ལྷ་ལུང་དཔལ་རྡོར་ནི་བོད་ཀྱི་དམག་དཔོན་ཆེན་པོ་དང་། དམངས་གཙོ་དོན་གཉེར་པ།བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན།
བོད་ཀྱི་དམག་དཔོན་ཆེན་པོ།དམངས་གཙོ་དོན་གཉེར་པ།བྱང་ཆུབ་སེམས་དཔའ་ཆེན་པོ་ལྷ་ལུང་དཔལ་གྱི་རྡོ་རྗེ། Thomas Jefferson (1743 –1826) "The tree of liberty must from time to time be refreshed with the blood of patriots and tyrants. It is its natural manure” ཨ་རིའི་རང་བཙན་བསྒྲགས་གཏམ་རྩོམ་པ་པོ། ཐོ་མ་སི-ཇར་ཧྥི་སི་ཡིས། ༼རང་དབང་གི་སྡོང་བོ་ནི་སྐབས་རེར་་རྒྱལ་གཅེས་བ་དག་དང། སྒེར་གཅོད་པ་གཉིས་ཀའི་ཁྲག་རྒྱུན་ལ་བརྟེན་ནས་བསྐྱེད་བསྲིང་བྱེད་དགོས་བ་ནི། འཇིག་རྟེན་གྱི་གནས་ལུགསམཐར་ཐུག་རེད་༽ཅེས་འབངས་མི་དག་ལ་རང་དབང་གི་སྡོང་བོ་སྐྱེས་དགོས་ན། རྒྱལ་གཅེས་རང་དབང་བ་རྣམས་ཀྱིས་དྲག་པོའི་འཐབ་རྩོད་ལ་བརྟེན་ནས། སྒེར་གཅོད་པ་དག་མགོ་རྟིང་སློག་དགོས་བ་ཞིག་རེད། ཅེས་གསུངས་ཡོད་པ་རེད། ཅིའི་ཕྱིར་ཞེ་ན། སྒེར་གཅོད་པ་དག་གིས་རང་མོས་རང་འཐད་ཀྱི་འབངས་མི་དག་ལ་རང་དབང་སྤྲོད་པ་དང། ཆབ་སྲིད་དབང་ཆ་་སྤོང་བ་དང། གནར་གཅོད་སོགས་འཚམས་འཇོག་བྱེད་པ་ནི་སྲིད་འཐའ་ཙམ་ཞིག་རེད། དེ་བས་སྐབས་རེར་འབངས་མི་དག་ལ་རང་དབང་ཐོབ་དགོས་ན། དྲག་པོའི་འཐབ་རྩོད་ལ་བརྟེན་ནས། སྒེར་གཅོད་པ་དང་དེའི་སྲིད་གཞུང་མགོ་རྟིང་སློག་དགོས་བ་ཞིག་རེད། སྐད་ཆ་འདི་སེམས་སུ་བཞག་ནས། བོད་ཀྱི་ལོ་རྒྱུས་ཐོག་གི་དོན་དག་གལ་ཆེན་ཞིག་གླེང་འདོད་པ་ནི། བོད་ཀྱི་དཔའ་བོ་ཆེན་པོ་ལྷ་ལུང་དཔལ་གྱིས་རྡོ་རྗེ་དང། ཁོང་གི་བོད་མི་རྣམས་ལ་བཞག་པའི་བྱས་རྗེས་དང། ལྷག་པར་འཛམ་གླིང་ལོ་རྒྱུས་སུ་སྒེར་གཅོད་པ་ཞིག་དམར་གསོད་བཏང་བའི་གཟི་བརྗིད་ཅན་གྱི་ལོ་རྒྱུས་དེ་ཡིན། ངས་དུས་རྒྱུན་ལྷ་ལུང་དཔལ་གྱི་རྡོ་རྗེ་དྲན་ཡོང་དུས། སེམས་སུ་མི་ཟད་པའི་སྤོབས་པ་དང། གཟི་བརྗིད་ཅིག་སྐྱེས་ཡོང་བ་མ་ཟད། ཁོ་འདྲ་བ་དུས་དང་རྣམ་པ་ཀུན་དུ་ཡོད་པར་གྱུར་ཅིག། ཅེས་སྨོན་ལམ་རེའང་རྒྱག་གིན་ཡོད། ཅིའི་ཕྱིར་ཞེ་ན། དེ་ནི་ཁོ་ནི་ངེས་པ་དོན་གྱིས་གཞན་དོན་ཁུར་འཁྱེར་གྱི་བྱང་ཆུབ་སེམས་དཔལ་ཆེན་པོ་ཞིག་ཡིན་པ་མ་ཟད། དེང་དུས་ཀྱི་ནུབ་ཀྱི་སྲིད་སྒྲུབ་གྱི་ལྟ་བའི་ཐོག་ནས་བཤད་ན། ཁོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དམངས་གཙོ་དོན་གཉེར་པ་དང་པོ། གསར་བརྗེ་བ། ཐབས་ཤེས་གཉིས་ལྡན་གྱི་དྲག་རྩལ་བ། རྒྱལ་གཅེས་བ་ཞིག་རེད། དེ་བས་ཁོང་གི་ཐུན་མོང་མ་ཡིན་པའི་རྣམ་ཐར་འདི། ཨ་རིའི་དམངས་གཙོ་དོན་གཉེར་པ་ ཐོ་མ་སི-ཇར་ཧྥི་སི་སོགས་ཀྱིས་ཐོས་བ་ཡིན་ན། ཁོང་གི་འགྱུར་པ་མེད་པའི་དད་པ། སྡིག་རྒྱལ་གསོད་ཐུབ་པའི་དཔའ་བོའི་རང་བཤིས། གཞན་དོན་ཁུར་འཁྱེར་གྱི་སྙིང་སྟོབས་བཅས་ལ་བསྟོད་བསྔགས་བྱ་རྒྱུ་ཡིན་པ་ནི་ཏན་ཏན་རེད། དེ་བས་ཁོང་གིས་དྲག་རྩུབ་ཅན་དང། སྒེར་གཅོད་ཅན་གྱི་གླང་དར་་སྲིད་གཞུང་ཞིག་མགོ་རྟིང་སློག་པ་ནི། ང་ཚོ་དམངས་གཙོ་ལ་དགའ་བ་དག་གི་བླ་མེད་ཀྱི་གཟི་བརྗིད་ཅིག་རེད།
