དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༢
དང་པོ་ཀུན་རྫོབ་སྣང་བའི་རྣམ་གཞག་ལ་ཕྲ་རགས་གཉིས་ལས། རགས་པ་སྣོད་བཅུད་ཀྱི་རྣམ་གཞག་ནི་མངོན་པའི་ལུགས་ལས་ལོགས་སུ་མེད་པས་དེར་དཔྱད་པ་གོང་དུ་སོང་ཟིན། ཕྲ་བ་དོན་ཤེས་སྐད་ཅིག་མའི་རྣམ་གཞག་ལ་དཔྱད་པ་ལའང་གཉིས། ངོ་བོའི་ཆ་ནས་དངོས་གཙོ་དང་སེམས་གཙོ་གང་ཡིན་གླེང་བ། ཁྱད་པར་གྱི་ཆ་ནས་དངོས་ཁམས་ཚན་རིག་དང་མཐུན་མིན་གླེང་བའོ། །དང་པོ་ནི། སྤྱིར་དངོས་གཙོ་དང་སེམས་གཙོ་ཞེས་པའི་ཐ་སྙད་འདི་གཉིས་ནུབ་དར་མཚན་ཉིད་རིག་པའི་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་མིང་ཡིན་པར་གྲགས། དེ་ཡང་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་ཡར་སྔོན་དུ། ས་དབུས་རྒྱ་མཚོའི་བྱང་འགྲམ་ཡོ་རོབ་ལྷོ་མའི་ཡུལ་གྲུ་རྒེ་རེད་སི་རུ་ཁྲེ་ལེ་སི་ཞེས་པའི་མི་ཞིག་གིས་དངོས་གཙོ་སྨྲ་བའི་སྲོལ་བཏོད།
སྐད་ཆ་འདི་དག་ལའང་མ་དག་པ་ཧ་ཅང་མང་སྟེ། དཔེར་ན་གནའ་བོའི་ཀེ་རེ་སའིGreece་གདོད་མའི་དངོས་གཙོ་སྨྲ་བ་ལ་གསར་གཏོད་མཁན་ཞིག་ཡོད་པར་མི་བཤད་ལ། ལྟ་བ་དེ་འདྲ་འཛིན་མཁན་གྱི་མཁས་པའི་གྲས་སུ་ཧི་ར་ཁི་ལི་ཐི་སིHeraclitus(530——470BC) དང་ཐེ་ལེ་སི Thales(624—547BC)སོགས་བགྲངས་པ་ལས་མི་ཞིག་དམིགས་སུ་བཟུང་སྟེ་ཆོ་ལོ་སྦྱར་སྲོལ་མེད། ཡང་ཅིག་བཤད་ན་སྤྱི་ཚོགས་ཚན་རིག་ལ་རང་བྱུང་ཚན་རིག་ལྟར་གསར་གཏོད་མཁན་ཞིག་འཚོལ་བ་ནི་རིགས་ལམ་ངན་གོམས་སུ་སོང་བའི་རྟགས་ཤིག་ཏུ་སྣང་། དེ་ལས་ཀྱང་དངོས་གཙོ་ཞེས་པའི་ལྟ་བ་འདི་ཐོག་མར་གང་ནས་བྱུང་བའང་བཤད་དཀའ་སྟེ། གནའ་བོའི་རྒྱ་གར་དངོས་གཙོ་སྨྲ་བ་དག་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་༦༠༠ཡས་མས་སུ་བྱུང་བར་བཤད་ལ། རྒྱའི་荀子(312–230 BC)སོགས་ཀྱིས་ཀྱང་གནའ་སྔ་མོ་ནས་དངོས་གཙོའི་ལྟ་བ་དང་འདྲ་ཆེ་བ་ཞིག་བཤད་ཡོད་པས། རྗེས་སུ་ཁོ་རང་རྒྱའི་དངོས་གཙོ་སྨྲ་བའི་ཚབ་བྱེད་མི་སྣ་ལྟ་བུར་བཤད་ལ། གནའ་བོའི་ཀེ་རེ་སའི་མཚན་ཉིད་སྨྲ་བ Thales, Anaxagoras (ca. 500 BC – 428 BC), Epicurus དང་Democritus སོགས་ཀྱིས་ཀྱང་དངོས་གཙོའི་ལྟ་བ་མང་དུ་བཤད་ཡོད་པས། ས་དེ་ནས་མི་དེས་དངོས་གཙོའི་ལྟ་བ་གསར་དུ་རྙེད་ཟེར་བ་དང་དེ་ནས་བཟུང་དངོས་གཙོའི་ལྟ་བ་འཇིག་རྟེན་ལ་དར་ཟེར་བ་སོགས་ནི་ཁུངས་མེད་པའི་དྲན་ཚུལ་ཙམ་ལས་རིག་གཞུང་གི་བདེན་དཔང་གང་ཡང་མེད་པའི་སྐད་ཆ་ཡིན།
དེ་ནས་ལོ་བརྒྱ་ཕྲག་ཙམ་གྱི་རྗེས་སུ་གནའ་རབས་རྒེ་རེད་སིའི་མི་བོ་ཆེ་གསུམ་གྱི་ཡ་གྱལ་ཕོ་ལ་ཐོ་ཞེས་པས་སེམས་གཙོ་སྨྲ་བའི་སྲོལ་གཏོད།
སེམས་གཙོ་སྨྲ་བའི་སྲོལ་གཏོད་མཁན་ཞིག་འཇོག་དགོས་ན་ས་ཁིར་ཐིས་སིSokrates(469-399)འཇོག་དགོས་མོད་ཀྱང་། ཁོའི་སྔོན་དུ་ནུབ་ཕྱོགས་མཚན་ཉིད་སྨྲ་བའི་ཁྲོད་དུ་སེམས་དང་ལུས་པོ་སོ་སོ་འདོད་མཁན་ཡོད་པས་ན་གསར་གཏོད་མཁན་དུ་མི་འོས། རྣམ་པར་ཤེས་པ་ལུས་དང་སོ་སོར་འདོད་པའི་ལྟ་བའི་མ་ལག་ཆ་ཚང་བར་བཤད་མཁན་ཁོ་ཡིན། ཡིན་ནའང་། ཁྱོད་ཀྱིས་ཕི་ལེ་ཐོ་Plato(427-347)སྟེ་ས་ཁིར་ཐིའི་སློབ་མ་ཕྱི་དོན་རྟོག་སྣང་དུ་འདོད་མཁན་དེ་སེམས་གཙོ་སྨྲ་བའི་སྲོལ་གཏོད་མཁན་དུ་བཤད་པ་ནི་འོལ་ཚོད་ཀྱི་གཏམ་ཡིན་ལ། སེམས་གཙོ་ལའང་ནང་གསེས་གྲུབ་མཐའ་བགྲངས་ཡས་པ་ཡོད་པས་ན། སེམས་གཙོ་ཟེར་ནས་རྡོག་རྡོག་ཞིག་སྟོན་པར་དཀའ་བ་ཡིན་ལ། སེམས་གཙོ་ཟེར་བའི་བཤད་ཚུལ་འདི་ཕྱིས་སུ་གྲུབ་པ་ཞིག་ཡིན་པས་ན། གནའ་བོའི་ཀེ་རེ་སིའི་མཁས་པ་དག་ད་ལྟ་ཡོད་པའི་དབང་དུ་བཏངས་ན་ཁོ་ཚོ་ལ་ཁྱོད་ནི་སེམས་གཙོའོ། ཁྱོད་ནི་དངོས་གཙོའོ་ཞེས་སྨྲས་ན་གད་མོ་འཆོར་བ་ལས་གཞན་ཅི་ཡོད། དོན་དངོས་སུ་ཁོ་ཚོས་སེམས་གཙོ་དང་དངོས་གཙོ་ཟེར་བ་ཅི་ཞིག་ཡིན་པའང་ཤེས་མི་སྲིད་དེ། རྒྱུ་མཚན་སྐབས་དེར་བཤད་སྲོལ་དེ་དག་རྩ་ནས་དར་མེད་པས་སོ།།
འཛམ་གླིང་ཤར་ཕྱོགས་སུ་གནའ་བོའི་ཤེས་རིག་གི་ཕ་ས་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན། སྐབས་དེར་སངས་རྒྱས་ཆོས་ལུགས་ནི་སྟོན་པ་ཤཱཀྱ་ཐུབ་པས་སྲོལ་གཏོད་མ་ཐག་པ་ཙམ་ཡིན་པས་མ་ལག་ཚང་བའི་རིག་པའི་གཞུང་ལུགས་ཆགས་ཐུབ་མེད། བྲམ་ཟེའི་ཆོས་ལུགས་དར་ཞིང་རྒྱས་པའི་སྒང་ཡིན་ཡང༌།
