གནམ་གཤིས་འཕོ་འགྱུར་གྱིས་མིའི་རིགས་ལ་བསྐྱེད་པའི་ཆག་སྒོ།

ཁྱུང་མཆུའི་བརྒྱ་བྱིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-20

                        -------མིའི་རིགས་ཀྱིས་ངེས་པར་དུ་ཁ་ཕྱོགས་དགོས་པའི་ཆག་སྒོ།
  ཐོན་ཁུངས་འཕྲོ་བརླགས་དང་ཚད་ལས་བརྒལ་བའི་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱས་པ་བརྒྱུད།མིའི་རིགས་ཀྱིས་དེང་ནས་བཟུང་སེམས་སུ་གསུབ་ཐབས་བྲལ་བའི་ནོངས་འགྱོད་དྲག་པོ་ཞིག་འཁུར་ཞིང་།འདས་པའི་ལོ་ཟླའི་ནང་རང་ཉིད་ཀྱིས་ས་སྒང་འདི་ནས་བག་མེད་ངང་འཚོ་ཐབས་ཁོ་ན་བྱས་པར་བརྟེན།ད་ནི་རང་གི་ཁྱིམ་གཞི་འདི་འཇིག་ལ་ཉེ་བའི་བདེན་དོན་ལ(灭顶之灾)ཁ་ཕྱོགས་པའི་དུས་སུ་སླེབས་སོང་།ང་ཚོ་ཚང་མས་ཤེས་གསལ་ལྟར་དུ།འཛམ་གླིང་གི་པགས་མདོག་མི་འདྲ་ཞིང་།སྐད་བརྡ་མི་མཐུན་པའི་མི་རིགས་དང་རྒྱལ་ཁབ་ཚང་མས་མི་གྲངས་མེད་ཡར་ལངས་ཏེ།མ་གྲོས་གཅིག་མཐུན་གྱིས་ཁྲོམ་སྐོར་དང་གཏམ་བཤད་སྤེལ་ནས་མིའི་རིགས་འཚོ་ཞིང་གནས་པའི་སའི་གོ་ལ་འདིར་སྔར་མེད་ཀྱི་ཆགས་སྒོ་ཆེན་པོ་ཞིག་འབྱུང་བཞིན་པ་དང་།
  ཆག་སྒོ་དེ་ནས་ཐར་ཐབས་ཀྱི་ཆེས་མཇུག་མཐའི་རེ་བ་དེའི་ཆེད་དུ་རྨེ་ངག་འདོན་བཞིན་འདུག་ལ།མི་ཤིན་ཏུ་མང་པོ་ཞིག་གིས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་དག་ན་བསྟི་གནས་བཅས་པའི་མི་རིགས་དག་ད་ལྟ་འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་གྱི་འགྲོས་དང་བསྟུན་ནས།མཚོ་ངོས་ཀྱི་མཐོ་ཚད་ཉིན་བཞིན་ཡར་ཕྱིན་ཞིང་།རྒྱ་མཚོའི་འཇིངས་སུ་ནུབ་བཞིན་པའི་རི་ར་བ་དང་ཁང་ཁྱིམ་དག་ལ་བལྟས་ནས་མིག་ཆུ་འཆོར་བཞིན་པ་སོགས་ནི་རྩོད་མེད་བདེན་དོན་དུ་གྲུབ།དེ་མིན།དགུན་དུས་སླེབས་འཕྱི་ལ།ས་ཁུལ་མང་པོར་བཏུད་མར་རང་བྱུང་གནོད་འཚེ་སྟེ།ས་ཡོམ་དང་ཆུ་ལོག  ཐན་པ། ཁ་ཐན་སོགས་ཀྱིས་གནོད་པ་བྱུང་དང་འབྱུང་བཞིན་པ་ནི།གནའ་མི་བོད་ཀྱི་ཁ་དཔེ་ལ།ཁ་ལག་པས་ཉོས་ན།གཉའ་ཚང་རས་འཁུར་དགོས།ཟེར་བ་བཞིན།མི་འདོད་བཞིན་དུ་ཁས་ལེན་དགོས་པའི་བཟློག་མེད་ཀྱི་ཆགས་སྒོ་ཆེན་པོ་ཞིག་གི་སྔ་ལྟས་ཡིན།གནས་ཚུལ་དེ་དག་ལ་བཏུན་ནས་གཤམ་དུ་མིས་རིགས་ཀྱིས་ཚད་ལས་བརྒལ་བའི་བྱ་འགུལ་དག་གིས་བསྐྱེད་པའི་འབྲེལ་ཡོད་ཀྱི་སའི་གོ་ལའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་གི་དཔེ་འགའ་བཀོད་ན་འདི་ལྟ་སྟེ།

འཛམ་གླིང་གི་མི་སེར་དཀྱུས་མ་མང་པོས་མ་གྲོས་གཅིག་མཐུན་གྱིས་ཁྲོམ་སྐོར་བྱེད་བཞིན་པ།
 གཅིག   མཚོ་ངོས་ཀྱི་མཐོ་ཚད་ཡར་ཕྱིན་པ།(དཔེ་ཙམ)
  ཉེ་ཆར་ཏན་མའེ་རྒྱལ་ཁབ་ཀྱི་རྒྱལ་ས་ཁའོ་ཕིན་ཧྭ་ཀིན་ནས་བསྡུས་པའི་འཛམ་གླིང་གནམ་གཤིས་ཚོགས་ཆེན་གྱི་ཉིན་དང་པོའི་ཉིན་མཇུག་ཏུ།ལོ་ན་ཉི་ཤུ་རྩ་བཞི་ལས་མ་ཟིན་པའི་ཧྥེ་ཇིའི་བུད་མེད་ན་ཆུང་མ་་ཞིག་གིས་མི་གྲངས་བྱེ་བ་གཅིག་གིས་ཚབ་བྱས་ཏེ།གསར་འགོད་པའི་ཚོགས་འདུའི་སྟེང་རྨེ་ངག་འདོན་བཞིན།ཞི་བདེ་རྒྱ་མཚོའི་གླིང་ཕྲན་དག་ན་གནས་བཅས་པའི་མི་དམངས་ཚོ་ཉིན་བཞིན་ཡར་འཕེལ་བའི་མཚོ་ཆུ་དང་བཏུན་ནས།མིག་གིས་བལྟས་་བལྟས་ཁར་རྒྱ་མཚོའི་འཇིངས་སུ་ནུབ་བཞིན་པའི་བདེན་དོན་དེ་མིའི་རིགས་ལ་བསྒྲགས་པ་དང་།ཁོ་མོའི་མིག་མཐའ་མཆུ་མས་བསྐོར་ཞིང་།སྐད་བརྣངས་ཏེ།ང་ཚོར་མཁོ་བ་ནི་མི་དབུལ་པོ་དང་རྒྱལ་ཁབ་དབུལ་ཕུངས་ཅན་དག་ལའང་འདྲ་མཉམ་ཡིན་ལ།ས་སྒང་འདིའི་ཐོག་གི་མི་དང་རྒྱལ་ཁབ་ཚང་མར་སྲུང་སྐྱོབ་ཐུབ་ངེས་ཅན་གྱི་གྲོས་ཆོད་ཡི་གེ་ཞིག་ཡིན་པ་དང་།འདྲ་མཉམ་དང་དམིགས་འབེན་རིང་བའི་གྲོས་ཆོད་ཡི་གེ་ཞིག་ཡིན་པ་ལས།ང་ཚོས་ཁོར་ཡུག་ལ་གནོད་འཚེ་སོགས་ཅི་མ་བྱས་ཀྱང་།དེང་འདིར་ང་ཚོ་འཚོ་ཞིང་གཞིས་ཆགས་པའི་གླིང་ཕྲན་དེ་དག་ཞི་བདེ་རྒྱ་མཚོའི་མཚོ་ཆུའི་ནང་མར་ནུབ་བཞིན་ཡོད་ཅེས་བཤད་པས།དེར་འདུས་ཀྱི་གསར་འགོད་པ་དག་དང་རྒྱལ་ཁབ་མང་པོའི་དབུ་ཁྲིད་མི་སྣར་སེམས་འགུལ་བསླངས་པ་མ་ཟད།ཁོ་མོའི་མིག་ཆུ་དེ་འཛམ་གླིང་གི་ཆེས་བཅོས་མ་མིན་པའི་མིག་ཆུ་ཐིག་མ་དེར་གྱུར་ཞིང་།ད་ལྟ་ཡིད་དུ་འོངས་པའི་ཡོ་རོབ་ཀྱི་ཆུ་ཐོག་ཡུལ་སྐོར་ལྗོངས་རྒྱུའི་གནས་མཆོག་མྰ་འུར་ཏའེ་ཧྥོས་དང་ཐའོ་བྰ་ལའོ་སོགས་གླིང་སྣེ་ལྷོ་བྱང་གཉིས་ཀྱི་འཁྱག་རོམ་ཞུ་བ་དང་བཏུན་ནས་འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་གྱི་འགྲོས་དེས་མཚོ་ངོས་ཀྱི་མཐོ་ཚད་ཡར་ཕྱིན་པ་དང་།རྒྱ་མཚོའི་འཇིངས་སུ་ནུབ་བཞིན་འདུག