སྤྱིར་བཏང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ། ཁོང་གིས་གླང་དར་དཀྲོངས་བའི་དུས་ཀྱི་གནས་ཚུལ་ཙམ་དང། དེའི་རྗེས་མདོ་སྨད་ཡ་རྫིའི་ཏན་ཏིག་དང་རྡོ་སྦིས་སྟོང་རིའི་ལྷ་ལུང་གཡུ་མཚོ་སོགས་ལ་བཞུགས་པའི་ལོ་རྒྱུས་ཙམ་ལས་གཞན་ཞིབ་པར་བཀོད་མི་འདུག་མོད། ཕྲན་གྱིས་དཔྱད་པ་བཏང་ན།༼རྨི་་ལམ་དུའང་དེ་འདྲ་འགའ་རྨིས་བྱུང༽ཁོང་ནི་བོད་གངས་ཅན་དབུས་གཙང་ཆོས་ཀྱི་ཡུལ་ནས་སྐྱེས་བར་མངོན་ཞིང། ཆུང་དུས་དེ་དུས་ཕོ་གཞོན་དྲག་སྐྱེས་ཡོངས་དང་འདྲ་བར། སྲོང་བཙན་སྐབས་ནས་དར་ཡོད་པའི་བསླབ་གྲྭ་སོགས་འགྲིམས་ནས། ཡི་གེ་སྤྱོར་ཀློག་སོགས་ལའང་སྤྱངས་བ་གང་ཆེ་ཡོད་པར་སྙམ། དེ་ནས་བོད་གངས་ཅན་གྱི་ཕོ་གཞོན་རྣམས་དང་འདྲ་བར་བོད་ཀྱི་བཙན་པོའི་དམག་དཔུང་ཤར་ཕྱོགས་ཡུལ་དུ་དཔུང་བསྐྱོད་ཀྱིས་རྒྱ་ནག་གཡུལ་འགྱེད་ཀྱི་སྐབས་སུ། དཔའ་བོའི་དང་བླངས་ཀྱི་བཙན་པོའི་དམག་ནང་དུ་ཞུགས་ཞིང། དམག་ཞབས་ཞུས་མེད་དམ་སྙམ། རྒྱ་ནག་དང་དྲག་པོའི་གཡུལ་འགྱེད་ཀྱི་སྐབས་སུ། དམག་ཇུས་དང། བཀོད་འཐབ། དྲག་རྩལ་བཅས་ལ་ཕུལ་དུ་བྱུང་ནས། དཔའ་བོ་སྟག་གི་ཞལ་ལྕེའང་ཐོབ་ཡོད་པར་སྙམ། དེའི་རྗེས་ཁྲི་རལ་གྱི་སྐབས་སུ། བོད་རྒྱ་གཉིས་བར་ཏུ་ཞི་ཆིངས་བཞག་པར་བརྟེན། དམག་དཔུང་མང་པོ་ཞིག་དབུས་གཙང་དུ་ཕྱིར་འཐེན་བྱས་པར་མངོན་ཞིང། དེའི་ནང་དུ་ཁོང་ཉིད་ཀྱང་ཡོད་པར་ངེས།
དེ་ནས་འབངས་མི་རྣམས་ཀྱང་དུས་བདེ་ཞོད་འཇགས་དང། རྒྱལ་ཁམས་སོ་སོའི་བར་ཏུ་ཞི་བདེ་མཉམ་གནས་ཀྱི་སྐབས་སུ་སླེབས་དུས། སྔོན་ཆད་གཡུལ་འཁྲུག་དང། བཙན་པོའི་རྒྱལ་དོན་ཆེད་དུ་རང་གིས་ལུས་སྲོག་ཚུན་ཆད་ཕུད་པའི་བློན་ཆེན་དེ་ནི། འཇིག་རྟེན་གྱི་ལས་ཀ་ཐམས་ཅད་ལ་སྐྱོ་བ་སངས་ནས། ཕྱི་མའི་དོན་ཆེན་ཁོ་ནར་སེམས་སུ་དྲན་ནས། བསམ་ཡས་ནས་རབ་ཏུ་བྱུང་བ་དང། དེ་ནས་བྱ་བཏང་རི་ཁྲོད་པའི་ཚུལ་དུ་བྲག་ཡེར་པ་ཅན་དུ་བཞུགས་པར་འདོད། ཕྲན་གྱིས་དཔྱད་ན། ལྷ་ལུང་དཔལ་གྱི་རྡོ་རྗེའི་མི་ཚེ་ནི། བཙན་པོའི་སྐབས་ཀྱི་སྐྱེས་བ་དར་མ་་ཡོངས་ཀྱི་མི་ཚེ་འདྲ་བར། ཆུང་དུས་གསར་ཏུ་དར་བཞིན་པའི་བསླབ་གྲྭ་སོགས་ལ་འགྲིམས་ནས། ཞི་དྲག་གཉིས་ཀྱི་སློབ་གཉེར་བྱས། དེ་ནས་བཙན་པོའི་དམག་ཕྱོགས་བཞིའི་དགྲ་བཞིའི་དཔུང་བསྐྱོད་ཀྱི་སྐབས་སུ། དྲག་པོའི་དམག་ཏུ་ཞུགས་ནས་རྒྱལ་ཁམས་ཆེད་དུ་དྲག་པོའི་ལས་སྤྱོར་བྱས།དཔའ་བོ་སྟག་གི་ཞལ་ལྕེ་སོགས་བླངས་ཞིང། དྲག་པོའི་དཔུང་བསྐྱོད་དང། དམག་སྒར་འདེབས་ཚུལ་དང། ཆུ་ཆེན་སོགས་ཀྱི་རབས་བརྒལ་ཚུལ་དང། སྒར་དང་མཁར་གཏོར་ཚུལ་སོགས་ནི་གེ་སར་གྱི་སྒྲུང་ལས་བཤད་པ་ལྟ་བུ་ཞིག་ཡིན་པར་སྙམ། དེ་ནས་རྒྱལ་ཁམས་ཞི་འཇམ་དང། དམག་ཞབས་སུ་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ཕེབས་ནས། ཁ་ཅིག་ནི་འཇིག་རྟེན་མཐུན་སྤྱོར་གྱི་ཁྱིམ་ལས་བྱས་བ་དང། ཁ་ཅིག་ནི་གཞུང་ཞབས་བྱས་བ། ཁ་ཅིག་ནི་ཚོང་ལས་འདུ་འགོད། ཁ་ཅིག་རྒྱ་གར་འཕགས་ཡུལ་དང། རྒྱ་ནག་ཁྲང་ཡན། ཏ་ཟིག་སོགས་ལ་སློབ་གཉེར་དང། ཁ་ཅིག་ནི་རབ་ཏུ་བྱུང་བ་སོགས་གང་ཅིའི་ཐད་ནས་ཞི་བའི་མི་ཚེ་ཞིག་རོལ་བཞིན་ཡོད་པར་འདོད་དོ།
ངས་ལྷ་ལུང་དཔལ་རྡོར་འདི་ལ་ཞིབ་དཔྱད་སྐབས་སུ། ཁོང་ནི་བཙན་པོ་རྒྱལ་རབས་ལ་བྱས་རྗེས་ཆེན་པོ་བཞག་པའི་ཡིན་པའི་དམག་དཔོན་ཞིག་མིན་ནམ་སྙམ་ཞིང། དེ་ནི་སེམས་ལ་འཆར་སྟངས་ཙམ་ཞིག་བརྗོད་པར་མིན་པར། རྗེས་དཔག་གི་རྟགས་མང་པོ་ཞིག་བསྟེན་ནས་ངོ་སྤྲོད་ཐུབ་པ་ལྟ་བུ་འདུག། དང་པོ། ཁོ་ནི་མཛད་རྗེས་ཅན་གྱི་བློན་པ་ཞིག་རེད་ཟེར་དོན་ནི། གླང་དར་གྱི་དགེ་འདུན་པ་ཡོངས་རྫོགས་ལ་སྡིག་གྱོང་ཚད་མེད་གཏོང་བཞིན་པའི་སྐབས་སུ། ཁོ་ད་དུང་བྲག་ཡེར་པར་སྒོམ་དུ་བཞུགས་ནས་འདུག་ཐུབ་པ་བྱུང་བ་འདི་ཡིན། ཅི་ཕྱིར་ཞེ་ན། ཁོ་ནི་མི་ཁྱད་པར་ཅན་དང། དམིགས་གསལ་བྱས་རྗེས་ཡོད་པས་དེ་ལྟར་བྱས་པ་ཡིན་པ་ནི་ཏན་ཏན་རེད། དེ་མིན་ཁོ་ཉིད་སྒོམ་དུ་བཞུགས་ཡུལ་གྱི་བྲག་ཡེར་པ་རྒྱལ་ས་ལྷ་ས་ནས་ཐག་མི་རིང་འི་ས་ཞིག་ཏུ་ཡོད་པ་དང། དེ་ནི་ས་སྟོང་ཞིག་མ་ཡིན་པར། ཀུན་གྱིས་ཤེས་བའི་ས་ཞིག་རེད། དེ་བས་གླང་དར་སྨྱོ་བའི་སྐབས་སུའང། ལྷ་ལུང་དཔལ་རྡོར་རང་མུས་སུ་བཞག་པ་ནི། ཁོ་ལ་དམིགས་གསལ་ཁྱད་པར་ཅན་ཞིག་ཡིན་པ་གསལ་བོ་རེད། འཛམ་གླིང་གི་ལོ་རྒྱུས་ཀུན་ལ་ལྟོས་དང་། དེ་འདྲའི་དཔེར་མཚོན་ཤིན་ཏུ་མང་པོ་རེད། གཉིས་བ། ལྷ་ལུང་དཔལ་རྡོར་ནི། དམག་དཔོན་ཞིག་དང་ཁྱད་པར་མདའ་རྩལ་ལ་མཁས་བ་ཞིག་ཡིན་པ་ནི། གླང་དར་ཇི་ལྟར་དཀྲོངས་ཚུལ་དང། དེ་ནས་གཡོལ་ཚུལ་དང། དེ་ནས་དམིགས་གསལ་གྱི་མདོ་སྨད་དུ་སླེབས་ནས། རྡོ་སྦིས་སྟོང་རུ་ལ་ཕེབས་ནས་བཞུགས་པ་བཅས་ཀྱིས་གསལ་བོ་མཚོན་ཐུབ་ཀིན་འདུག། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ། གླང་དར་དཀྲོངས་ཚུལ་ནི་འདི་ལྟར་བཀོད་འདུག། “ཕོད་ཀ་དང་ཞྭ་ནང་དཀར། ཕྱི་ནག་པོ་གྱོན། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག། རྟ་དཀར་སོལ་བ་བྱུགས་པ་ལ་གྱོན་ནས་ཕྱིན”ཞེས་སྔོན་ནས་དམིགས་གསལ་གྱི་གྲ་སྒྲིག་གི་ངང་ནས་སོང་བ་དང། དེ་ནས “རྒྱལ་པོ་ནུབ་ཕྱོགས་ཀྱི་གླ་བའི་ཚལ་ན་མིག་མང་རྩེ་བཞིན་ཡོད་པ་འབངས་རྣམས་ཀྱི་ངུ་འབོད་ཐོས་བས་སེམས་མ་བདེ་སྟེ། རྡོ་རིང་གི་ཡི་གེ་ཀློག་གིན་ཡོད་པས་མཐོང་སྟེ། མགོན་པོ་ནག་པོ་བྱུང་ཟེར་སྐད། དེར་རྟ་བབས། རྒྱལ་པོ་རྡོ་རིང་གི་རུས་སྤལ་ལ་སྒུ་སྟེགས་སུ་འདུག་པ་ལ་ཕྱག་བྱེད་པ་ལྟར་བཅོས་ཏེ། ཕྱག་དང་པོ་ལ་ཕུ་ཐུང་གི་ནང་དུ། མཐེབ་ལྟོང་སྤྲད། གཉིས་པ་ལ་མདའ་བཀང། གསུམ་པ་ལ་འཕངས་བས་སྨིན་མཚམས་སུ་ཕོག་སྟེ། མདེའུ་ལྟག་པར་ཕྱུང། ཡང་ན་ལོ་གསུམ་གྱིས་སྔས་ཡང་ན་ལོ་གསུམ་གྱིས་ཕྱིས་ཞེས་བ་ཁ་ནས་ཤོར་ཏེ་ཕྱག་གཉིས་མདའ་ལ་འཇུས་ནས་དཀྲོངས”ཞེས་ཇི་ལྟར་དཀྲོངས་ཚུལ་གྱི་སྐོར་གསལ་བོ་འདུག། འདི་ལ་་དཔྱད་ན། ལྷ་ལུང་དཔལ་རྡོར་ཉིད་ལ། གླང་དར་དང་ཁོའི་སྲུང་དམག་དག་གིས་ཡིད་ཆེས་ཡོད་པ་ཞིག་ཏན་ཏན་ཡོད་པར་ངེས། ཅི་ཕྱིར་ཞེ་ན། གླང་དར་ལ་སྲུང་བདམག་ཡོད་པ་ནི་་ཏན་ཏན་རེད། དེ་བས་མི་རྣམས་ཁོ་གམ་དུ་སླེབས་དགོས་ན། སྲུང་དམག་རྣམས་ཀྱིས་ལུས་པོ་ཞིབ་གཤེར་དང། མཚོན་ཆ་སོགས་དོ་དམ་བྱ་རྒྱུ་ཡིན་པའང་ཏན་ཏན་རེད། དེའི་ཕྱིར། སྲུང་དམག་དེ་དག་གིས་ལྷ་ལུང་དཔལ་རྡོར་གྱིས་གླང་དར་དང་ཐག་མི་རིང་བའི་སར་ཡོང་བར་བཅུག་པ་དང། ཁོ་ལ་དོགས་པ་དེ་འདྲ་མེད་པའང། མ་མཐའ་ཡང་ལྷ་ལུང་དཔལ་རྡོར་ནི། གླང་དར་སོགས་ཀྱིས་ཤེས་བ་དང་ཡང་ན་འབྲེལ་འདྲིས་ཡོད་པ་ནི་ཏན་ཏན་རེད། དེ་བས་ཀྱང་ཁོ་ནི་དམིགས་གསལ་ཞིག་ཡིན་པ་མཚོན་བཞིན་འདུག། གསུམ། དེ་ལས་ཀྱང། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། དམག་དཔོན་ཞིག་དང། ཁྱད་པར་ཏུ་མདའ་རྩལ་ལ་མི་སྲིད་པའི་མཁས་བ་དང། གཡུལ་འཁྲུག་གི་ནང་ཞུགས་ནས་མི་སོགས་བསད་ཡོད་པ་ནི། ཁོང་གིས་གླང་དར་དཀྲོངས་བའི་སྐབས་ཀྱི་རྣམ་འགྱུར་དང། མདའ་མོ་རྒྱག་སྟངས། དེ་ནས་བྲོས་སྟངས་སོགས་ཀྱིས་གསལ་བོ་མཚོན་ཀིན་འདུག། དེ་མིན་དེ་ལྟར་སེམས་རྣལ་ཏུ་ཕབ། འཇིགས་སྣང་སོགས་ཅི་ཡང་མེད་པར་མདའ་གཅིག་གིས་གླང་དར་གྱི་སྨིན་མཚམས་སུ་རྒྱག་ཐུབ་པ་ཞིག་རྩ་བ་ཉིད་ནས་མ་རེད། དེ་བས་ངས་བསམ་ན། ཕལ་ཆེར་ལྷ་ལུང་དཔལ་རྡོར་ཉིད་མདའ་རྐྱང་གཅིག་ཙམ་གྱིས་སར་བསྡད་ནས། ཕྱག་དང་པོ་ལ་མཐེབ་ལྟོང་སྤྲད། གཉིས་བ་མདའ་བཀང། གསུམ་པ་ལ་འཕངས་བར་སྙམ། གང་ལྟར་ཀྱང་འདི་ལས་ཤེས་ཐུབ་པ་ནི། ལྷ་ལུང་དཔའ་རྡོར་གྱི་མདའ་རྩལ་དང། ལྷུན་ཆགས་དང། སེམས་པ་རྩེ་གཅིག་མ་དེ་ནི། དམག་མི་ཆེད་དུ་ལོ་མང་པོ་སྤྱོང་བརྡར་བྱས་པ་དང། གཡུལ་ཐབས་ནང་དུ་དངོས་སུ་ཞུགས་པ་ཞིག་ལས། བསམ་ཡས་ཀྱི་གྲྭ་བ། མི་ཚེའི་བྲག་ཕུང་གཅིག་གི་ནང་བསྐྱལ་བ་ཞིག་གིས་ཐད་ཀར་དུ་བྱས་ཐུབ་པ་ཞིག་རྩ་བ་ཉིད་ནས་མ་རེད། དེ་ལྟར་བྱེད་དགོས་བ་ལ། སེམས་པ་རྩེ་གཅིག་པ་དང། ཞུམ་མེད་ཀྱི་དཔའ་བོའི་སྙིང་སྟོབས་ཞིག་དགོས་བ་རེད། ཕྱག་འཚལ་དུས། གཞན་གྱིས་དོགས་ཟོན་མི་ཡོང་ཆེད། སྐྲག་འདར་དང་་སེམས་གཡེང་བ་སོགས་བྱས་མི་ནུས་ཞིང། གལ་སྲིད་དེ་ལྟར་བྱས་་ཡིན་ཚེ། གཞན་གྱིས་ཤེས་དོགས་ཡོད། དེ་བས་སྐད་ཅིག་མ་ཙམ་གྱི་རིང་་སེམས་ཀྱི་རྒྱུ་བ། ལུས་ཀྱི་རྣམ་འགྱུར།རླུང་ཐམས་ཐམས་ཅད་མ་ནོར་བྱས། གཡོལ་བ་མེད་པར་བྱས་ནས།མཐར་མདའ་དེ་འཕངས་དགོས་བ་ཞིག་རེད།དེ་བཞིན་མདའ་དེའང་ལུས་ཀྱི་ཆ་ཤས་ཡོངས་རྫོགས་སུ་མ་ཕོག་པར། སྨིན་མཚམས་སུ་ཕོག་པ་དེ་ནི། ཧ་ལས་བ་ཞིག་རེད། ཕྲན་གྱིས་འདིའི་སྐོར་ཨ་རིའི་དམག་མི་མེ་མདའ་རྒྱག་པའི་མཁས་དབང་་ཞིག་ལ་དོགས་གཞིའི་བཅའ་འདྲི་སྐབས་སུ། ཁོང་གིས་ལོ་རྒྱུས་དེ་ལ་དཔྱད་། ལྷ་ལུང་དཔལ་རྡོར་ནི་དམིགས་གསལ་གྱི་མདའ་ལ་མཁས་ཞིང། དམག་རྩལ་གྱི་ཉམས་མྱོང་གི་ཕྱུག་པ་ཞིག་རེད་ཅེས་དང། མི་ཞིག་གིས་ཐོག་དང་པོ་དང་ལྷག་པར་ཏུ་རྒྱལ་བོ་ཞིག་བསོད་དགོས་ན། དེ་ལྟར་ལྷུན་ཆགས་པ་དང། སེམས་རྩེ་གཅིག་པ་ཞིག་གཏན་ནས་ཡོང་ཐུབ་ཀིན་མ་རེད་ཅེས་བཤད་བྱུང། ཞོར་ཏུ་དེ་བཞིན་བོད་ཀྱི་ལོ་རྒྱས་སུ་མདའ་དང་གཞུ་དེ་དག་གང་ནས་བྱུང་བ་སོགས་བཤད་མི་འདུག་མོད། མིའི་མགོ་བོ་སྲ་མོ་ཡོད་པ་དང། ལྷག་པར་སྨིན་མཚམས་ནས་ཕོག་ནས་མདེའུ་ལྟག་པར་ཕྱུང་བ་ཡིན་ན། མཁྲེགས་པོ་ཅན་གྱི་དཔྲལ་རུས་དང། ཀླད་སྐྱི། ཀླད་རྩ་སོགས་ཐམས་ཅད་ཕུག་ནས་ཕར་ཐོན་དགོས་བ་ཞིག་རེད། དེ་བས་གཞུ་དང་མདེའུ་དག་གི་རྒྱུ་ཆ་དང། ཤུགས་ཀྱང་ཧ་ལས་བ་ཡོད་པ་ནི། དེང་དུས་ཀྱི་མདོ་སྨད་ཀྱི་གཅན་ཚ་དང་བ་ཡན་ཕྱོགས་ཀྱི་མདའ་འཕེན་པ་དག་ལ་ཕྲིས་དང་གསལ་བོ་བཤད་ཡོང་གིན་རེད། དེའི་ལག་བཟོ་མཁན་ཐམས་ཅད་ཧ་ལས་བ་ཞིག་ཡིན་པ་གདོན་མི་ཟ། མདའ་སྨིན་མཚམས་ནས་ཕོག་ནས་ལྟག་ཏུ་ཕྱུང་བ་ལས་དེའི་ཤུགས་དང། རྒྱུ་ཆ་དང། ལག་རྩལ་དེ་གསལ་བོ་མཚོན་བཞིན་འདུག། བཞི། དེ་བཞིན་གླང་དར་དཀྲོངས་རྗེས། ཁོ་ལ་དམག་དཔོན་དང་དམག་མི་དག་གི་ཁྲོད་དུ། དམིགས་གསལ་གྱི་རྒྱབ་སྐྱོར་དང། སྲུང་སྐྱོབ་ཐེབས་པ་ནི། ཁོང་ཉིད་ལྷ་ས་དང། མངའ་རིས། གཞན་ལི་ཡུལ་སོགས་བརྒྱུད་ནས་མདོ་སྨད་དུ་ཕེབས་ཐུབ་པ་འདིས་ལས་ཤེས་ཐུབ། དེ་མིན་རྒྱལ་བོ་ཞིག་དཀྲོངས་རྗེས། དེ་འདྲའི་ས་ཐག་རིང་པོ་བསྐོར་ནས་ཡུལ་གཞན་དུ་འབྲོ་ཐུབ་བྱུང་བ་ནི། དམིགས་གསལ་རེད། དེ་བས་ཁོ་ལ་ཞབས་འདེབས་བྱེད་མཁན་དང།གསང་འཕྲིན་སྤྲོད་མཁན།ལམ་བར་ཏུ་ཟས་གོས་སྤྲོད་པ་སོགས་ཡོད་པ་ནི་ཏན་ཏན་རེད། འདི་དག་ལས་ཀྱང་བོད་འབངས་མི་དང་དམག་དཔོན། དམག་མི་རྣམས་གླར་དར་སྲིད་གཞུང་ལ་དགའ་བོ་མེད་པ་དང། རྒྱལ་བོ་དེ་དཀྲོངས་པ་ལ་དགའ་འབོད་མཆོད་བསྟོད་བྱས་ཡོད་པའང་གསལ་བོ་ཡིན་པ་མ་ཟད། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡི། དབང་སྒྱུར་གྲལ་རིམ་ལ་ངོ་རྒོལ་བྱེད་མཁན་ཞིག་དང། འབངས་མི་དག་གི་སེམས་ཁོང་གི་དཔའ་བོ་ཡིན་པའང་གསལ་བོ་རེད། ལྔ། དེ་བཞིན་ངས་ལྷ་ལུང་དཔལ་རྡོར་གྱིས་ཁོ་རང་བཙན་བྱོལ་ཏུ་འགྲོ་ས། བོད་རྒྱ་བར་གྱི་ས་མཚམས་ཏན་ཏིག་དང་རྡོ་སྦིས་སྟོང་རི་འདེམས་པའང་ཆབ་སྲིད་དང། བོད་ཞེན་གྱི་དགོངས་པ་རྒྱ་ཆེན་པོ་ཞིག་ཡོད་པ་མ་ཟད། ཁོ་རང་ཆུང་དུས་དམག་ནང་དུ་ཞུགས་པའི་བག་ཆགས་ཞིག་ཀྱང་ཡིན་པར་སེམས། ཅིའི་ཕྱིར་ཞེ་ན། ཁོ་ལྷ་ས་ནས་ཐོག་དང་པོ་མངའ་རིས་བརྒྱུད་ནས།ལི་ཡུལ་དུ་ཕེབས་དུས། དེ་དུས་སྟོབས་ཤུགས་རྒྱས་བཞིན་པའི་ཨ་རབ་ཀྱི་དམག་ཁོངས་སུ་སྐྱབས་བཅོལ་ཞུ་བར་འགྲོ་ཆོག་པ་དང་། ལྷག་པར་རྒྱ་ནག་ཐང་ལ་བཙན་བྱོལ་དུ་འགྲོ་ཆོག་ཆོག་ཅིག་རེད་བསམ་ཀིན་འདུག་མོད། ཁོང་གིས་རྒྱལ་ཁམས་དེ་གཉིས་མ་འདེམས་པར། བོད་རང་གི་ས་ཁོངས་མདོ་སྨད་ཀྱི་ཡུལ་ཏན་ཏིག་སོགས་འདེམས་པ་དེ་རེད། རྟགས་དང་གཏན་ཚིགས་འདི་དག་ལ་བརྟེན་ནས་ངས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། བསམ་ཡས་སུ་རབ་ཏུ་མ་བྱུང་བའི་སྔོན་དུ། དམག་འཁྲུག་སོགས་ལ་ཞུགས་མྱོང་ཞིང། མདའ་རྩལ་ལ་ཕུལ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཞིག་རེད།
