་ཡང་བཞེད་པ་མིན་པས། ཆོས་པ་འདི་པ་ལས་ཕྱི་རོལ་དུ་གྱུར་བ་ཁོ་ན་ཡིན་པས། དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་སུ་བྱེད་པ་རྣམས་ཀྱིས་དགག་པར་བྱ་བ་ཁོ་ན་ཡིན་ཞེས་དགག་སྒྲུབ་མཛད་པ་དང་། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་ཀྱང་། ཐལ་འགྱུར་བའི་གཞུང་རྣམས་སུའང་རང་གི་ངོ་བོས་སྟོང་བ་ལ་རང་སྟོང་དང་། དེ་མིན་པའི་སྟོང་པ་ལ་གཞན་སྟོང་དུ་གསུངས་པའང་ཡོད་མོད་ཀྱི། ཆོས་རྗེ་ཇོ་ནང་བས་བཞེད་པའི་རང་སྟོང་གཞན་སྟོང་ནི་དེ་དང་གཏན་མི་འདྲ་སྟེ། གཟུགས་གཟུགས་ཀྱིས་སྟོང་བ་རང་སྟོང་གི་ཚད་དང་། དོན་དམ་ཀུན་རྫོབ་ཀྱིས་སྟོང་བ་གཞན་སྟོང་གི་ཚད་དུ་བཞེད་པའི་ཕྱིར་རོ་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ནས་འཆད་པའི་རང་སྟོང་གཞན་སྟོང་གི་ལྟ་བ་དང་གཏན་ནས་མི་འདྲ་ཚུལ་བརྗོད་ཡོད་དོ།།
ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མས། ཇོ་ནང་བས་བཞག་པའི་ལྟ་བ་འདི་ལ་རྟག་ཆད་གཉིས་ཀའི་སྐྱོན་ཆག་པར་སྣང་སྟེ་ཞེས་དང་། ཀུན་རྫོབ་འདི་རྣམས་འཁྲུལ་སྣང་ཁོ་ནར་ཁས་བླངས་ནས་འདི་ལས་ལོག་ན་དོན་དམ་རྟག་པ་གྲུབ་པར་ཁས་ལེན་པ་ནི། མུ་སྟེགས་རིག་བྱེད་གསང་བའི་མཐའ་སྨྲ་བ་དག་སྣ་ཚོགས་འདི་ནི་འཕྲུལ་སྣང་ཁོ་ན་ཡིན། ཞེས་དགག་བཞག་ཚད་མེད་གནང་བ་ལ་བརྟེན་ནས་སྤྱིར་བོད་ཀྱི་མཁས་པ་ཡོངས་ཀྱིས་དགག་བཞག་དང་ཚར་གཅོད་གཏོང་ཡུལ་ཏུ་བྱེད་པའི་ལྟ་གྲུབ་ཅིག་ཏུ་གྱུར་ཡོད་པ་རེད།
ལྔ་བ། མཇུག་བསྡུ་བ།
སྤྱིར་ས་དགེ་བཀའ་རྙིང་གིས་མཚོན་པའི་གྲུབ་མཐའ་དེ་དག་གི་ཁྲོད་དུ་སྟག་སེང་ལྟ་བུའི་མཁས་གྲུབ་གསེར་རིའི་རིམ་བྱོན་མང་པོ་བྱུང་མྱོང་ཡོད་པ་ཇི་བཞིན་ཇོ་ནང་བའི་གྲུབ་མཐའི་ཁྲོད་དུའང་གཞན་དྲང་མི་འཇོག་པའི་མཁས་པ་མང་པོ་ཞིག་བྱུང་ཡོད་པ་ནི་གོར་མ་ཆག ཉ་དབོན་ཀུན་དགའ་དཔལ་བ་དང་ས་བཟང་མ་ཏི་པཎ་ཆེན་གཉིས་ལ་མཚོན་ན་རྗེ་ཙོང་ཁ་བའི་བཀའ་དྲིན་ཆེ་ཤོས་ཀྱི་བླ་མ་བཅུ་བཞིའི་ཁྲོད་ཀྱི་གཉིས་ཡིན་ལ། ལྷག་པར་དུ་དོལ་བུ་བ་ཤེས་རབ་རྒྱལ་མཚན་ལགས་ལ་མཚོན་ན་བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཡོངས་ཀྱི་ཏོག་ལྟ་བུར་གྱུར་མྱོང་ཡོད་པ་ནི་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས། མཁྱེན་རབ་དང་ཐུགས་རྗེ་ཕུལ་དུ་བྱུང་ཞིང་ཉམས་དང་རྟོགས་པའི་དབང་ཕྱུག་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་ཞེས་གདེང་འཇོག་ཕུལ་ཏུ་བྱུང་བ་མཛད་ཡོད་ལ། ཐུའུ་བཀྭན་གྲུབ་མཐའ་ལས་ཀྱང་། ཀུན་མཁྱེན་དོལ་བུ་བ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་ཡིན་པར་གྲགས་ཤིང་གྲུབ་པས་ཞེས་གསུང་ཡོད་པས་གོང་གི་ལུང་ཚིག་འདི་གཉིས་ལ་བསམ་པས་ཀྱང་བླ་ན་འཕགས་པའི་མཁས་དབང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་རྟོགས་འོང་གི་རེད། དེ་བས་ལུང་རྟོགས་གཉིས་ཆ་ནས་ཕ་རོལ་ཏུ་སོན་པའི་མཁས་པ་འདི་དང་འདི་ལྟ་བུ་ནས་བརྒྱུད་པའི་ཇོ་ནང་བའི་ལྟ་གྲུབ་དེའང་སུ་དང་གང་གིས་ཀྱང་དགག་བྱར་བྱས་ན་ནི་ཐལ་ཆེ་བར་སེམས་སོ། མཐར་རྗེ་བཙན་ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས་སེགས་ཙམ་པའི་ལྟ་བ་དྲག་ཤོས་དབུ་མར་ཅུང་ཟད་མ་སླེབས་པ་ཞིག་ཡིན་གསུངས་པ་དེ་ཉིད་ནི་བློ་ལྡན་མགུ་བའི་གཏམ་དུ་ཟད་དོ། །
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།