དེ་ཡང་ཉེ་ཆར་ཁའོ་ཕིན་ཧྭ་ཀིན་ནས་བསྡུས་པའི་ཚོགས་འདུའི་ཐོག་འཛམ་གླིང་ཡོངས་ལ་བསྒྲགས་པའི་ཆེས་སེམས་ན་དགོས་པའི་བདེན་དོན་ཞིག་ནི།ཞི་བདེ་རྒྱ་མཚོ་ལྷོ་མར་གནས་པའི་Tuvaluརྒྱལ་ཁབ་དེའི་80%ཡན་ཆད་ཀྱི་མཚོ་ངོས་མཐོ་ཚད་རྨིད་1ཡན་མི་ཟིན་པ་དང་།དེང་འདིར་རྒྱལ་ཁབ་འདི་ལོ་རེ་བཞིན་རྒྱ་མཚོའི་འཇིངས་སུ་ཧའོ་རྨིད་5.6མར་ནུབ་བཞིན་ཡོད་པ་ལྟར་དུ།ལོ་ངོ་50ཡས་མས་ཀྱི་རྗེས་སུ་རྒྱལ་ཁབ་འདི་ཡོངས་སུ་རྫོགས་པ་ཞི་བདེ་རྒྱ་མཚོའི་འོག་ཏུ་ནུབ་འགྲོ་ཞིང་།དེ་བཞིན་མྰ་འུར་ཏའེ་ཧྥོས་ཀྱང་ལོ་ངོ་100ཙམ་ལོན་མི་དགོས་པར་ཡུལ་སྐོར་གནས་མཆོག་གི་ཡིག་ཚང་ནས་ཕར་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་དེ།མིང་གི་རོ་མ་ཙམ་དུ་ཟད་ནས།མིའི་རིགས་ཀྱིས་དེ་ལ་དྲན་གསོའི་དུས་ཆེན་ཡང་གཏན་ལ་འཁེལ་བའི་ཉིན་ཞིག་འོངས་ངེས་ཡིན།གང་ལགས་ཞེ་ན།ཉེ་བའི་ལོ་འགའི་ནང་དུ་ཐའོ་བཱ་ལའོ་ཡི་མི་འབོར་6000ལྷག་རྒྱལ་ཁབ་གཞན་དག་ལ་བྲོས་པའི་ཚུལ་གྱི་བསྟི་གནས་སྤོས་སོང་ལ།ད་ལྟ་མི་གྲངས་10000ཙམ་ལས་ལྷག་མེད།མིག་སྔར་ཁོ་ཚོས་ཕྱོགས་བཞིའི་རྒྱལ་ཁབ་མང་པོར་རྒྱལ་ས་འདི་སྤོ་བའི་གནས་ཤིག་རྙེད་མིན་ལ་བརྩོན་པ་ཆེས་ཆེར་བྱེད་བཞིན་ཡོད་རུང་།རྒྱལ་ཁབ་འདིར་སྤྱིའི་འགྲོ་སོང་སྒོར་མོ་གཅིག་ཀྱང་མེད་ཕྱིན།ད་བར་དུ་ཁོང་ཚོའི་གནས་སྤོ་རྒྱུའི་རེ་ཞུར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་གཅིག་ཀྱང་བྱུང་མེད།དེ་མིན་མཱ་འུར་ཏའེ་ཧྥོས་ནི་ཡུལ་སྐོར་ཐོན་ཁུངས་ཀྱིས་ཕྱུག་པས།མ་འོངས་པར་རྒྱ་གར་རམ་ཨོ་ཀྲའོ་ཡི་ས་ཆ་ཞིག་ཏུ་གཞས་གསར་ཆགས་བྱེད་རྒྱུའི་འཆར་གཞི་འཐེན་བཞིན་ཡོད།གསར་འགོད་པས་བཅར་འདྲི་བྱས་ནས་རྒྱུས་ལོན་བྱས་པ་ལྟར་ན།ལོ་ངོ་དུ་མའི་སྔོན་ལ་ཁོང་ཚོའི་གྲོང་མཐར་ས་ཞིང་སོགས་འདེབས་སྲོལ་ཡོད་ཅིང་།ལོ་ཏོག་ཀྱང་ལེགས་ཤོས་སྐྱེས་ཐུབ་རུང་།ད་ནི་མཚོ་ཆུ་ཡར་འཕེལ་ནས་ཞིང་ས་སོགས་ཡེ་ནས་མེད་པར་བཟོས་ཤིང་།འཚོ་བའི་ཐོན་ཁུངས་ཀྱང་ཕྱིའི་རྒྱལ་ཁབ་ཁོ་ན་ནས་ནང་འདྲེན་བྱེད་བཞིན་ཡོད།ཁོང་ཚོས་ནང་ཁུལ་དུ་ཞབས་ཕྱིའི་ལས་རིགས་ཕུད།ཁྱིམ་མི་ཁ་ཤས་ཀྱིས་ཕྱིའི་རྒྱལ་ཁབ་དུ་ཞོར་ལས་བསྒྲུབས་ནས་བསགས་པའི་དངུལ་ཁོ་ནས་རང་ཁ་གསོ་གྱིན་ཡོད་ལ།ཁོང་ཚོར་ཡིད་སེམས་སྐྱོ་བས་ཁེངས་ཏེ།ང་ཚོས་འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་བྱུང་བའི་ལས་ངན་གཅིག་ཀྱང་མ་བསྒྲུབས་པ་དང་།རྒྱལ་ཁབ་ནང་ཁུལ་དུ་བཟོ་གྲྭ་སོགས་མཁའ་དབུགས་འབགས་རྩོག་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་རྫས་དང་བྱ་སྤྱོད་སོགས་ཅི་ཡང་མ་བྱས་རུང་།དེ་རིང་ང་ཚོའི་མགོར་བབས་པའི་ཆགས་སྒོ་ནི་འཛམ་གླིང་རྒྱལ་ཁབ་ཁག་གང་གི་ལས་ཀྱང་ཆེ་བ་ཡིན།དེའི་དོན་དུ་ང་ཚོས་ཅི་བྱེད་དགོས་སམ།ང་ཚོར་ཐབས་ཟད་འུ་ཐུག་པའི་གནས་སུ་ལྷུང་ཡོད་ཅེས་ངུ་འབོད་བྱེད།།

མཚོ་འོག་ཏུ་ནུབ་བཞིན་པའི་ཐའོ་བཱ་ལའོ་ཡི་དཔར་རིས།

མཚོ་འོག་ཏུ་ནུབ་བཞིན་པའི་མཱ་འུར་ཏའེ་ཧྥོ་ཡི་རྒྱལ་སའི་དཔར་རིས།
  གཉིས།འཁྱག་རོམ་ཞུ་འཁུམ་བྱུང་བ།(དོམ་དཀར་གྱི་ལས་དབང་།)