དེ་ནས་ང་ཚོ་ངེས་པར་ཏུ་འདྲི་དགོས་བ་ཞིག་ནི། འདི་འདྲ་བའི་ཆུང་དུས་རང་སྲོག་ཕྲ་མོ་འབེན་ལ་བཞག་ནས་རྒྱལ་ཁམས་ལ་སྲི་ཞུ་སྒྲུབ་པ། གང་ཅིའི་ཐད་ནས་མཛད་རྗེས་ཅན་གྱིས་དམག་དཔོན་ཞིག་དང། མདའ་རྩལ་བ། སྒོམ་ཆེན་པ་ཞིག་བྲག་ཕུག་ནང་དུའང་འདུག་མ་ཐུབ་པར། མི་ཞིག་བསོད་བསམ་པ་དང། ལྷག་པར་ཏུ་མཛད་རྗེས་ཅན་གྱི་མེས་དབོན་གསུམ་གྱི་རྒྱལ་བརྒྱུད་ཅན་གྱི་རྒྱལ་བོ་ཞིག་བསོད་འདོད་ཀྱི་ཀུན་སློང་སྐྱེས་བ་འདིས་། གླང་དར་གྱི་སྐབས་སུ། མེས་དབོན་རྣམ་གསུམ་སོགས་ཀྱི་སྐབས་དང་མི་འདྲ་བར། བདུད་རྒྱལ་དེས་ཕྱི་འབྲེལ་དང། དཔལ་འབྱོར་འདུ་འགོད། ཤེས་རིག་གི་ཐད་ལ་མི་ཟད་པའི་ནོར་འཁྲུལ་བྱས་བ་མ་ཟད། རང་གི་སྤུན་མཆེད་ཁྲི་རལ་དཀྲོངས། འབངས་མི་དག་གི་ཆེས་མཐོང་མི་འདོད་པ་དང་བཟོད་མི་ཐུབ་པ་ནི། ཡ་ང་བའི་གནར་གཅོད་དང། དྲག་གནོན་བྱས་ནས་འབངས་མི་རྣམས་ལ་མི་ཟད་པའི་སྡུག་བསྔལ་དང། ཁོང་ཁྲོ། ཞེ་སྡང་ཡོད་པ་མཚོན་ཐུབ་པ་མ་ཟད། གླང་དར་སྲིད་བྱུས་ལས་སྒོམ་ཆེན་ཞིག་ཀྱང་འདུག་མི་ཐུབ་པར་བཟོད་མི་ཐུབ་པར་བྱས་པ་འདི་ལས་ཤེས་ཐུབ། གླང་དར་གྱི་སྲིད་སྐྱོང་ཚུལ་ནི། ཇི་འདྲའི་མུན་ནག་དང། བདུག་རྩུབ། ཡ་ང་བ་ཞིག་ཡིན་པ་རྟོགས་ཐུབ། དེ་བཞིན་ཤིན་ཏུ་གལ་ཆེ་བ་ཞིག་ལ། ཆབ་སྲིད་ཀྱི་དགོས་འདོད་དང་དམིགས་ཡུལ་གཅིག་ཀྱང་མེད་པའི་སྒོམ་ཆེན་ཞིག་གིས་རྒྱལ་བོ་ཞིག་བསོད་པའི་སྤྱོར་བ་བརྩམས་པ་ནི། གང་གི་ཐད་ནས་བལྟས་ཀྱང་འབངས་མི་དག་གི་སྡུག་བསྔལ་དང། སེམས་ཁམས་དེ་མཚོན་ཐུབ། དེའི་ཕྱིར། ལྷ་ལུང་དཔལ་རྡོ་ལ་ཆ་བཞག་ན། མཐར་གཞན་དོན་ཁུར་འཁྱེར་གྱི་སྐྱེས་བུ་སྙིང་སྟོབས་ཅན། འབངས་མི་ཁོ་ནར་སེམས་པའི་དཔའ་རྒོད་ཅན། བོད་ཀྱི་བསྟན་སྲིད་ཐམས་ཅད་ལ་དགོངས་ནས་སེམས་སུ་མ་བཟོད་པར་སྡིག་རྒྱལ་འདི་བསོད་པའི་སྤྱོར་པ་བརྩམས་པ་རེད། འདི་ནི་ཆོས་སྲིད་གང་གི་ལུགས་སུ་མཐུན་པ་ཞིག་ཡིན་པ་མ་ཟད། ངེས་པར་ཏུ་བྱེད་དགོས་བ་ཞིག་ཀྱང་རེད། འདི་ལྟར་ལྷ་ལུང་དཔལ་རྡོར་གྱིས་གླང་དར་དཀྲོངས་བའི་ཀུན་སློང་དང། ཁོང་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས། ཁོང་གིས་སྙིང་སྟོབས་དང་སྤོབས་པ་ཆེན་པོས་གླང་དར་དཀྲོངས་ཚུལ་ལས་འཕྲོས་ནས་བཤད་འདོད་པའི་སྡོམ་ཚིག་ནི་ཅི་ཡིན་ཞེ་ན། ནུབ་ཀྱི་མི་རིགས་རིག་པའི་གྲུབ་མཐའ་ལས་འཕྲོས་བའི་སྡོམ་ཚིག་འགའ་ཡིན། ༼༡༽ཞོགས་དུང་དང་འབྲོང་བུ་རྡོ་རྗེ་ཚེ་རིང་སོགས་ལོ་རྒྱུས་དངོས་གཙོ་རྩོད་སྒྲུབ་རིང་ལུགས་པ་དག་གིས། བོད་ཀྱི་ལོ་རྒྱུས་རྒྱལ་རབས་དང་བཅས་བ་ལ་དོགས་སློང་དང། ཁྱད་པར་ཏུ་༼ཆོས་འབྱུང་༽ཞེས་ཆོས་ལུགས་པ་དག་གིས་བསམ་བཞིན་དུ་གླང་དར་གྱི་ལོ་རྒྱུས་སྐོར་ལ་གསར་བཟོ་དང།སྒྲོ་འདོགས་བྱས་ཡོད་པ་འདྲ་བ་ཞིག་བཤད་པ་ནི། བོད་ཀྱི་དེབ་ཐེར་སོགས་ལས་གླང་དར་གྱིས་ཆོས་ལུགས་དད་མོས་ལ་དགག་འགོག་དང། དཔེ་ཆ་མེ་ལ་བསྲེགས་པ་དང། རྒྱ་གར་སོགས་ཀྱི་རྒྱལ་ཁམས་ཁག་གི་མཁས་བ་དག་ཕར་སྤྲོད། གཙུག་ལག་བསླབ་གྲྭ་སོགས་སྒོ་བརྒྱབ་པ་དང། རྒྱ་གར་དམག་གི་ཚོང་སྒོ་བཅད་པ། རྒྱལ་ཁྲིམས་གཤིག་པ། བློན་ཆེན་བྱས་རྗེས་ཅན་དག་ལ་དོན་མེད་དུ་འཛིན་བཟུང་དང། གཏུབ་གསོབ་བྱས་པ་སོགས་ལ་དམག་དོན་དང། དཔལ་འབྱོར། ཆབ་སྲིད་ཀྱི་སྟེང་ནས་རྒྱས་བཤད་ཡོད་པ་དག་ལ་ཞིབ་འཇུག་མགོ་འབུས་ཙམ་ཀྱང་བྱས་མ་ཐུབ་པའི་རྨོངས་གཏམ་བཤད་པ་ཁོ་ན་རེད། ༼༢༽བོད་ཀྱི་ཆོས་འབྱུང་རྩོམ་མཁན་རྣམས་ལ། ཁོ་ཚོའི་རིག་གཞུང་དང། དུས་རབས། གཏན་ཚིགས། སྒྲུང་གཏམ་སོགས་ཀྱིས་ཤན་ཞུགས་ཡོད་པ་བཞིན་དུ། ཞོགས་འབྲོང་སོགས་ཀྱིས། རྒྱལ་ཁམས་ཀྱི་བདེ་སྡུག་དང། མི་དམངས་ཀྱི་བདེ་སྐྱིད་ནི། དྲག་ཞུགས་དང། བདུག་རྩུབ་ཅན། ཐམས་ཅད་གླང་དར་མ་མི་གཅིག་གིས་ཐག་གཅོད་དགོས་བ་འདྲ་བ་ཞིག་བཤད་བཞིན་པ་ནི།་དངོས་གཙོ་རྩོད་སྒྲུབ་རིང་ལུགས་པ་དང། ལྷག་པར་ཏུ་རིག་གནས་གསར་བརྗེ་དང། སི་ཏ་ལེན་སོགས་ཀྱི་ཤན་ཤུགས་ཡོད་པ་ནི་ཏན་ཏན་རེད། དེ་མིན་རྒྱལ་ཁམས་གང་ཡིན་ཀྱང་དེ་་ནི་མི་གཅིག་གི་མིན་ཞིང། རྒྱལ་བོའི་འགན་ཁུར་གཙོ་བོ་ནི། འབངས་མི་རྣམས་ཀྱི་ཞེ་འདོད་དང། དད་མོས། བདེ་སྡུག་སོགས་ལ་སྲུང་སྐྱོབ་དང། ལེགས་བཅོས་བྱ་རྒྱུ་དེ་རེད། གལ་སྲིད་སྲིད་གཞུང་ཞིག་དང། ཡང་ན་རྒྱལ་བོ་ཞིག་གིས་དོན་གྱི་ཕྲ་མོ། རང་གི་དབང་ཆ་དེ་འབངས་མི་ནས་ཡོང་བ་མ་ཤེས་བར། གང་འདོད་དང། གང་དྲན་བྱས་ན། སྲིད་གཞུང་དེ་དང་རྒྱལ་བོ་དེ་ལ་འབངས་མི་དག་དབང་སྒྱུར་བྱས་པའི་ཐོང་ཐང་ངམ། ཡང་ན་བསོད་ནམས་ཟད་ཚར་པ་རེད། དེ་བཞིན་ནམ་ཞིག་སྲིད་གཞུང་འཐོར་འགྲོ་བ་ཞིག་དང། རྒྱལ་བོ་དེ་ལ་དབང་སྒྱུར་བྱས་པའི་ཐོབ་ཐང་མེད་པར་ཆགས་འགྲོ་ཀིན་རེད། འདི་ནི་འཛམ་གླིང་ལོ་རྒྱུས་གང་དུ་བལྟས་ཀྱང་གསལ་བོ་རེད། ༼༣༽ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། བོད་ཀྱི་སྐད་ཆ་ལྟར་བྱེད་ན། གཞན་དོན་འབའ་ཞིག་བསམ་པའི་བྱང་ཆུབ་སེམས་དཔལ་ཞིག་དང། དེང་དུས་ནུབ་ཀྱི་སྲིད་སྒྲུབ་རིག་པའི་ཐ་སྙད་ལྟར་བྱེད་ན། ཁོ་ནི་དམངས་གཙོའི་ལས་འགུལ་བ་ཞིག་དང། གསར་བརྗེ་བ་ཞིག་རེད། ཁོས་ཆབ་སྲིད་རིག་པའི་དོན་སྙིང་དེ་ངོ་ཤེས་ཀིན་འདུག། དེ་ནི་སྲིད་དབང་ཟེར་པ་ནི། མི་མང་གིས་བདེ་སྡུག་དང། སྤྱི་མཐུན་གྱི་ཁེ་ཕན་སྒྲུབ་བྱེད་ཏུ་བཙུགས་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཞིག་ཡིན་ཕྱིར། སྲིད་དོན་པ་དག་གིས་རྩ་བའི་དོན་རྩ་ཡང། འབངས་མི་རྣམས་ཀྱིས་བཅོལ་བའི་ལས་དོན་དེ་སྒྲུབ་བྱེད་ཕྱིར་རེད། དེ་ལྟར་མ་བྱེད་ན། འབངས་མི་དག་ལ་སྡུག་པོ་དང། གནར་གཅོད་སོགས་བཏང་བ་ཡིན་ཚེ། ནམ་ཞིག་ཆོས་ལྟར་བྱེད་ནས་ལས་དང་རྒྱུ་འབྲས། དེང་དུས་སྐད་ཆ་བཤད་ན། དངོས་བོའི་བཤིས་ལུགས་ཀྱིས་སྲིད་གཞུང་གི་རྩ་དོན་དེ་ཤོར་འགྲོ་བ་་དང། སྲིད་དོན་པ་དེ་ཚོ་ལའང་སྲིད་སྐྱོང་བའི་ཐོབ་ཐང་དེ་ཤོར་འགྲོ་བ་རེད། རྒྱལ་རབས་ལོ་རྒྱུས་གང་དུ་བལྟས་ཀྱང་གླང་དར་སྲིད་གཞུང་གི་དོན་རྩ་དེ་ཤོར་འདུག། ལྷ་ལུང་དཔལ་གྱིས་རྡོ་རྗེས་རང་སྲོག་བློས་བཏང་ནས། སྡིག་ཅན་གླང་དར་བསད་པ་ནི། བོད་ཀྱི་དམངས་གཙོའི་ལས་འགུལ་གྱི་མི་ཐོག་དང་པོ་དང། འཛམ་གླིང་ལོ་རྒྱུས་ཐོག་ཏུའང་འདི་འདྲ་དཀོན་པོ་རེད། ༼༤༽མདོར་ན་ལྷ་ལུང་དཔལ་རྡོ་ནི། ཞོགས་འབྲོང་སོགས་ཀྱིས་སྡོམ་ཚིག་བཞག་པ་ལྟ་བུའི་བོད་ཀྱི་བཙན་པོ་རྒྱལ་རབས་འཇུག་བསྡུ་མཁན་དེ་མ་ཡིན་པར།ཁོ་ནི་གཞན་ཕན་དང། འབངས་མི་སེམས་སུ་བཟུང་ནས། སྒེར་གཅོད་པ་དང་། གཏུམ་དྲག། བདུག་རྩུབ་ཅན། བླུན་པ་ཐན་ནག་ཅན་གྱི་གླང་དར་གསོད་མཁན་དེ་རེད། དེ་བས་ཁོ་ནི་བོད་ལ་བྱས་རྗེས་ཅན་གྱི་དཔའ་བོ་དང། བྱང་ཆུབ་སེམས་དཔའ། འཛམ་གླིང་ལོ་རྒྱུས་ཐོག་གི་མུན་ནག་དང། ཀླ་ཀློ། བདུག་རྩུབ་ཅན་གྱི་སྲིད་གཞུང་ལ་རྒོལ་མཁན་གྱི་གསར་བརྗེ་འོས་ལངས་བ་ཞིག་རེད། དེ་བས་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཁོ་འདྲ་བའི་མི་ནམ་ཡང་སྐྱེས་དགོས་བའི་སྨོན་ལམ་དང། ཡོད་པ་རྣམས་ལ་མཆོད་བསྟོད་བྱེད་དགོས་བ་ཞིག་རེད། མཐར་ཐུག་ན། བཙན་པོའི་རྒྱལ་རབས་ས་ལ་བསྲེས་མཁན་ནི། གླང་དར་གྱི་ཆབ་སྲིད་དང། དཔལ་འབྱོར། ཤེས་རིག་སྲིད་བྱུས་དེ་རེད་མ་གཏོགས། ལྷ་ལུང་དཔལ་རྡོར་མ་རེད།
