སློབ་གྲྭ་ཆུང་འབྲིང་གི་བསླབ་ཚན་གསར་པའི་སྐོར་བཤད་པ།༡
སློབ་ཁྲིད་ཀྱི་ལྟ་བ་རྙིང་པ་ནི་དགེ་རྒན་གཙོ་བོར་བྱས་ནས་སློབ་མ་ལ་ཤེས་བྱ་རྒྱུད་སྤྲོད་བྱེད་རྒྱུ་ཁོ་ན་གལ་ཆེར་བཟུང་ཡོད་པ་དང་། སློབ་མའི་ཕྱོགས་ཡོང་ཡར་རྒྱས་འགྲོ་རྒྱུར་བསམ་བློ་མི་གཏོང་བར། ཤེས་བྱའི་ངེས་ཚད་མཐོན་པོ་དང་། ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་བོ་ཡོང་རྒྱུར་རྩོད་ལེན་བྱེད་པ་ཡིན།སློབ་ཁྲིད་ཀྱི་ཐབས་ལམ་དེས། སློབ་མ་ཚོར་ངག་ལ་ཟིན་པའི་ཤེས་བྱའི་ཆུ་ཚད་དེ་མཐོན་པོར་སླེབས་ཀྱང་དོན་དངོས་བྱ་བ་སྒྲུབ་པའི་ནུས་པ་སྐྱོ་བ་དང་། རང་སྐྱ་ འཕེར་བའི་སྒོ་ནས་ལས་དོན་སྒྲུབ་རྒྱུར་འཇོན་ཐང་ཤིན་ཏུ་སྐྱོ་བས། ད་ཆ་སློབ་གསོའི་ ཐབས་ལམ་ལ་འགྱུར་བ་གཏོང་དགོས་པའི་གལ་ཆེའི་རང་བཞིན་རྟོགས་ནས་འུར་སྒྲ་ཆེན་པོ་བྱེད་བཞིན་ཡོད།འོན་ཀྱང་བོད་སྐད་ཡིག་གི་དགེ་རྒན་ངོས་ནས་བཤད་ན། རྒྱུ་མཚན་ཤེས་ཀྱང་ཇི་ལྟར་བསྒྱུར་བཅོས་དགོས་མིན་ཐད། གཞུང་ལུགས་ཀྱི་ལྟ་དེབ་དཀོན་པ་དང་། སྲོལ་རྒྱུན་སློབ་ཁྲིད་ཡོད་ཚད་དོར་མི་ཡོང་ངམ་སྙམ་པའི་སེམས་ཁྲལ། བསྒྲུབ་བ་ཅུང་ཟད་གཏོང་གི་ཡོད་རུང་ངོས་འཛིན་གསལ་པོ་མ་བྱུང་བས། སེམས་ཤུགས་སྐྱོ་ལ་ཇི་ལྟར་གཏོང་མིན་གྱི་མཁྱེན་རྒྱ་མ་འདང་པ་སོགས་གང་ལྟར་དོན་ དངོས་གྲུབ་འབྲས་ལྡན་པའི་འགྱུར་བ་གང་ཡང་སོང་མེད།
དེས་ན་ཁོ་བོས་རིག་གནས་ཆུ་ཚད་སྐྱོ་བའི་ཞན་ཆ་རྒྱབ་ཏུ་བསྐྱུར། མཁས་མང་ཁྲེལ་བའི་ངོ་ཚ་ཁོག་ལ་མིད་དེ་ལྷག་བསམ་བཟང་པོས་རང་མཉམ་སློབ་ཆུང་ དགེ་རྒན་ཚོར་གྲོས་འགོ་ཙམ་གྱི་ཚུལ་དུ་ཅུང་ཟད་ཅིག་སྤེལ་འདོད་བྱུང་།
དང་པོ། དགེ་རྒན་གྱི་བསམ་བློའི་ལྟ་བ་འགྱུར་དགོས།
༡ དགེ་རྒན་གྱི་སློབ་ཁྲིད་ལྟ་བ་རྙིང་པ་འགྱུར་དགོས་དོན་གང་ཡིན།དུས་རབས་ཀྱི་འཇོན་ཐང་མི་སྣའི་དགོས་མཁོ་སྐོང་ཐུབ་དགོས་ན། སློབ་གསོ་སློབ་ཁྲིད་ལ་ཤུགས་གནོན་རྒྱག་དགོས་པ་དང་། སློབ་གསོ་སློབ་ཁྲིད་ལས་ཀྱང་སློབ་གྲྭ་ཆུང་འབྲིང་གི་རྨང་གཞིའི་སློབ་གསོར་དམ་འཛིན་མ་བྱས་ན། ཁང་པར་རྩིག་ རྨང་ཡག་པོ་མེད་པ་དང་གཅིག་མཚུངས་ཡིན་པས། ངེས་པར་དུ་སློབ་གྲྭ་ཆུང་ འབྲིང་གི་སློབ་ཁྲིད་ལ་ཤུགས་གནོན་རྒྱག་དགོས།ཤུགས་གནོན་ཇི་ལྟར་རྒྱག་དགོས་སམ་ཞེ་ན། དགེ་རྒན་གྱིས་སློབ་ཁྲིད་ལྟ་བ་ འགྱུར་རྒྱུ་ནས་འགོ་ཚུགས་དགོས་ལ། དགེ་རྒན་གྱིས་སློབ་ཁྲིད་འཛིན་པའི་ལྟ་བ་ རྗེས་སུ་མ་ལུས་པ་ཞིག་བྱུང་ན། རིམ་བཞིན་སློབ་ཁྲིད་ཀྱི་བྱ་བ་ཡོད་ཚད་ལ་ཁ་གནོན་དང་། ལེགས་བཅོས་བྱས་ནས་དུས་རབས་ཀྱི་རྗེས་སུ་མ་ལུས་པ་གནང་དགོས་སོ།
དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པའི་སློབ་ཁྲིད་དེས། དེང་རབས་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་མི་ཐུབ། སློབ་མས་བསམ་བློ་གཏོང་བའི་གོ་ སྐབས་མེད་པ་དང་། སྐད་ཆ་ཤོད་རྒྱུའི་དབང་ཆ་མེད་པ། ཀླད་པ་དཀྲུག་རྒྱུའི་ དུས་ཚོད་དང་ལག་པ་འགུལ་རྒྱུའི་གོ་སྐབས་ཉུང་བ་དེས། སློབ་མ་ཚོ་ཆེན་པོ་ཆགས་ རྗེས་དོན་དངོས་བྱ་བ་སྒྲུབ་པའི་ནུས་པ་སྐྱོ་ལ། རང་སྐྱ་འཕེར་རྒྱུ་ཤིན་ཏུ་དཀའ་བས། དེར་བརྟེན་སློབ་ཁྲིད་ཐབས་ལམ་དེ་ངེས་པར་དུ་འགྱུར་བཅོས་གཏོང་དགོས་པ་ཡིན།
༢ དགེ་རྒན་གྱི་ལྟ་བ་ཇི་ལྟར་བསྒྱུར་དགོས་བསམ།
གོང་དུ་བརྗོད་པ་ལྟར་སྲོལ་རྒྱུན་སློབ་ཁྲིད་ཀྱིས་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ལྡན་མི སྣ་གསོ་སྐྱོང་བྱེད་མི་ཐུབ་པས་ངེས་པར་དུ་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་བསྐྱེད་བསྲིང་ཐུབ་པའི་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་ཞིག་ལ་གོམ་པ་སྤོ་དགོས། གང་ལྟར་ཤེས་བྱ་ཡོན་ཏན་ཡོད་ལ་བསམ་བློ་ཀུན་སྤྱོད་བཟང་བ། དོན་
དངོས་ལས་དོན་སྒྲུབ་པའི་འཇོན་ཐང་ཆེན་པོ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་བ་ལ། སློབ་མར་བསམ་བློ་གཏོང་བའི་གོ་སྐབས་ཡོད་པ་དང་།བསམ་ཚུལ་ཤོད་སའི་ཁོར་ཡུག་ཡོད་པ། ཀླད་པ་དཀྲུག་རྒྱུ་ཡོད་ལ་ལག་པ་འགུལ་རྒྱུ་ཡོད་པའི་སློབ་ཁྲིད་ཐབས་ཤེས་ལེགས་པའི་ལྟ་བ་ཞིག་གསར་དུ་ཡོད་པ་དགོས།
༣ ལྟ་བ་འགྱུར་བར་བསམ་བློའི་ཆ་རྐྱེན་གང་འདྲ་དགོས།
ང་ཚོས་རྙིང་པ་རྩ་མེད་སོང་བའི་དོགས་པ་མེད་ལ། གསར་པ་ཁོ་ནར་དགའ་ བའི་ཕྱོགས་ལྷུང་མེད་ཅིང་། གཙོ་བོ་སློབ་མའི་ཕྱོགས་ཡོང་ཀྱི་ནུས་པ་ཡར་རྒྱས་གཏོང་ཐུབ་ངེས་ཀྱི་སློབ་ཁྲིད་ལམ་བུ་ཞིག་ལ་འགྲོ་དགོས་པའི་བསམ་བློ་ལྡན་དགོས། ལྷག་པར་དུ་དགེ་རྒན་གྱིས་འཁྲིད་པ་ཁོ་ནས་མི་འགྲིག་པར་སློབ་མས་སློབ་དགོས་པའི་གནད་ལུགས་རྟོགས་པ་བྱ་རྒྱུར། མཛུབ་སྟོན་ཐུབ་པའི་བསམ་བློ་ཞིག་ངེས་པར་དུ་དགོས་པ་ཡིན། མ་ཟད་སློབ་མའི་ཤེས་བྱ་དང་ནུས་པ་ཡར་རྒྱས་ཐུབ་ལ། ཡང་དག་པའི་ལྟ་བ་འཛུགས་རྒྱུར་སློབ་སྟོན་ཐུབ་ངེས་ཀྱི་བསམ་བློ་ཞིག་ངེས་པར་དུ་ལྡན་ དགོས་སོ།
གཉིས་པ། དགེ་རྒན་གྱི་ལས་ཀའི་འགན་འཁྲི།
༡ དགེ་རྒན་གྱི་འགན་འཁྲི་གང་ཡིན།
དགེ་རྒན་ལ་འགན་འཁྲི་ཅི་ཞིག་ཡོད་དམ་ཟེར་ན། ཤིན་ཏུ་ལས་སླ་སྟེ་སློབ་ཁྲིད་བྱ་རྒྱུ་དེ་རེད་སྙམ་སྲིད། འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན་དགེ་རྒན་གྱི་འགན་འཁྲི་ནི་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། དགེ་རྒན་ནི་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ལྡན་མི་གསོ་སྐྱོང་བྱ་མཁན་ཡིན་ལ། མེས་རྒྱལ་གྱི་མ་འོངས་པའི་བདག་པོ་དང་།མི་དམངས་ཀྱི་མ་འོངས་པའི་འགོ་ཁྲིད་བཟང་པོ། མི་རིགས་ཀྱི་མ་འོངས་པའི་རྒྱུད་འཛིན་པ། གང་ལྟར་མེས་རྒྱལ་གྱི་ཤུལ་འཛིན་པ་བསྐྱེད་བསྲིང་བྱ་མཁན་དེ་ཡིན་པས་འགན་འཁྲི་ཤིན་ཏུ་ལྕི་བ་ཡིན།
༢ དགེ་རྒན་གྱིས་འགན་འཁྲི་ཇི་ལྟར་ཁུར་དགོས།
ཐོབ་བྱ་དང་དཀའ་སྡུག་ཁོ་ནར་ཁ་གཡར་ཏེ་དགེ་རྒན་གྱིས་ལས་དོན་དེ་ཡག་པོ་ཞིག་མ་སྒྲུབ་པ་ཡིན་ན། རེ་བ་ཡོད་ཚད་ཀྱི་བདག་པོ་ཡིན་པའི་མེ་ཏོག་གསོལ་པ་མང་པོ་འཕྲོ་བརླག་འགྲོ་སྲིད་པ་དང་། དེས་མེས་རྒྱལ་གྱི་མ་འོངས་པ་མཛེས་སྡུག་ལྡན་པར་སྐྲུན་འགྱུར་འགོག་རྐྱེན་དང་། མི་རིགས་ཀྱི་མ་འོངས་པ་རྒྱུད་འཛིན་ཡང་དག་པ་བྱེད་མི་ཐུབ་པ། དམངས་དང་རྒྱལ་ཁབ་ཀྱི་ལས་དོན་ཡང་དག་པར་སྒྲུབ་མི་ཐུབ་པས་དེའི་ཉེས་པ་ནི་ཡོད་ཚད་དགེ་ རྒན་གྱི་ཐོག་ཏུ་འབབ་ངེས་རེད། དགེ་ རྒན་གྱི་ལས་ཀ་དེ་དཀའ་སྡུག་ཆེ་ལ། གཟི་བརྗིད་ཆེ་བ་ཞིག་ཀྱང་ཡིན་པས་ངེས་པར་དུ་དགེ་རྒན་ཚོས་ལས་དོན་དེ་གཟི་ བརྗིད་ཅིག་ལ་བསམ་ནས་སྒྲུབ་པ་ཡིན་ན་ངོ་མ་ དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ནས་ཡོད། རྒྱུ་ནོར་དབང་གྲགས་ཁོ་ནར་རྔམས་པའི་དུས་འདིར་ཁྱོད་ཀྱི་བློ་མནལ་ལ་ཕབ་ཏེ་སློབ་ཁྲིད་ལས་དོན་སྒྲུབ་ན། སྔར་བས་ཀྱང་གཟི་བརྗིད་གཅིག་མ་
ཡིན་ནམ། ཐོག་མར་རང་ཉིད་དགེ་རྒན་ཞིག་ཡིན་པ་ཁས་ལེན་དགོས་པ་དང་། དེ་ནས་ དགེ་རྒན་ལ་ལྡན་དགོས་པའི་ཆ་རྐྱེན་ལ་བསམ་དགོས། དགེ་རྒན་ནི་མིའི་རིགས་ ཀྱི་སྤྱི་ཚོགས་སུ་མིག་ལྟོས་བྱ་ས་ཡིན་པས་དགེ་རྒན་ཚད་ལྡན་ཞིག་བྱེད་རྒྱུར་དགེ་རྒན་རང་ཉིད་ལ་རེ་བ་ནན་པོ་བཅོལ་དགོས་སོ།
གསུམ་པ། ཚད་ལྡན་གྱི་དགེ་རྒན།
༡ ཚད་ལྡན་གྱི་དགེ་རྒན་ཞིག་བྱེད་པར་ཆ་རྐྱེན་ཧ་ཅང་མཐོ་སྟེ་ཡིད་ཀྱི་ཉེས་པ་སུམ་དང་ངག་གི་ཉེས་པ་བཞི། ལུས་ཀྱི་ཉེས་པ་གསུམ། ཕར་ཕྱིན་དྲུག། དགའ་ཞེན་ལྔ། བཞི་མཛེས་སོགས་ཡོན་ཏན་གྱི་ཕྱུག་པ་ཞིག་དགོས་པ་དང་། གཞན་ལ་ཕན་པའི་བསམ་བློ་མི་དམན་པ་ཞིག་ལྡན་དགོས། གོང་གསལ་ཆ་རྐྱེན་དེ་དག་ཡོངས་སུ་རྫོགས་པ་མ་ཚང་རུང་གང་ལྟར་མི་ཀུན་གྱི་གོང་དུ་བཀུར་འོས་པའི་སྐྱེ་བོ་གཞན་དང་མི་མཚུངས་པ་ཞིག་བྱེད་དགོས།
༢ མེས་རྒྱལ་དང་མི་དམངས། མི་རིགས་དང་སྤྱི་ཚོགས་ཀྱི་མ་འོངས་པར་ འགན་འཁུར་ཐུབ་པ་ཞིག་དང་། ཤེས་བྱ་ཡོན་ཏན་སློབ་མ་ལས་ལྡབ་འགྱུར་གྱི་མཐོ་བ། སློབ་ཁྲིད་ལ་རང་གི་མི་འཚེ་ལེགས་སྐྱེས་སུ་འབུལ་སེམས་ཡོད་པ་ཞིག རྒྱུན་མཐུད་སློབ་སྦྱོང་བྱས་ནས་རང་གི་ཤེས་ཡོན། དུས་རབས་ཀྱི་འགྲོས་དང་མཐུན་ པར། ཡར་རྒྱས་སུ་གཏོང་ཐུབ་པ་ཞིག་སོགས་ཆ་རྐྱེན་ཧ་ཅང་མང་པོ་ཚང་དགོས། དེ་དག་ལས་མང་པོ་མེད་ཀྱང་སློབ་ཁྲིད་བྱེད་རྒྱུའི་ཡོན་ཏན་ཡོད་པ་དང་། སློབ་ཁྲིད་བྱེད་པའི་སེམས་ཤུགས་ལྡན་པ་ཞིག་ངེས་པར་དུ་དགོས་པ་ལས། བོད་ཡིག་གི་རྩ་བའི་ཤེས་བྱ་ཡང་གསལ་པོ་མི་ཤེས་པའི་བོད་ཡིག་དགེ་རྒན་ནི། ངོ་མ་ངོ་ཚ་བྲལ་བའི་མི་ཞིག་ཡིན་པ་ལས་དགེ་རྒན་གྱིས་ཚད་གཞི་ལྡན་མེད། བོད་ཡིག་དགེ་རྒན་གྱི་དཔུང་ཁག་ཚད་ལྡན་ཞིག་ཡོང་དགོས་ན། ཆེད་ལས་ཀྱི་ཆ་རྐྱེན་དང་རེ་བ་ཡག་པོ་ཞིག་འདོན་དགོས་སོ།
རྩོམ་ཁུངས། ངེད་དྲ་བ།