  ཡང་ཁའོ་ཕིན་ཧྭ་ཀིན་འཛམ་གླིང་གནམ་གཤིས་ཚོགས་ཆེན་བསྡུ་བའི་བར་སྐབས་དང་བསྟུན་དེ།འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མང་པོས་བྱེད་སྒོ་འདྲ་མིན་སྤེལ་ནས་མིའི་རིགས་གནམ་གཤིས་ཀྱི་ཆགས་སྒོ་ལས་སྐྱོབ་པའི་འབོད་སྐུལ་དང་ཚོགས་འདུ་དེ་ལམ་འགྲོ་ཡོང་བར་ཕྱོགས་ཡོངས་ནས་རང་ནུས་འདོན་བཞིན་མཆིས་པའི་ཁྲོད་དུ་ཆེས་སེམས་འགུལ་ཐེབས་བྱེད་ཅིག་ནི།མི་ཁག་ཅིག་དོམ་དཀར་མང་པོར་བརྫིས་ནས་ངུ་འབོད་བྱེད་བཞིན་འདུག་པ་དེ་ཡིན།དེ་ཡང2009ལོའི་ཟླ་12ཚེས་8ཉིན།ཨ་རུའི་ཚན་རིག་ཞིབ་འཇུག་ཚོ་ཆུང་ཞིག་གིས།ཁ་ན་ཏའི་མྰན་ནའེ་ཐའོ་པྰ་ཞིང་ཆེན་གྱི་ཆེ་ཅའེ་འུང་ནས།དོམ་དཀར་ཞིག་གིས་རང་གི་བུ་ཕྲུག་གི་ཤ་ཟ་བཞིན་པ་དཔར་དུ་བླངས་འདུག ཚན་རིག་པས་བཤད་རྒྱུར།སྔོན་ཆད་བྱང་སྣེའི་མཚོ་ལ་འཁྱག་རོམ་སྔ་མོ་ནས་ཆགས་ཐུབ་པས།དོམ་དཀར་གྱིས་འཁྱག་རོམ་བརྒྱུད་དེ་མཚོ་གཟིག་བཟུང་ནས་དགུན་ཟླ་ཡོལ་བྱེད་ཀྱི་ཚུལ་ཟས་བྱེད་ཐུབ་རུང་།ད་ནི་བྱང་སྣེའི་མཚོ་ལ་འཁྱག་རོམ་ཆགས་པའི་དུས་ཚོད་གཟའ་འཁོར་ཁ་ཤས་འཕྱི་འདུག་པས།མུ་གེས་མ་བཟོད་པའི་དོམ་དཀར་གྱིས་རང་གི་གཅེས་པའི་བུ་རྒྱུད་ཟོས་ནས་གོང་གི་ཚབ་བྱེད་ཀྱིན་ཞེས་གསུངས་པ་བཞིན།དོམ་དཀར་གྱི་རྒྱུད་ཆད་པའི་ཆགས་སྒོའི་སྔ་ལྟས་ཆེ་བ་གཅིག་ཀྱང་དེ་ཡིན།ང་ཚོས་མ་འོངས་པར་དོམ་དཀར་མིའི་་གྲོང་ཁྱེར་ལ་ཤོར་ནས་མི་ཤ་ཟ་བའི་དུས་ཀྱང་ཨེ་ཡོང་བསམ་བློ་གཏོང་ངེས་ཡིན།དེང་འདིར་འཛམ་གླིང་གི་ས་ཆ་ཚང་མས་དོམ་དཀར་གྱི་ལས་དབང་ལ་ཐུགས་ཁུར་ཆེར་བྱེད་བཞིན་པ་དེས།དོམ་དཀར་གྱི་གཞི་ཁྱིམ་ཤོར་བར་ལོ་ངོ་50ཡས་མས་ལས་མེད་པར་བཤད་ཅིང་།དེས་སའི་གོ་ལའི་བྱང་ལྷོའི་མཚམས་ཀྱི་འཁྱག་རོམ་ཞུས་ནས་མཚོ་ངོས་ཀྱི་ཆ་སྙོམས་མཐོ་ཚད་ཡར་ག་ཚོད་ཕྱིན་འགྲོ་བ་དང་།མཚོ་ངོས་མཐོ་ཚད་ཅི་ཙམ་ཡར་ཕྱིན་རྗེས་མིའི་རིགས་འཚོ་ཞིང་གཞིས་པའི་ཁྱིམ་གཞི་དེ་རྒྱ་མཚོའི་འཇིངས་སུ་ཤར་བའི་སྐལ་བའི་ཀློང་གི་འོད་ཐིག་དེར་འཐིམ་ངེས་ཡིན་པ་གསལ་པོར་ར་སྤྲོད་བྱས་ཡོད།ང་ཚོ་སྒུག་བཞིན་སྒུག་བཞིན།ང་ཚོས་སྣང་མེད་དང་འགོར་འགྱངས།མཐུན་སྒྲིལ་མེད་པ་སོགས་ཀྱིས་དོན་རྐྱེན་རྫོགས་མེད་ཞིག་ལ་ཁ་གཡར་ནས་སྡོད་དང་།ལོ་རེར་སའི་གོ་ལ་འདིའི་ཆགས་སྒོ་ག་ཚོད་མྱོང་བཞིན་ཡོད་པ་ཚང་མས་ཤེས་གསལ་ལྟར།མིའི་རིགས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་འཚོ་བའི་ཆ་རྐྱེན་དག་ཡར་རྒྱས་གོང་འཕེལ་གཏོང་ཆེད་དམ་མིའི་རིགས་ཀྱི་སྔོན་ཐོན་དཔལ་ཡོན་དེ་ཡར་རྒྱས་ཆེན་པོ་འགྲོ་ཕྱིར།ཡུན་རིང་པོ་ཞིག་ཏུ་འཚོ་ཐབས་ལ་བསམ་བློ་མ་བཏང་པར།རང་བྱུང་ཁམས་ཀྱི་ཐོན་ཁུངས་ཡོད་དོ་ཅོག་པོ་གང་ཐུབ་ཐུབ་ཀྱིས་ཆུད་ཟོས་སུ་བཏང་པ་མ་ཟད།
ཚད་ལས་བརྒལ་བའི་ཡཱང་གཉིས་ཐཱན་རྫས་མང་པོ་ཕྱིར་གཏོང་བྱས་མཐར།སའི་གོ་ལའི་གནམ་གཤིས་ལ་འཕོ་འགྱུར་ཆེར་བྱུང་ཞིང་།རང་བྱུང་གི་གནོད་འཚེ་སོགས་མང་པོ་བྱུང་ཏེ།ས་འགུལ་དང་ཆུ་ལོགདེ་མིན་མེ་རི་འགད་པ།གནམ་གཤིས་ཀྱི་དྲོད་གྲངས་ཤིན་ཏུ་དོ་མི་སྙོམས་པ་སོགས་ཀྱི་ཆགས་སྒོ་ཆེ་འབྲིང་ཆུང་གསུམ་བྱུང་དང་འབྱུང་བཞིན་ཡོད་པ་འདི་མིག་མཐོང་ལག་ཟིན་དུ་གྱུར།དེ་ཡང་མཁའ་དབུགས་ཁྲོད་དུ་བཏུད་མར་ཚད་ལས་འདས་པའི་ཡྰང་གཉིས་ཐྰན་རྫས་ཕྱིེར་གཏོང་བྱས་པས།ང་ཚོའི་ཁྱིམ་གཞིར་ཆེས་འཇིགས་སུ་རུང་བའི་ཆག་སྒོ་ཞིག་སྐྲུན་བཞིན་ཡོད་པ་ནི།སའི་གོ་ལའི་བྱང་ལྷོའི་མཚམས་ཀྱི་འཁྱག་རོམ་དག་ཞུ་ནས་འཛམ་གླིང་གི་ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ཡར་ཆེས་ཆེར་ཕྱིན་ནས།ཞི་བདེ་རྒྱ་མཚོའི་གླིང་ཕྲན་དག་ན་ཡོད་པའི་རྒྱལ་ཁབ་སྐོར་ཞིག་གིས་རང་ཉིད་ཀྱི་གཅེས་པའི་རྒྱལ་ཁམས་མུ་མེད་ཀྱི་རྒྱ་མཚོའི་འཇིངས་སུ་ནུབ་པའི་བདེན་དོན་མཐོང་ནས་ངུ་འབོད་བྱེད་འགོ་ཚུགས་ཞིང་།ངུ་འབོད་དེ་ནི་འུ་ཐུག་ཐབས་ཟད་པའི་ངུ་འབོད་ཡིན།།

དོམ་དཀར་གྱིས་རང་གི་གཅེས་པའི་བུའི་ཤ་ཟོས་རྗེས་མགོ་དྲུད་ནས་འཁྱེར་བཞིན་པའི་དཔར།

དོམ་དཀར་གྱིས་རང་གི་རིགས་མཐུན་གྱི་བུའི་ཤ་ཟོས་པའི་དཔར།
  གསུམ་པ།རྩི་ཤིང་དང་སྲོག་ཆགས་ལ་བྱུང་བའི་འགྱུར་ལྡོག