མཐར་གཞན་དོན་ཁུར་འཁྱེར་གྱི་ལྷ་ལུང་དཔལ་གྱི་རྡོ་རྗེ་དང། ཁོང་གི་སྐུ་ཚེའི་སྨད་གྱི་བཞུགས་སའི་མདོ་སྨད་རྡོ་སྦིས་ལྷ་ལུང་མཚོ་སོགས་ཀྱི་སྐོར་ལ་སྐད་ཆ་འགའ་བཤད་འདོད་བྱུང། ཅི་ཕྱིར་ཞེ་ན། དེ་ནི་བོད་ཀྱི་ལོ་རྒྱུས་དང། འཛམ་གླིང་བཙན་རྒྱལ་རིང་ལུགས་དང་སྒེར་གཅོད་པ་ལ་ངོ་རྒོལ་བྱས་པའི་ལོ་རྒྱུས་གལ་ཆེ་བ་ཞིག་ཆགས་འདུག་པ་མ་ཟད། རང་གི་ལྟེ་ཁྲག་འབོར་སའི་ཡུལ་དེ་ལ་ཐད་ཀར་འབྲེལ་བ་འདུག་པས། སྐད་ཆ་འདི་འདྲ་ཞིག་བཤད་འདོད་སྐྱེས་སོང། ཁོང་གིས་སྡིག་རྒྱལ་གླང་དར་མ་དཀྲོངས་རྗེས། ཁོ་ཉིད་མདོ་སྨད་སྟོང་རུ་མཚོ་ནག་དུ་ཕེབས་ཞིང། དེས་ཅི་ཞིག་མཚོན་ཀིན་འདུག་གིན་ཞེ་ན། གཅིག། ཁོང་ལ་བོད་ཞེན་ཆེ་བའི་རྟགས་མཚོན་པ་རེད།དེ་ནི་ཁོང་གིས་བོད་ས་རང་ནས་མི་ཚེ་ཕྲ་མོའི་གཏོང་འདོད་པའི་སེམས་ཀྱི་འཁྱེར་སྟངས་ཞིག་གིས་ཡིན་པར་སྙམ་པ་དང། གཉིས་བ། མདོ་སྨད་ནི་་ཁོ་ཉིད་ཆུང་དུས་དམག་ཏུ་ཞུགས་དུས་བཞུགས་མྱོང་བ་དང། ལྷག་པར་ཏུ་་ད་དུང་དམག་དཔོན་གཡུ་ཚ་སོགས་ད་དུང་ས་མཚམས་སྲུང་བའི་དམག་མི་མང་པོ་ཡོད་པ་དང། ལྷག་པར་ཏུ་ཏན་ཏིག་ཡུལ་ཏུ་ནང་ཆོས་ཀྱང་རྒྱ་ཆེན་པོར་དར་བཞིན་འདུག་པས། དེ་ལ་ཕེབས་པ་ནི་ཞིག་ཡིན་པར་སྙམ། མདོ་སྨད་ཏན་ཏིག་འདི་དང། རྡོ་སྦིས་སྟོང་རུ་སོགས་བཙན་པོ་དམག་གི་གཡུལ་འགྱེད་བྱེད་ས་དང། ནང་ཆོས་སོགས་དར་བཞིན་པ་ནི། ཏུན་ཧོང་གཏེར་ཡིག་དང། ཕྱིས་སུ་བོད་ཀྱི་མཁས་བ་མི་གསུམ་ཕེབས་པ་དང། བླ་ཆེན་དགོངས་བ་རབ་གསལ་སོགས་བྱུང་བས་ཀྱང་གསལ་བོ་མཚོན་ཐུབ་པ་ལྟ་བུ་རེད། གསུམ།ཏན་ཏིག་ཡུལ་དང་རྡོ་སྦིས་སྟོང་རི་ནི། རྨ་ཆུའི་ཕར་ནང་ནང་དུ་ཡོད་ཁར། གཉིས་ཀ་རང་བྱུང་བྲག་དང་ཡུལ་ལུང་སོགས་ཀྱིས་ས་བཙན་པོ་ཡོད་པ་དང། གལ་སྲིད་གླང་དར་གྱི་རྗེས་འཇུག་པ་དག་གི་དཔུང་འཇུག་དང། སོ་ཉུལ་སོགས་བཏང་ཚེ། འགྲོ་དཀའ་བའི་ས་ཁུལ་གཉིས་རེད། དེ་ལྟར་ས་ཁུལ་དེ་གཉིས་ཆེན་པོ་ཐང་གི་རྒྱལ་མཚམས་སུའང་འདུག་པས། གལ་སྲིད་གླང་དར་གྱི་ཕྱོགས་རྒྱལ་ཚེ། རྒྱ་ནག་དུའང་འགྲོ་བ་ལས་སླ་བོ་ཡོད་པ་རེད། གསུམ། ས་དེ་གཉིས་སྒོམ་ཆེན་པ་བཞུགས་ན་ཉམས་ཕེབས་ས་ཞིག་ཏུ་ངེས་བས། རྒྱལ་བོ་དྲི་མེད་ཀུན་ལྡན་སོགས་ཕེབས་པའི་བཤད་སྲོལ་ཡོད་པ་དང། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོགས་ཆེད་དུ་ཕེབས་པ་ལས་སོགས་ཀྱང་གསལ་བོ་ཤེས་ཐུབ། ཡང་འདིར་བཤད་དགོས་བ་ཞིག་ལ། ཉེ་ལམ་གྱི་མཁས་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་ལྷ་ལུང་མཚོ་ནི། ཏུང་ཧོང་གཏེར་ཡིག་ལས། བློན་ཆེན་མགར་སྟོང་བཙན་གྱི་རིང་དུ། བོད་མི་སྟོང་གཅིག་གིས་རྒྱ་ནག་ཁྲི་བརྒྱད་བསད་པའི་གནས་སྟོང་རི་མཚོ་ནག་རེད་ཅེས་གསུང་འདུག་མོད། དེ་ནི་ལྷ་ལུང་དཔལ་རྡོར་ཉིད་མ་ཕེབས་པའི་སྔོན་ཡིན་པར་མངོན་ཏེ། ལྷ་ལུང་དཔལ་རྡོར་ཕེབས་རྗེས། སྟོང་རུ་མཚོ་ལ་ལྷ་ལུང་མཚོ་ཞེས་འབོད་པ་རྡོ་སྦིས་ཀྱི་གནའ་མི་ཞིག་ལ་དྲིས་ན་གསལ་བོ་ཤེས་ཡོང་གིན་རེད། ཁོ་ཉིད་བཞུགས་སའི་མདོ་སྨད་རྡོ་སྦིས་༼རྡོ་གཡུ། རྡོ་དབྱི་སོགས་ཞེས་འབྲི་མཁན་ཀྱང་ཡོད༽ཡུལ་དུ། ཁོ་ལ་དམིགས་གསལ་གྱི་མཆོད་བསྟོད་བྱས་ནས། བྱིས་བ་རྣམས་ལ་ཁོང་གི་མིང་སྟེ། ལྷ་ལུང་དཔལ་རྡོ། ལྷ་ལུང་ཐར། ལྷ་ལུང་རྡོ་རྗེ། ལྷ་ལུང་ཚེ་རིང། ལྷ་ལུང་མཚོ། ལྷ་ལུང་སྐྱིད། ལྷ་ལུང་དོན་གྲུབ་སོགས་ཀྱི་མིང་འདོགས་སྲོལ་ཡོད། འདི་ནི་མི་ཟད་པའི་ཡུལ་སྲོལ་ཡག་པོ་འདུག་པ་མ་ཟད་། བོད་ཀྱི་བྱིས་བ་ཐམས་ཅད་ཀྱི་མིང་ཡང། བོད་ལ་མཛད་རྗེས་ཅན་གྱི་བློན་ཆེན་དག་གི་མིང་སྟེ། སྟག་སྒྲ་ཀླུ་ཁོང། མགར་སྟོང་བཙན། ལྷ་ལུང་དཔལ་རྡོ་སོགས་ཀྱང་རྒྱ་ཁྱབ་དུ་འདོགས་དགོས་བ་ཞིག་རེད། དེ་མིན་ང་ཚོ་དམངས་གཙོ་ལ་དགའ་བ་དག་གིས་ཁོང་ལ་རྗེས་དྲན་བྱེད་དགོས་བ་དང། དུས་རྒྱུན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་གསུང་བ་ལྟར། ཁོ་ལ་མཆོད་བསྟོད་སོགས་བྱེད་དགོས་བ་རེད། དེའི་ཕྱིར་ངས་དེ་རིང་འདི་ནས། རབ་བྱུང་ན། ཕོ་བྲང་པོ་ཏ་ལའི་མདུན་དང། དེ་ལྟར་མ་བྱུང་ན། མདོ་སྨད་ཡ་རྫི་ཏན་ཏིག་དང། རྡོ་སྦིས་སྟོང་རིའི་ལྷ་ལུང་གཡུ་མཚོ་གང་རུང་དུ། དམངས་གཙོ་དོན་གཉེར་པ་འདིས་སྐུ་འདྲ་ཆེན་པོ་བྲག་རི་དང་མཉམ་པ་ཞིག་བཞེངས་ནས། ལོ་རེ་ལ་ཁོང་གི་མཛད་པ་རྗེས་དྲན་དང། མཆོད་བསྟོད་སོགས་འཚོགས་པའི་རེ་བའང་ཞུ་གིན་ཡིན།
སྤྱིར་བཏང་བོད་ཀྱི་རྙིང་གཏོར་གསར་བརྗེ་བ་འགའ་དང་ཞང་སྒྲུང་བ་འགའ་མ་བྱུང་བར། སྡིག་རྒྱལ་དང་སྒེར་གཅོད་པ་གླང་དར་ལ་བསྟོད་པ་དང། ཁོ་ནི་ཡ་མཚར་ཅན་ཞིག་རེད་ཅེས་བཤད་མཁན་ཡོད་པ་མ་རེད། ཡིནའང་་བོད་བསོད་ནམས་ཟད་པའི་རྟགས་སུ། རྒྱལ་བོ་གླང་དར་ཚུད་ཆད་ལ་བསྟོད་པ་དང། སྔོན་གྱི་རྒྱལ་རབས་ཆོས་འབྱུང་ནོར་ཡོད་པ་འདྲ་བ་ཞིག་བཤད་པའི་དུས་ཞིག་བྱུང་བ་མ་ཟད། འབངས་མི་དག་དྲག་རྩུབ་དང་གནར་གཅོད་དཔག་མེད་བཏང་བ་དག་མ་ཤེས་ཁུལ་དང་མ་གོ་ཁུལ་གྱིས་བཞག་ནས་སྒེར་གཅོད་པ་གླང་དར་གྱི་གནར་གཅོད་དང། བདུག་རྩུབ། དྲག་སྤྱོད་སོགས་ཚུལ་མཐུན་ཅན་དུ་བསྒྱུར་བཞིན་པ་ནི། དམངས་གཙོ་ལ་དགའ་བ་དག་གི་གྱོང་གུན་དང། ངོ་ཚ་ཞིག་རེད། རྒྱལ་བོ་དང་སྲིད་གཞུང་གང་ཞིག་ཡིན་ཀྱང། འབངས་ལ་མི་བྱམས་པ་དང། འབངས་ཀྱི་ལས་དོན་གཙུག་ཏུ་བཟུང་ནས་ཞི་དྲག་གཉིས་ཀྱི་ལས་ཀ་བྱེད་ཀིན་མེད་དུས། སྲིད་གཞུང་དེ་ལ་འབངས་མི་ལ་དབང་སྒྱུར་བྱེད་པའི་དབང་ཆ་དང་ཐོབ་ཐང་མེད་པ་མ་ཟད། ལས་རྒྱུ་འབྲས་ལའང་མི་རུང་བ་ཞིག་རེད། དེའི་ཕྱིར་གླང་དར་གྱིས་རང་མོས་ཀྱིས་བདུག་རྩུབ་དང། གནར་གཅོད་སྲིད་བྱུས་དེ་མཚམས་མ་བཞག་ནས། དྲག་པོའི་དཔུང་བཀོད་ནས་ཁོ་བསད། ཁོང་གི་རྒྱལ་སྲིད་སྟོང་བ་བཟོ་དགོས་བ་ཞིག་ཡིན་པ་མ་ཟད། ཐོ་མ་སི-ཇར་ཧྥི་སི་ཡིས་གསུང་བ་བཞིན། རང་དབང་གི་སྡོང་བོ་ནི་སྐབས་རེར་་རྒྱལ་གཅེས་བ་དག་དང། སྒེར་གཅོད་པ་གཉིས་ཀའི་ཁྲག་རྒྱུན་ལ་བརྟེན་ནས་བསྐྱེད་བསྲིང་བྱེད་དགོས་བ་ཞིག་རེད།ཞེས་བ་དང་། དེ་ནི་འཇིག་རྟེན་མི་ཆོས་དང་མཐུན་པ་མ་ཟད། སྟོན་པ་སངས་རྒྱས་ཀྱི་ལུགས་སུའང་ཡོངས་སུ་མཐུན་པ་ཞིག། དེ་ཡང་ སྟོན་པ་ཐུགས་རྗེ་ཅན་གྱི་སྐབས་སུ་་གྲྭ་བ་དང་དགེ་འདུན་པ་རྣམས། བསྟན་པ་དང་སེམས་ཅན་ལ་དགྲ་ཞུགས་ནས མཁར་སིལ་མདུང་ཚབ་ཏུ་བྱས་ནས་དྲག་པོའི་གཡུལ་དུ་ཞུགས་པ་མ་ཟད། ཉེ་རབས་འདི་ལ་མདོ་སྨད་སྐུ་འབུམ་དགོན་པར། རྒྱ་ཁ་ཆེ་དམག་གིས་མི་བསོད་ཁྲག་སྤྱོར་གྱི་ལས་བརྩམས་དུས། ཨ་ཀྱྭ་རིན་པོ་ཆེས་དམག་སྤྱི་བྱས་ནས་སེར་དམག་བཙུགས་པ་མ་ཟད། དེ་དུས་ཀྱི་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་ཤིང་བཟའ་རིན་པོ་ཆེས་ཀྱང། དེ་ལྟར་བྱས་ཆོག་པའི་དགོངས་ཁྲོལ་བསྩལ་ཡོད་པ་དེ་བཞིན་རེད།
༼ཟུར་ཞུ།འདི་ལྟར་བཤད་ན། ཉེ་ལམ་ཞིག་ནས་བོད་ཀྱི་ཞང་སྒྲུང་བ་ཁ་ཅིག་གིས་ཀྱང་གླང་དར་ལ་བོད་ཀྱི་ལོ་རྒྱུས་ཡོངས་དང་མ་གཅིག་པ་ཞིག་བཤད་དང་བཤད་བཞིན་པ་འདི་ནི། རྙིང་གཏོར་གསར་བརྗེ་བ་ཚོ་དང་མི་འདྲ་བར། ལོ་རྒྱུས་དང། སེམས་ཀྱི་འཁྱེར་ཚུལ་གཞན་ཞིག་གིས་སྟེང་ནས་བྱུང་བ་ཡིན་ཕྱིར། རྗེས་སུ་སྐལ་བ་ལྡན་ན་འདིའི་སྐོར་ཀྱང་རིམ་གྱིས་འཕྲོས་མོལ་བྱེད་ཆོག༽
རྩོམ་ཁུངས། ངེད་དྲ་བ།