རྒྱ་གར་དང་བལ་ཡུལ། ཕ་ཀི་སི་ཐན། སངྒ་ལ་སོགས་ཀྱི་དགོན་ཤུལ་རྙིང་བ་ནས་རྙེད་པའི་གནའ་རྫས་ཀྱིས་མཚོན་པའི་དཔྱད་གཞི་མང་པོ་གཞིར་བཟུང་ནས་ཤྲི་ལངྐའི་བཤད་སྲོལ་ལྟར་ན་སངས་རྒྱས་འཁྲུངས་འདས(544-464BC)ཡིན་ལ། དེ་མིན་འཇར་མན་མཁས་པ་Wilhelm Geigerདང་ H.jacobi སོགས་ཀྱིས(483-403BC)ལ་འདོད་པ་དང་། གཞན་ཡང་་ (548-486BC)ལ་འདོད་པ་སོགས་ཏེ། དུས་སྐབས་དེར་མཚོན་ན་སངས་རྒྱས་ཆོས་ལུགས་སྐབས་དེའི་མཚན་ཉིད་རིག་གྲུབ་མཐའ་ཞིག་ཡིན་ལ། རྒྱ་གར་དུ་ལྟ་གྲུབ་མང་དུ་བྱུང་བའི་གྲས་ཀྱི་གཅིག་ཡིན། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ཀྱང་སྐབས་དེར་མཚོན་ན་ཆ་ཚང་བ་ཡིན་ཏེ། རྒྱུ་མཚན་སྐབས་དེར་རྒྱ་གར་དུ་གྲུབ་མཐའ་སོའི་ལྟ་གྲུབ་ལ་འགྲན་བཟོད་པ་མ་ཟད། གྲུབ་མཐའ་ཁ་ཤས་ལས་རྣམ་པར་རྒྱལ་བའི་ནུས་པ་ཡོད་པར་བལྟས་ན། སྐབས་དེར་རྒྱ་གར་མཚན་ཉིད་སྨྲ་བ་གཞན་དག་གི་ཁྲོད་དུ་གཞན་དྲིང་མི་འཇོག་པའི་གཞུང་ལུགས་ཤིག་ཆགས་ཡོད་པ་གསལ་ལ། དེ་ལས་ཀྱང་། གྲུབ་མཐའ་གཞན་དག་གི་༼ལས་འབྲསKarma༽དང་༼འཁོར་བ། samsara༽ ༼བདགatman༽༼ཡོད་པbrahman༽སོགས་ཀྱི་རྣམ་བཞག་གི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་སུ་བཏང་བའི་གཞུང་ལུགས་ཡིན་པས་ན། སྐབས་དེར་མཚོན་ན་གསར་ཏུ་བཏོད་མ་ཐག་པའི་གཞུང་ལུགས་ཐབས་ཆག་གི་ཆོས་ལུགས་ཤིག་ཏུ་འདོད་པ་ནི། ཆོས་ལུགས་ཡོད་ཚད་གདོད་མར་ཤ་མིན་ནམShamanismསྟེ་བྱིས་པའི་བསམ་བློ་ལས་བྱུང་ངོ་སྙམ་པའི་བསམ་བློ་ཐབས་ཆག་དེ་ལས་བྱུང་བ་གསལ་འདུག གཞན་ཡང་མིའི་རིགས་གདོད་ན་མུན་ནག་དང་བླུན་རྨོངས་ནས་འགོ་ཚུགས་ཏེ་ད་ལྟའི་ཤེས་རིག་གི་དུས་རབས་དང་། བདེ་སྐྱིད་ཀྱི་དུས་རབས་སུ་སླེབས་པར་འདོད་པའི་རྒྱུགས་ཆེ་བའི་བསམ་བློའི་ཤུགས་རྐྱེན་དག་ཧ་ཅང་གསལ་བས་ན། ང་ཚོའི་རྒྱུན་གོམས་སུ་སོང་པའི་རིགས་ལམ་དེ་དག་ལའང་ཐེ་ཚོམ་ཟ་དགོས་པ་ཤེས་པར་གྱིས་ཤིག།
འཇིག་རྟེན་ལྟ་ཚུལ་ཐད་དུ་དྲང་སྲོང་དག་གིས་མངོན་ཤེས་དང་རྫུ་འཕྲུལ་གྱི་ལམ་ནས་ལྷ་སྒྲུང་གི་རྣམ་པས་འགྲེལ་བཤད་ཡ་མཚན་པ་དག་བརྒྱབ་པ་ཙམ་ལས། དོན་དངོས་ལ་བརྟག་དཔྱད་དང་བསམ་གཞིག་གི་སྲོལ་ད་དུང་ཚུགས་མེད་པ་འདྲ།
ཁྱོད་ཀྱི་བཤད་ཚུལ་ལ་སྐབས་དེའི་རྒྱ་གར་ནི་ལྷ་སྒྲུང་གི་དུས་རབས་ཏེ། མར་ཁེ་སི་དང་ཏར་བིན་སོགས་ཀྱིས་བཤད་པའི་རྨོངས་མུན་གྱི་སྤྱི་ཚོགས་སུ་འདུག་པ་ལྟ་བུར་གྲུབ། གལ་ཏེ་ཁྱོད་ལ་ལྟ་རྒྱ་དང་མཐོང་རྒྱ་ཅུང་ཟད་ཡོད་པའི་དབང་དུ་བཏངས་ན་ལྷ་སྒྲུང་གི་ནང་དུ་རྫུ་འཕྲུལ་དང་མངོན་ཤེས་སོགས་མི་འདུ་ལ། ལྷ་སྒྲུང་ཟེར་བ་ལྷ་སྒྲུང་རིག་པའི་ཤོད་སྲོལ་ལྟར་དུ་བཤད་པ་ལས། རང་ཉིད་ཀྱིས་འདི་ལོས་ཡིན་སྙམ་ནས་ཚོད་ཀྱིས་དཔོག་པ་ནི་མི་འོས་སོ། ཁྱོད་ཀྱི་བཤད་སྲོལ་ལྟར་སྐབས་དེར་རྒྱ་གར་དུ་བསམ་གཞིག་དང་བརྟག་དཔྱད་ཀྱི་སྲོལ་མེད་ཚུགས་མེད་ཟེར། འདི་ནི་ཧ་ཅང་དགོད་བྲོ་བའི་གཏམ་ཡིན་པ་མ་ཟད། རྒྱ་གར་ཤེས་རིག་ལ་དམའ་འབེབས་ཆེན་པོ་བྱས་པའང་ཡིན་ཏེ། སྟོན་པ་ཤཱཀྱ་ཐུབ་པ་བྱོན་པའི་སྐབས་ཀྱི་རྒྱ་གར་གྱི་ཤེས་རིག་ནི་ཤེས་རིག་དར་བའི་རྩེར་སོན་པ་ཡིན་པ་སྐབས་དེའི་མཚན་ཉིད་ཀྱི་ལྟ་གྲུབ་མང་པོ་ལས་ཤེས་ཐུབ། ཐེ་ཝན་སློབ་གྲྭ་ཆེན་མོའི་ནང་བསྟན་ཉམས་ཞིབ་པ་ཡང་ཧིས་ནན扬慧南་གྱིས་རྒྱ་གར་མཚན་ཉིད་རིག་པའི་ལྟ་གྲུབ་ལོ་རྒྱུས་ཞེས་པར། ༼རྒྱ་གར་མཚན་རིག་པའི་ལྟ་གྲུབ་འདི་ཐོག་མར་ཨརྱAryanམི་རིགས་ལ་ཁུངས་གཏུགས་དགོས་པར་བཤད་མོད། ཨརྱ་བ་རྒྱ་གར་ལ་མ་འབྱོར་བའི་སྔ་རོལ་ནས་བཟུང་རྒྱ་གར་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་Dravida དང་ Kalariaགཉིས་ཀྱི་རིག་གནས་ཀྱང་ཨརྱ་ལས་མི་དམན༽ མཁས་པ་ཕལ་མོ་ཆེའི་འདོད་ཚུལ་ལྟར་ན་ཨརྱའི་མི་རིགས་རྒྱ་གར་འབྱོར་བའི་དུས་རབས་ནི་སྤྱི་ལོ་སྔོན་གྱི་ལོ༡༥༠༠ཡས་མས་ལ་བཤད་པས། རྒྱ་གར་ཤེས་རིག་ནི་དེ་ལས་སྔ་བ་ཧ་ཅང་གསལ། དེ་ལས་ཀྱང་། རྒྱ་གར་གྱི་རིག་བྱེད་ནས་བྲམ་ཟེའི་ཆོས་ལུགས་གྲུབ་པ་དང་། བྲམ་ཟེ་ཆོས་ལུགས་ཀྱི་གྲུབ་མཐའི་གྱེས་པ་བྱུང་ནས་སླར་ཡང་གཅིག་ཏུ་འདྲེས་པའི་ལོ་རྒྱུས་རིང་མོའི་ཁྲོད་དུ་རྒྱ་གར་གྱི་མི་ལ་བསམ་གཞིག་དང་བརྟག་དཔྱོད་མེད་ཟེར་བ་ནི་ཅི་ཞིག་ཡིན། གཞན་ཡང་སྟོན་པ་སངས་རྒྱས་མ་བྱོན་པའི་སྔོན་གྱི་རྒྱ་གར་བསྟན་པ༼ཚངས་པbrahman་༽དང་༼བདག་atman༽སྟོན་པའི་བསྟན་བཅོས་ཆེན་པོ Upanisad ་བྱུང་བ་དང་། དེ་ནས་དངོས་པོ་སྨྲ་བ་Carvakaསོགས་ཀྱི་འདོད་ཚུལ་བྱུང་བ་དང་། ལྟ་བ་འདིས་ལྷ་མེད་པར་འདོད་པ་སོགས་མཚན་ཉིད་ཀྱི་ལྟ་བ་མང་དུ་བཏོན་པ་སོགས་བགྲང་གིས་མི་ལངས་ལ། སྟོན་པ་བཞུགས་པའི་སྐབས་ཀྱི་མུ་སྟེགས་སྟོན་པ་དྲུག་སོགས་རྒྱ་གར་མཚན་ཉིད་སྨྲ་བ་རྩོད་མེད་ཡིན་པ་རྒྱ་གར་གྱི་མཚན་ཉིད་རིག་པའི་ལོ་རྒྱུས་ལ་ལྟོས་ཤིག མུ་སྟེགས་སྟོན་པ་གཅེར་བུ་བ་གཉེན་གྱི་བུ་Nigantha Nntaputtaསོགས་ཀྱིས་སྐབས་དེར་༼རྒྱུ་ལས་མྱོང་བ་སྐྱེས་པ་༽དང་༼སྡུག་བསྔལ་ཟད་ན་ཐར་བ་ཐོབ་པ་༽དང་༼བདེན་པ་མི་འཚེ་བ་ནི་ཆོས་ཡིན་པ༽སོགས་མཚན་ཉིད་དང་ལྟ་གྲུབ་ཀུན་སྤྱོད་ཀྱི་གཞུང་ལུགས་རྒྱ་ཆེར་བཤད་ལ། གཞན་ཡང་། འོད་སྲུང་རྫོགས་བྱེདPuranan kassa དང་ཀུན་ཏུ་རྒྱུNakkha Gosaia རྒྱལ་བ་ཅན། Sanjaya Belatthiptta ལ་བ་ཅན། Ajita ཀཱ་ཏཱའི་བུ་ནོག་ཅན། Kesakkambalin སོགས་ཀྱི་རང་རང་གི་མཚན་ཉིད་རྒྱས་པར་ཡོད་ལ། ཁོ་ཚོས་ལས་འབྲས་ཀྱི་རྣམ་བཞག ཐར་བ་ཐོབ་པར་ལས་སྤངས་དགོས་མིན་གྱི་རྣམ་བཞག ལས་དང་འཁོར་བ་སོགས་ཀྱི་འགྲེལ་བརྗོད་མང་དུ་ཡོད་པ་སོགས་སྐབས་དེ་ནི་རྒྱ་གར་མཚན་ཉིད་དར་བའི་རྩེར་སོན་ཡོད་པ་མཚན་ཉིད་ལོ་རྒྱུས་སྨྲ་བ་ཚོས་བཤད་ལ། མཐའ་ན་གཅེར་བུ་བ་སོགས་ཀྱི་གཞུང་དེ་དག་ནང་བ་བའི་གཞུང་དང་ཧ་ཅང་འདྲ་བ་དེང་གི་རིག་གཞུང་ཉམས་ཞིབ་པ་དག་གིས་ཁས་ལེན་པ་མ་ཟད། དེང་སྐབས་གཅེར་བུ་བའི་ཆོས་ཚོགས་སོགས་འཛམ་གླིང་ཡུལ་གྲུ་མང་དག་ན་དར་བས་ན། སྐབས་དེར་རྒྱ་གར་ལ་བརྟག་དཔྱོད་དང་བསམ་གཞིག་གི་སྲོལ་མེད་ཟེར་བ་ཅི་ཞིག་ཡིན། དེ་ནི་ཕི་ལེ་ཐོ་ཡི་སྐབས་སུ་གནའ་བོའི་ཀེ་རེ་སི་ལ་བསམ་གཞིག་དང་བརྟག་དཔྱད་ཀྱི་འགོ་ཚུགས་མེད་ཟེར་ལྟར་ནང་འགལ་དུ་སོང་འདུག་པ་མ་ཡིན་ནམ།
རྩོམ་ཁུངས། ངེད་དྲ་བ།