  འདས་པའི་བགྲང་བྱ་ཉི་ཤུའི་ཡར་སྔོན་དང་ད་ལྟའི་དུས་འདི་གཉིས་བསྡུར་ནས་ཕྱིར་མིག་གཅིག་བྱས་ན།འཛམ་གླིང་གི་ས་ཁུལ་མང་པོ་ཞིག་ལ་དེང་འདིར་དབྱར་འཆར་སྔ་ལ།ལྗོན་པ་དང་རྩི་ཤིང་མང་པོ་ཞིག་དུས་ཚིགས་ཀྱི་ཆོས་ཉིད་ལས་ལྡོག་དེ་སྔ་འབུས་བྱེད་ཅིང་།ལྷག་པར་དུ་སྨན་རྩྭ་སོགས་ལ་འབྲས་བུ་ཆེ་ལ་ཕན་ནུས་ཞན་པ་སོགས་ཀྱི་ལུགས་དང་ལྡོག་པའི་སྔ་ལྟས་མང་པོ་འབྱུང་བཞིན་པ་དང་།བསིལ་ལྗོངས་ཡུལ་གྱི་སྨན་རྩྭའི་རིགས་མང་པོ་ཞིག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ།བསིལ་སྨན་སྐོར་ཞིག་གི་སྨན་གྱི་བཅུད་དང་ནུས་པ་ཤོར་བཞིན་པའི་རྒྱུ་མཚན་ཆེས་ཆེ་བ་དེ་ནི།གནམ་གཤིས་དྲོད་འགྱུར་བྱུང་བའི་རྐྱེན་གྱིས་བསྐྱེད་པ་ཡིན་ཅིང་།དེས་སྲིབ་སྐྱེས་བསིལ་སྨན་ལ་དྲོད་འགྱུར་གྱི་རྒྱུ་སྐྲུན་བཞིན་པས་སོ།དེ་མིན།བོད་ཁུལ་གྱི་མེ་ཏོག་ཁུར་མོང་སོགས་ལོ་ངོ་ལྔ་དྲུག་ཙམ་གྱི་སྔོན་དུ་ཟླ་བ་ལྔ་བའི་ཟླ་འགོར་སྐྱེས་པ་དག་ད་ལྟ་ལོ་རེའི་ཟླ་བཞི་བའི་ཟླ་དཀྱིལ་ནས་འབུས་འགོ་ཚུགས་ཀྱིན་ཡོད་པ་དང་།ནམ་རྒྱུན་ཕག་ཟླ་རི་སྐྱ་ཐང་སྔོན་ནང་སྐྱེ་འགོ་ཚུགས་པའི་འཇར་པན་གྱི་མེ་ཏོག་སྰ་ཀའོ་ར་ད་ལྟ་གནམ་གཤིས་དྲོད་འགྱུར་གྱིས་དབང་གིས་ཁྱི་ཟླ་བོ་ཐོ་ཁ་སེ་ནང་ནས་མེ་ཏོག་གི་འབྲས་བུ་མཐོང་ཐུབ་ཀྱི་ཡོད།དེ་མིན་གནམ་གཤིས་དྲོད་འགྱུར་གྱི་དབང་གིས་ནམ་རྒྱུན་འབྲུག་ཟླ་ཤིང་མོ་རླུང་ཁྱེར་ལ་ལྷོ་ཕྱོགས་སུ་འཕུར་འགྲོ་བའི་བྱ་རིགས་མང་པོ་ཞིག་ད་ལྟ་བྱང་ཕྱོགས་སུ་འཕུར་ནས་འགྲོ་བཞིན་འདུག དེ་མིན་གནམ་གཤིས་དྲོད་འགྱུར་བྱུང་བ་དང་།མཚོ་སྔོན་སོགས་ས་ཆ་རེ་འགར་ཙིག་དམག་གིས་བསླངས་བའི་ཙིག་ནད་འབྱུང་བཞིན་ཡོད།
 
མེ་ཏོག་ཁུར་མོང་།     

འཇར་པན་གྱི་མེ་ཏོག་སཱ་ཀའོ་ར།
བཞི།གནམ་གཤིས་དྲོད་འགྱུར་གྱིས་མིའི་རིགས་ཀྱི་བདེ་ཐང་ལ་བསྐྱེད་པའི་ཤུགས་རྐྱེན།
  དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས།འཛམ་གླིང་གི་མིའི་སུམ་ཆ་གཉིས་ནད་ཡམས་ཀྱིས་ཤི་གསུངས་བ་ལྟར།སའི་གོ་ལར་གནམ་གཤིས་དྲོད་འགྱུར་བྱུང་བ་དང་བསྟུན།ང་ཚོའི་བསམ་ཡུལ་ནས་འདས་པའི་དོན་རྐྱེན་དང་ཆགས་སྒོ་གང་མང་བྱུང་དང་འབྱུང་བཞིན་པ་དེ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་ཅིང་།གནམ་གཤིས་དྲོད་འགྱུར་གྱི་ཆག་སྒོ་དེས་མིའི་རིགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་དཔག་དཀའ་བའི་གནོད་འཚེ་ཐེབས་ཤིང་།གནས་ཚུལ་དེ་དག་ཉིན་ལྟར་ཚབ་ཇེ་ཆེ་རུ་འགྲོ་བཞིན་ཡོད།གནམ་གཤིས་དྲོད་འགྱུར་གྱི་ཁྲོད་དུ་འབུ་སྦྲང་མང་པོས་བསམ་གྱིས་མི་ཁྱབ་པའི་འགོས་ནད་འདྲ་མིན་ཁྱེར་ཡོང་ཡོད་ལ།དཔེར་ན།འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་བྱུང་བ་དང་བསྟུན་དེ།འདར་ནད་(疟疾)དང་(登革热)ཏུན་ཀི་རུའི་འགོས་ནད་ཀྱི་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།དེ་ཡང་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་སྤྱི་བསྡོམས་བྱས་པ་ལྟར་ན།གནམ་གཤིས་དྲོད་འགྱུར་བྱུང་བའི་འགྲོས་དང་ཆབ་ཅིག།འདར་ནད་དང་ཏུན་ཀི་རུའི་འགོས་ནད་ཀྱིས་འཛམ་གླིང་གི་མི་གྲངས་ཀྱི་40%སྲོག་ཉེན་ཡོང་ངེས་པ་དང་།ཡང་ང་ཚོས་སྣང་མེད་དུ་འཇོག་ཐབས་མེད་རྒྱུ་ཞིག་ནི།གནམ་གཤིས་མུ་མཐུད་དྲོད་འགྱུར་བྱུང་བ་དེས།སྐྱེ་དངོས་རྙིང་པ་རིགས་མང་པོ་ཞིག་གི་སྐྱེ་རྒྱུན་ཆད་དུ་འཇུག་པ་དང་སྦྲགས།གསར་བྱུང་སྐྱེ་དངོས་མང་པོ་ཞིག་གིས་དེ་ཚོའི་ཚབ་བྱེད་ཅིང་།དངོས་རིགས་འཕོ་འགྱུར་བྱུང་བ་དེས།རང་བྱུང་ཁམས་ཀྱི་ནད་དུག་དང་འབུ་ཕྲ།སྲིན་འབུ།དེ་མིན་གྱི་ཆགས་ལུགས་རྐྱེན་པོའི་རང་བྱུང་གི་ནམ་པ་གཏོར་ནས།དངོས་རིགས་འགྱུར་ལྡོག་གསར་བ་ཁྱེར་ཡོང་ངེས་ཡིན་ལ།གནམ་གཤིས་དྲོད་འགྱུར་གྱིས་འབྱུང་ཁམས་ཀྱི་མ་ལག་དཀྲུགས་ཤིང་།བག་ལ་ཉལ་བའི་ནད་དུག་མང་པོ་ཕྱིར་སློང་ངེས་ཀྱི་འཇིགས་པ་ཆེན་པོ་ཡོད།རྒྱུ་མཚན་ནི།ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ཚོགས་པས་ཞིབ་འཇུག་སྙན་ཞུ་ཞིག་གིས་ར་སྤྲོད་བྱས་པ་ལྟར་ན།འདས་པའི་ལོ་ངོ་ཉི་ཤུའི་ནང་རོལ་དུ།མ་མཐའ་ཡང་ནད་རིགས་མི་འདྲ་བ30གསར་དུ་བྱུང་ཡོད་པར་བཤད་ཅིང་།ཡང་གསར་བྱུང་ནད་དུག་ལ་ཞིབ་འཇུག་བྱེད་མཁན་མང་ཆེ་བས།ནད་དུག་འདྲ་མིན་བྱུང་བ་ནི།མིའི་རིགས་ཀྱིས་ཁོར་ཡུག་ལ་གཏོར་བརླགས་བྱས་པ་དང་།གནམ་གཤིས་དྲོད་འགྱུར་བྱུང་བར་བརྟེན་བག་ལ་ཉལ་བའི་ནད་དུག་གི་ཚང་གཏོར་བའི་མཇུག་འབྲས་སུ་མངོན་ཞིང་།ནད་དུག་དེ་དག་དེ་སྔོན་རི་སྐྱེས་སྲོག་ཆགས་ཀྱི་ལུས་སམ་མིའི་རིགས་ལ་ཐེ་གཏོགས་མེད་པའི་ཡུལ་དུ་གནས་པ་ཡིན་རུང་།ད་ནི་མིའི་རིགས་ཀྱིས་ཚད་ལས་འདས་པའི་བྱ་འགུལ་མང་པོས་ཁྲོད་ཕྱིར་མངོན་སུམ་དུ་ཐོན་པ་ཡིན་སྙམ།དེ་ཡང་གློ་བའི་གཉན་ཚད་དང་ཕག་པའི་ཆམ་རིམས།འདབ་ཆགས་ཀྱི་ཆམ་རིམས་སོགས་དེང་འདིར་ང་ཚོའི་འཚོ་བའི་ནང་བྱུང་དང་འབྱུང་བཞིན་པའི་ནད་ཡམས་དག་ཀྱང་དེ་བཞིན་དུ་བྱུང་བའི་ཁུངས་སུ་མི་འགྲོའམ།ཡང་གལ་ཏེ་ང་ཚོས་མུ་མཐུད་དུ་སའི་གོ་ལའི་ཐོན་ཁུངས་འཕྲོ་བརླགས་དང་ལུགས་དང་ལྡོག་པའི་སྒོ་ནས་གནམ་གཤིས་འཕོ་འགྱུར་ཡོང་བའི་རྒྱུ་མང་པོ་བསྐྲུན་ན།ཉིན་ཞིག་བསམ་ཡུལ་ལས་འདས་པའི་ནད་དུག་མང་པོ་ཕྱིར་བསླངས་ཏེ།འབུ་སྲིན་མང་པོས་ནད་དུག་དེ་དག་འཛམ་གླིང་གི་ས་ཕྱོགས་ལུང་ཁུག་ཀུན་ཏུ་ཁུར་ནས་མི་ཚང་མའི་ལུས་ལ་ཕོག་པ་ཙམ་གྱིས་ནད་དུག་དེ་འགོས་པ་དང་།དེ་མིན་ས་ཞིང་ནང་གི་སྔོ་ཚལ་དང་རི་ལུང་ཀུན་གྱི་རྩྭ་དང་རྩི་ཤིང་མེ་ཏོག་ཚང་མར་ནད་དུག་དེ་འགོས་ཁྱབ་བྱུང་ན།ང་ཚོས་ཅི་བྱ་གཏོལ་མེད་དུ་འགྱུར་བ་ལས།ཐབས་ཅི་ཡོད།བདེན་དོན་དེ་ར་སྤྲོད་བྱེད་པར།ང་ཚོར་2009ལོར་བྱུང་བའི་ཕག་པའི་ཆམ་རིམས་དེ་ལས་གཞན་ཅི་མི་མཁོ།ཚང་མས་ཤེས་གསལ་ལྟར།ལོ་དེའི་ཟླ་བཞི་པར་མའོ་ཞི་ཁོ་ནས་བསླངས་ཤིང་འཛམ་གླིང་ལ་ཁྱབ་པའི་ཕག་པའི་ཆམ་རིམས་དེ་བྱུང་ནས་ཟླ་གཅིག་མ་ལོན་རིང་འཛམ་གླིང་གི་རྒྱལ་ཁབ་44་ལ་གློག་དམར་འཁྱུག་པ་ལྟར་ནད་དུག་དེ་འགོས་ཁྱབ་སོང་ཞིང་།ནད་དུག་དེ་ཚན་རིག་པས་ལམ་སང་ཅི་ཡིན་ངོས་གསལ་པོ་མ་ཟིན་པར།འཛམ་གླིང་འཕྲོད་བསྟེན་ཚོགས་པས་ཅི་བྱ་གཏོལ་མེད་དུ།ནད་དུག་དེས་འགོས་ཁྱབ་ཀྱི་ཚད་རིམ་པ་ལྔ་པར་སླེབས་འདུག་ཅིང་།ད་ནི་མའོ་ཞི་ཁའོ་ཡི་རྒྱལ་ནང་དུ་ཡོད་པའི་མི་ཚང་མས་རང་ཉིད་ཀྱིས་རང་ཉིད་བདག་པོ་ཡག་པོ་བྱེད་པ་དང་།ཁྱིམ་མཚེས་དང་གྲོགས་པོ་ཚོ་བདག་པོ་ཡག་པོ་བྱེད་པའི་དུས་སུ་བབས་སོང་ཞེས་བསྒྲགས་པ་མ་ཟད།ཕྱོགས་སོ་སོ་ནས་འཕུར་ཡོང་དེ་གནམ་གྲུའི་ཐང་དུ་བབས་པའི་གནམ་གྲུ་ཚང་མས་ནད་དུག་ཁུར་ཡོད་མིན་ལ་སེམས་ཁུར་ཚབ་ཆེན་བཟོ་དགོས་བྱུང་བ་དང་།གང་སར་ཚོང་ཁང་དང་ཟ་ཁང་ཚང་མའི་སྒོ་བརྒྱབ་ཞིང་།ཕྱི་ནང་གི་འགྲིམ་འགྲུལ་འགྲོ་འོང་མེད་པར་བཟོ་དགོས་ཀྱང་བྱུང་བ་རེད།ཡུན་རིང་པོ་མ་ཕྱིན་པར་རྩིས་འཁོར་གྱི་དྲྭ་ངོར་བར་སྐབས་ཤིག་ལ་རྒྱུན་མཐོང་ཐུབ་པ་ཞིག་ནི།འཛམ་གླིང་འཕྲོད་བསྟེན་ཚོགས་པས།ཕག་པའི་ཆམ་རིམས་དེ་འཛམ་གླིང་གི་མི་གྲངས་ཀྱི་80%ལ་འགོག་མེད་དུ་འགོས་ངེས་ཡིན་པར་བསྒྲགས་ཤིང་།དེ་ཡང་ཚ་དྲོད་ཆེ་བའི་གནམ་གཤིས་འོག་ནས་ནད་དེ་ཁྱབ་ཚད་མགྱོགས་པའི་རྣམ་པར་ཤར་བ་དང་།ཡུན་རིང་པོ་མ་ལོན་པར་ནད་དུག་H1N1དེ་འཛམ་གླིང་ལ་འགོས་ཁྱབ་སོང་བའི་རིམ་པ་དེ་ཚབ་ཆེ་བའི་རིམ་པ་དྲུག་པར་སླེབས་པ་དང་།ནད་དུག་དེ་དག་ལམ་སང་འགྱུར་ལྡོག་འགྲོ་མིན་ལ་ཡང་སེམས་ཁུར་ཚབ་ཆེན་བྱེད་དགོས་པའི་གནས་སུ་གྱུར་བ་ང་ཚོས་ཤེས་གསལ་ལྟར་རེད།དེ་དང་འདྲ་བར།1918ལོར་སའེ་པྰན་རྒྱལ་ཁབ་ཀྱི་ཆམ་རིམས་དེས་ཉིན་རེར་ཤི་བས་ཆ་སྙོམས་ཀྱི་མི་གྲངས་ནི་འབུམ་2དང་1ཁྲི་4སྟོང་ཡིན་ཞིང་།ཟླ་བ་18་ཙམ་རིང་མི་གྲངས་བྱེ་བ་5ལྷག་གི་ཚེ་སྲོག་འཕྲོག་ནས་སོང་།དེ་ནི་འཇར་པན་ཀང་ཏའོ་ནས་ཉིང་རྡུལ་མཚོན་ཆས་འོག་ཤི་བའི་མི་གྲངས་ཀྱི་ལྡབ་གསུམ་ཡིན།དེ་བཞིན་འཛམ་གླིང་གི་ཚན་རིག་པ་མང་པོས།ལོ་ལྟར་ཆམ་རིམས་ཀྱི་ནད་དུག་མང་པོ་མཉམ་འདྲེས་བྱུང་སྟེ།གློ་བུར་ཏུ་ནད་དུག་གསར་བར་འགྱུར་བཞིན་ཡོད་ཅེས་བཤད་ཀྱིན་ཡོད།ཡ་ང་བའི་གནས་ཚུལ་འདི་ཀུན་མིའི་རིགས་ཀྱིས་རང་བྱུང་ཁམས་སུ་ཚོད་འཛིན་མེད་པར་གཏོར་བཤིག་བྱས་པ་དང་།དབྱང་ཉིས་ཐྰན་རྫས་ཚད་ལས་འདས་པ་མཁའ་དབུགས་ཁྲོད་བཏང་ནས་གནམ་གཤིས་དྲོད་འགྱུར་བྱུང་བའི་རྒྱུ་རྐྱེན་དེས་བསྐྲུན་པའམ་ཡང་ན་ནད་དུག་དེ་དག་འགོས་ཁྱབ་ཆེར་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་མེད་དམ།དཔེ་འདི་དག་གིས་ང་ཚོར་གནས་ལུགས་ཤིག་ར་སྤྲོད་བྱས་པ་ནི།གལ་སྲིད་མིའི་རིགས་ཀྱིས་གནམ་གཤིས་དྲོད་འགྱུར་གྱི་གནས་ཚུལ་འདིར་ད་དུང་དོ་སྣང་མི་བྱེད་པར་རང་རང་སོ་སོའི་ཁེ་ཕན་གཙོ་བོར་བཟུང་ནས།མིའི་རིགས་སྤྱི་ཚོགས་མུ་མཐུད་དུ་ཡུན་རིང་པོར་རྒྱུན་བསྲིང་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཅན་གྱི་འཚོ་བའི་ཐབས་ལམ་ཞིག་ལ་མ་འབད་ན།གོ་ལ་འདི་མེ་བདུན་ཆུ་གཅིག་གིས་འཇིག་པར་སྒུག་མི་ཐུབ་པར།ནད་དུག་མང་པོ་བག་ལ་ཉལ་བའི་ཚང་ནས་ལྡང་སྟེ།རྒྱུ་རྐྱེན་འདྲ་མིན་ལ་ཁག་བཅོལ་ཞིང་།ང་ཚོ་འཚོ་ཞིང་གཞིས་ཆགས་པའི་ཁྱིམ་གཞི་འདིའི་བདག་པོ་ཚོ་ནད་དུག་མང་པོའི་དབང་དུ་ཤོར་བའི་ཉེན་ཁ་ལས་ཀྱང་མ་འདས་པ་རང་རིགས་ཀུན་གྱིས་སེམས་སུ་ཤེས་དགོས།ཕྱོགས་གཞན་ཞིག་ནས་གནམ་གཤིས་ཚ་དྲོད་ཅན་གྱི་རྣམ་པའི་ཁྲོད་དུ།དུག་སྦྲང་དག་གིས་ཀྱང་ནད་དུག་གང་སར་ཁུར་ནས་མི་དང་སྲོག་ཆགས་བདེ་ཐང་ཅན་གྱི་ལུས་ལ་བབ་ཚད་ཚང་མའི་ལུས་ཀྱི་ཁྲག་རྩར་ནད་དུག་དེ་དག་ལམ་སང་ཟུག་ཅིང་།དུག་སྦྲང་ཕོག་ཡུལ་ཀུན་ལ་ནད་དུག་གིས་ཁེངས་ཤིང་།དུག་སྦྲང་གི་ནད་དུག་ཁུར་བའི་མི་དེ་ཚོས་ཐུག་རེག་བྱུང་ཡུལ་ཚང་མར་ནད་དུག་གིས་ཁེངས་ན།ང་ཚོའི་ཟས་སུ་བཟའ་བྱའི་ཟ་མ་དང་།སྔོ་ཚལ་གྱི་ས་ཞིང་ཚང་མར་དུག་སྦྲང་གིས་ནད་དུག་ཕོག་ནས་ཅི་བྱ་གཏོལ་མེད་དུ་གྱུར་ན་ཅི་བྱེད་དགོས། དེ་ཡང་དེང་འདིར་གནམ་གཤིས་དྲོད་འགྱུར་བྱུང་བས་རྒྱུ་རྐྱེན་དེས་ཐད་ཀར་མིའི་རིགས་ཀྱི་སྙིང་ནད་དང་དབུགས་འབྱིན་མ་ལག་གི་ནད།ཁྲག་ཚད་མཐོ་བའི་ནད་སོགས་གཙོར་བྱས་པའི་ནད་གཞི་མང་པོ་ཞིག་སློང་བཞིན་ཡོད་ལ།ནད་གཞི་དེ་དག་གིས་སྲོག་ཀྱང་ཤོར་བཞིན་པ་ཤིན་ཏུ་མང་པོ་མཆིས་པ་མ་ཟད།WHOསྙན་ཞུ་ཞིག་གི་ནང་དུ་ཡིད་མུག་པའི་ནད་རྟགས་(忧郁症)ཡང་བྱུང་བར་བཤད་འདུག
 ལྔ་པ།གནམ་གཤིས་དྲོད་འགྱུར་བྱུང་བས་རང་བྱུང་གནོད་འཚེ་བསྐྱེད་ངེས།
འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་བྱུང་བ་དེས།བག་ལ་ཉལ་བའི་རང་བྱུང་གནོད་འཚེ་མང་པོ་ཞིག་མངོན་དུ་སློང་བར་སྔར་མེད་ཀྱི་ཤུགས་རྐྱེན་ཆེ་ཐེབས་བཞིན་ཡོད་ཅིང་།གནམ་གཤིས་དྲོད་འགྱུར་བྱུང་བས།སའི་གོ་ལའི་བྱང་ལྷོའི་མཚམས་ཀྱི་འཁྱག་རོམ་ཞུ་ནས་ས་སྒང་འདི་ཆུ་ཡི་ཀློང་དུ་ཉིན་བཞིན་ནུབ་གྱིན་ཡོད་པའི་བདེན་དོན་དེ་རྩོད་མེད་དུ་གྱུར་ཡོད་པ་དང་།དེང་འདིར་ཆུ་ལོག་དང་ཐན་པ་ཆེར་འབྱུང་དང་བྱུང་བཞིན་ཡོད་ལ།མུ་མཐུད་དུ་གཡོལ་ཐབས་མེད་ཅིང་།བསམ་ཡུལ་ལས་འདས་པའི་རང་བྱུང་གནོད་འཚེ་བྱུང་ངེས་པར་ཐེ་ཚོམ་སྤུ་ཙམ་མེད།དེ་ཡང་ཅུང་ཟད་ཙམ་དཔེ་ཡི་ཚུལ་ཏུ་གླེང་ན་ནི་འདི་ལྟ་སྟེ།
  དང་པོ། ཆུ་ལོག་གིས་མིའི་རིགས་ལ་བསྐྱེད་པའི་གནོད་འཚེ་དེ་བཤད་ན།མི་ཚང་མས་རྨ་ཆུའི་ཆུ་ལོག་ཁོ་ནར་མིའི་ཚེ་སྲོག་ཤོར་བའི་གྲངས་ཀ་དེ་བྱེ་བ་གཅིག་ལས་ལྷག་ཡིན་པར་ཧ་ལས་ནས་ལུས་དུས།ཁོ་ཚོས་གཏན་ནས་བསམ་བློ་བཏང་མ་མྱོང་བའམ་སྣང་མེད་དུ་བཞག་པའི་མིག་ཆུ་འཆོར་ཡུལ་གྱི་དོན་དག་ཅིག་གམ་སེམས་ཆེས་ན་དགོས་ས་ཞིག་ནི།ཆུ་ལོག་དེ་དག་གི་རྗེས་སུ་ལྷགས་ཡོང་བའི་ནད་ཡམས་དང་མུ་གེས་ཤི་བའི་མི་གྲངས་ནི།ཆུ་ལོག་ཁྲོད་ཤི་བའི་མི་གྲངས་ཀྱི་ལྡབ་གསུམ་ཡན་ཆོད་ཡིན།ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མཚོན་ན།ནད་ཡམས་དང་འཚོ་བཅུད་སྐྱོ་བའི་གནས་ཚུལ།བཤལ་ནད་སོགས་མང་པོ་འབྱུང་སྲིད་པ་ཡིན།།
  གཉིས་པ།གནམ་གཤིས་དྲོད་འགྱུར་གྱིས་བསྐྱེད་དེ་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་དུ་ཐན་པ་ཆེན་པོ་བྱུང་བ་བརྒྱུད་གང་སར་རི་དྭགས་མང་པོ་ཤི་བའི་རོ་ཡིས་ཁེངས་པ་ དང་།རི་དྭགས་དང་གཅན་གཟན་དེ་དག་གི་ལུས་ཀྱི་ནད་དུག་ཀུན་མཁའ་དབུགས་དང་དུག་སྦྲང་བརྒྱུད་ནས་སྲོག་ཆགས་གཞན་ལ་འགོས་ཁྱབ་འགྲོ་བ་མ་ཟད།མིའི་རིགས་ལ་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་དེ།དེ་ཡང་ལོ་འགའི་ཡར་སྔོན་དུ་མཐོ་སྒང་གི་སྒོ་ཕྱུགས་བར་འགོས་ཁྱབ་ཏུ་སོང་བའི་ནད་དུག་W(ས་ནད་དང་སྐེ་ནད་སོགས)དེ་ཚ་ཏུག་ཆེ་བའི་གནམ་གཤིས་ཀྱི་གནས་ཚུལ་འོག་ལྷག་པར་དུ་འབྱུང་བར་མངོན་ཞིང་།སྒོ་ཕྱུགས་དེ་དག་ཤི་བའི་རོ་ཀུན་ལམ་སང་ས་འོག་ཏུ་སྦས་པའམ་འཕྲལ་མར་མེར་སྲེགས་དགོས་པའི་གནས་ཚུལ་བྱུང་བ་ང་ཚོས་ཤེས་གསལ་ལྟར་ཡིན།འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་དུ་ཀྲུང་གོའི་ནང་ཁུལ་དུ་བྱུང་བའི་ཐན་པ་དག་མི་མང་པོའི་མིག་སྔར་འཆར་བཞིན་ཡོད་ངེས།ལོ་རྒྱུས་ཐོག་རྒྱ་གར་སོགས་གཙོ་བྱས་པའི་རྒྱལ་ཁབ་མང་པོར་ཐན་པ་ཆེན་པོས་མི་གྲངས་མེད་ཀྱི་ཚེ་སྲོག་ཤོར་བ་དང་།ཨ་མུ་རི་ཀ་སོགས་སུ་གནམ་གཤིས་ཚ་ཏུག་ཆེ་བའི་རྐྱེན་གྱིས་ནགས་ཚལ་མང་པོར་མེ་ཤོར་བའི་གནས་ཚུལ་དག་ལས་ཀྱང་བཟློག་ཐབས་མེད་པ་འདི་ཀུན་གནམ་གཤིས་དྲོད་འགྱུར་ལ་རག་ལས་ཡོད་པ་ཡིན།དེ་མིན་འཛམ་གླིང་གི་རྒྱལ་ཁབ་མང་པོར་ལོ་ལྟར་གནམ་གཤིས་དྲོད་འགྱུར་གྱིས་བསྐྱེད་པའི་ཚ་རླབས་ཆེས་ཆེར་འཕྱུར་བཞིན་པའི་ཁྲོད་དུ་སྔར་མེད་ཀྱི་ཆགས་སྒོ་ཡང་བརྗོད་ཐབས་མེད་པ་མྱོང་བཞིན་ཡོད་པ་མ་ཟད།དེང་ནས་བཟུང་སྟེ།ལུགས་དང་ལྡོག་པའི་རང་བྱུང་དོན་རྐྱེན་ཡང་གང་མང་འབྱུང་ངེས་ཡིན།དེའི་ཁུངས་གཏུགས་ས་གཙོ་བོའང་མིའི་རིགས་རང་གིས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན།
  གསུམ་པ།སའི་གོ་ལའི་གནམ་གཤིས་དྲོད་འགྱུར་བྱུང་བའི་རྒྱུ་རྐྱེན་ཁག་བཅུ།
༡མི་འབོར་མང་པོ་ཆགས་པ།
༢རླུང་ཁམས་ཁོར་ཡུག་འབག་རྩོག་བཟོས་པ།
༣རྒྱ་མཚོའི་འབྱུང་ཁམས་ཁོར་ཡུག་ཇེ་ཞན་དུ་གྱུར་བ།
༤ས་བསླད་པ་དང་།ས་གཞི་བྱེ་ཐང་ཅན་དུ་འགྱུར་བ་སོགས་ཀྱིས་རྒྱུ་མཚན།
༥ནགས་ཚལ་གྱི་ཐོན་ཁུངས་ལ་འཕྲོ་བརླགས་ཆེར་བཟོས་པ།
༦སྐྱུར་ཆར་གྱིས་གནོད་པ།
༧སྐྱེ་དངོས་རིགས་ཀྱི་སྐྱེ་རྒྱུན་ཆད་པའི་ཚད་ཇེ་མགྱོགས་ལ་ཕྱིན་པ།
༨ཆུ་འབག་རྩོག་བཟོས་པ།
༩དུག་ལྡན་མཁོ་མེད་ཟོག་རོས་འབག་རྩོག་ཐེབས་པ།
༡༠སའི་གོ་ལའི་དུས་འཁོར་རང་བཞིན་གྱི་སྤྱི་སྐོར་འཁོར་ལམ་ལ་འགྱུར་ལྡོག་བྱུང་བའི་རྒྱུ་མཚནབཅས་སོ།།
བཞི་པ།དྲི་ངན་བང་རིམ་ལ་བར་སྟོང་དོད་པ།
འདི་ནི་སའི་གོ་ལས་ཉི་མའི་ཚ་ཟེར་སྲུང་བའི་“ཉི་གདུགས་”ཡིན།1985ལོ་ནས་བཟུང་།རྒྱལ་ཁབ་ཁ་ཤས་ཀྱི་ཚན་
རིག་པས་སའི་གོ་ལའི་གླིང་སྣེ་ལྷོ་བྱང་གི་ཐད་ཀའི་ནམ་མཁའི་དྲི་ངན་བང་རིམ་ལ་བར་སྟོང་ཆེས་ཆེེར་དོད་བཞིན་པའི་གནས་ཚུལ་དེ་མཐོང་འཕྲལ།སེམས་སུ་དངངས་སྐྲག་ཚད་ལས་འདས་པ་བྱུང་ཞིང་།བདེན་དོན་འདིར་འཐབ་རྩོད་བྱེད་ཆེད་མུ་མཐུད་དུ་བྱ་ཐབས་འདྲ་མིན་བསྟར་ཏེ།འཛམ་གླིང་གི་གླིང་སྣེ་ལྷོ་བྱང་གཉིས་ཀའི་ཛ་དྲག་ཆེ་བའི་དྲི་ངན་བང་རིམ་གྱི་བར་སྟོང་དེ་བསྐྱར་སོས་ཡོང་དགོས་པའི་རྒྱུ་མཚན་ཡང་འདི་ལྟ་སྟེ།
  སྤྱིར་དྲི་ངན་བང་རིམ་ཟེར་བ་འདི་ནི་སའི་གོ་ལའི་བར་སྣང་ན་ཡོད་པའི་རང་བྱུང་གི་“ཉི་གདུགས་”ཞིག་ཡིན་ལ།ཉི་གདུགས་དེས་སའི་གོ་ལར་ཐད་འཕྲོ་བྱེད་པའི་ཉི་མའི་ཚ་དྲོད་ཀྱི་འོད་ནག(紫外线)ཆེན་པོའི་99%གཞུབས་ཤིང་།མིའི་རིགས་ལ་མཁོ་ཚད་ཀྱི་ཉི་འོད་སའི་གོ་ལའི་ཐོག་ཏུ་ཕོག་བཞིན་ཡོད་རུང་།འདས་པའི་ལོ་ཟླ་དེ་དག་གི་ཁྲོད་དུ་མིའི་རིགས་ཀྱིས་ཚད་ལས་བརྒལ་བའི་བྱ་འགུལ་དང་།རང་བྱུང་ཁམས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་པས།ད་ནི་ང་ཚོའི་མགོ་སྟེང་གི་“ཉི་གདུགས་”འདི་རང་གིས་བྱ་སྤྱོད་ངན་པས་མཇུག་འབྲས་ཀྱིས་བསྐྱེད་དེ་ཞིག་རལ་ལ་འགྲོ་བཞིན་ཡོད་ཅིང་།ཞིག་རལ་ཏུ་སོང་བའི་མཇུག་འབྲས་དང་ང་ཚོ་མིའི་རིགས་བར་གྱི་ཐད་ཀའི་འབྲེལ་བའང་གསལ་བོར་ཤེས་རྟོགས་ཡོང་བཞིན་ཡོད།དེའི་ཕྱིར།དྲི་ངན་བང་རིམ་གྱི་བར་སྟོང་དེས་ད་ནས་བཟུང་མིའི་རིགས་ལ་པགས་ནད་སོགས་ཀྱིས་ནད་རིགས་མང་པོ་བསྐྱེད་ངེས་ཡིན།ད་ནི་ཕལ་ཆེར་ཅུང་ཟད་འཕྱི་དྲག་པ་འདྲ།ད་ནི་ཤེས་རྟོགས་ཟེར་བ་དེ་ལག་ལེན་ལ་བསྒྱུར་དགོས་པའི་དུས་ལ་སླེབས་ཡོད།ད་ནི་ཅུང་ཟད་ཙམ་མིན་པར་ཕལ་ཆེར་འཕྱི་དྲག་པ་འདྲ།ཡིན་ཡང་།ནད་པ་ཤི་བོ་མིན་ཕྱིན།གསོན་པའི་རེ་བ་མེད་པའང་ག་ལ་ཡིན།ང་ཚོ་ཤི་བ་ལས།གསོན་ལ་རེ་བའི་སེམས་དེ་ཡོད་ན་ལེགས་ངེས་ཡིན།
  དེང་འདིར་འཛམ་གླིང་གི་རྒྱལ་ཁབ་མང་པོར་གནམ་གཤིས་གྲང་ངར་ཅན་དང་ཁ་ཐན་ཆེར་བྱུང་བ་སོགས་ཀྱིས་སའི་གོ་ལ་འདི་གནམ་གཤིས་དྲོད་འགྱུར་འགྲོ་བའི་འགྲོས་ལས་ལྡོག་སོང་ངམ་ཟེར་ན།2009ལོའི་ལོ་མཇུག་ནས2010ལོ་འགོའི་བར་ཏུ།ཁ་བ་ཆེན་པོ་བབས་ནས།ཨ་མའེ་རུ་ཁའི་སྲིད་གཞུང་གིས་ལས་མཚམས་བཞག་པ་དང་།
དབྱིན་ཇིའི་སློབ་གྲྭ་350ཡིས་སློབ་མཚམས་བཞག་ལ།ཧྥ་རན་སི་སོགས་ཀྱིས་གནམ་གྲུའི་འགྲོ་འོང་དང་རྒྱུན་ལྡན་འཚོ་བར་གནོད་འཚེ་ཚབ་ཆེན་ཐེབས་ཤིང་།ཀྲུང་གོའི་ནང་སོག་དང་ཡི་གུར་སོགས་སུ་ཁ་བའི་ཟབ་ཚད་རྨིད་1.5ཡན་དུ་སླེབས་པ་རེད།འཛམ་གླིང་གི་ཚན་རིག་པ་མང་པས་གསལ་བསྒྲགས་བྱས་པ་ལྟར་ན།གོང་གི་གནས་ཚུལ་འདི་དག་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་རྨ་ཁ་བཟོས་པའི་བར་སྐབས་རང་བཞིན་གྱིས་རང་བྱུང་གི་འགྱུར་ལྡོག་གི་སྣང་ཚུལ་ཙམ་ཡིན་པ་ལས།དེས་སའི་གོ་ལའི་གནམ་གཤིས་དྲོད་འགྱུར་གྱིས་འགྲོས་དེ་རྩ་བ་ནས་འགལ་ཟླ་བཟོས་མེད།ཅེས་གླེང་མཁན་ཤ་སྟག་རེད་དོ།།
  དྲུག མཐོ་སྒང་གི་གངས་ཞུ་བཞིན་འདུག
  དེ་ཡང་གནམ་གཤིས་དྲོད་འགྱུར་འདིས་བསྐྱེད་དེ་མཐོ་སྒང་གི་གངས་མང་པོ་ཞུ་བཞིན་འདུག་པའི་ངང་ཚུལ་དེ་གང་སར་མཐོང་རྒྱུ་ཡོད་ཅིང་།ལོ་འགའི་སྔོན་ཁོ་བོ་ཇོ་མོ་གླིང་མའི་གངས་འདབ་ཀྱི་སྒར་ས་ཆེན་མོར་ཐེངས་འགར་ཕྱིན་པའི་མཐོང་ཐོས་ཅུང་ཟད་གླེང་ན།སྤྱི་ལོ་2007ལོར་ཁོ་བོ་ཕྱི་གླིང་བའི་འགྲུལ་བཞུད་པ་སྐོར་ཞིག་དང་ཐེངས་མང་པོར་རི་བོ་ཇོ་མོ་གླིང་མར་ཡུལ་སྐོར་ལྗོངས་རྒྱུར་འགྲོ་བའི་ལམ་བར་དུ་གནམ་གཤིས་ཀྱིས་ཚ་དྲོད་འོག་ཇོ་མོ་གླིང་མའི་གངས་ཞུ་ནས་ལམ་བར་ཀུན་ཏུ་རྒྱུག་ཆུ་ཁམ་ལོག་གེ་མང་པོ་ཞིག་གིས་སྣ་དྲང་ཏེ་རླངས་འཁོར་གྱི་འགྲོ་ལམ་ཡང་རྙེད་ཁག་པོར་བསྒྱུར་ཡོད།ལྗོངས་རྒྱུ་བ་གང་མང་ཞིག་གིས་དེང་འདིར་མཐོ་སྒང་གི་གངས་ཞུ་བའི་གནས་ཚུལ་འདིའང་འཛམ་གླིང་གི་ཚན་རིག་པ་མང་པོས་སེམས་ཚབ་ཆེན་པོ་བྱེད་སའི་གནས་ཤིག་ཡིན་པ་རེད་ཟེར་མཁན་ཤ་སྟག་བྱུང་།དེ་ཡང་འཛམ་གླིང་གི་མི་མང་པོ་ཞིག་གིས་ཇོ་མོ་གླིང་མའི་འགྲམ་རྒྱུད་དུ་ཡུལ་སྐོར་ཐོན་ཁུངས་གསར་འབྱེད་བྱེད་པའི་ཆེད་དུ་སྣུམ་ནག་གི་གཞུང་ལམ་མང་པོ་བསྐྲུན་དང་སྐྲུན་བཞིན་ཡོད་པ་མཐོང་ལ།ཁྱད་པར་དུ་མཐོ་སྒང་ནི་དུད་སྨུག་བྲལ་བས་ཉི་མའི་འོད་ཟེར་གྱི་ཚ་དྲོད་ཐད་ཀར་ཕོག་སའི་གནས་ཡིན་ཕྱིན་ཉི་མའི་ཚ་ཟེར་སྣུམ་ལམ་ངོས་ནས་ལྡོག་འཕྲོ་བྱུང་བས་གངས་ལྗོངས་ཀྱི་གངས་རི་མང་པོ་ཡུན་གྱིས་ཞུ་ནས་ཆུ་མོའི་ལུས་ཀྱིས་བཞུར་བའི་རང་བཞིན་དེ་ལ་ཐུགས་ཁུར་ཆེར་བྱེད་བཞིན་ཡོད།ཐེངས་ཤིག་ལ་གནམ་གཤིས་ཡག་པོ་མེད་ཕྱིན་ཇོ་མོ་གླང་མའི་བཞིན་རས་སྤྲིན་པས་གཡོགས་ཏེ་གནས་སྐབས་རིང་མཇལ་རྒྱུ་མ་བྱུང་བས།ང་རང་སྒར་ས་ཆེན་མོ་དང་ལེ་དབར་བརྒྱད་ཡོད་སའི་རོང་པོའི་དགོན་པའི་མགྲོན་ཁང་དུ་ཉིན་འགར་ཞགས་འདུག་བྱེད་དགོས་བྱུང་བ་དང་།དེ་གའི་གྲ་བ་རྒན་གཞོན་ཚོར་དགོན་པ་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་ལ་གླེང་མོལ་བྱེད་པའི་གོ་སྐབས་མང་པོ་བྱུང་བའི་ཁྲོད་ཁོ་ཚོས་བཤད་རྒྱུར།ལོ་ངོ་ཉི་ཤུའི་ཡར་སྔོན་དུ་ཇོ་མོ་གླང་མའི་སྒར་ས་ཆེན་མོ་ནས་བཟུང་རོང་པོའི་དགོན་པའི་བར་གངས་ཀྱིས་བཟུང་ཡོད་ཀྱང་།ད་ནི་འདི་གའི་གངས་ཚང་མ་ཞུ་ནས་ས་རྡོ་ལས་མཐོང་རྒྱུ་མེད་པ་མ་ཟད།སྔོན་ཆད་ཀྱི་སྙིང་ཉེ་བའི་སྲོག་ཆགས་དག་ཀྱང་ད་ལྟ་གར་སོང་ཆ་མེད་རེད་ཟེར།དངོས་གནས་བཤད་ན།ཁོ་བོས་རོང་པོ་དགོན་་པའི་ཞིག་རལ་དུ་སོང་བའི་མཆོད་རྟེན་ལ་བསྙེས་ནས་རྩེ་མོ་དགུང་ལ་ཟིག་པའི་ཇོ་མོ་གླང་མར་ལྟ་དུས།དེ་ཡི་རི་ལ་ཁ་བ་ཐར་ཐོར་ཙམ་ལས་ཡོད་པ་མ་མཐོང་བས།ངའི་སྣང་བར་དུས་ངན་མུ་གེ་ཤིན་ཏུ་ཆེ་བའི་རིང་ལ་སྐྱེས་པའི་གཏོང་རུད་ཅིང་རྒས་མདོག་དོད་པའི་མི་རྒན་ཞིག་གི་ངང་ཚུལ་ངང་ངམ་ཤུགས་ཀྱིས་སྐྱེས་ཡོངས་སོ།།
  ལྗང་མདོག་གི་ཞི་བདེ་ཟེར་བའི་དྲྭ་ཚིགས་ཤིག་གིས་2009ལོའི་ཟླ་8པའི་ཚེས་27ཉིན་སྤེལ་བའི་“ཡ་གླིང་གི་ཆུ་མཛོད་མཆོད་རྟེན་”ཞུ་བ་ཟེར་བའི་དཔྱད་གཏམ་ནང་དུ།མཚོ་བོད་མཐོ་སྒང་གི་འཁྱག་རོམ་ནི་ཡ་གླང་གི་ཚྭ་མེད་ཆུ་བོ་བདུན་གྱི་ཆུ་འགོ་ཡིན་པ་དང་།དེ་ཡང་གནམ་གཤིས་འཕོ་འགྱུར་གྱིས་བསྐྱེད་ནས་འདི་གའི་འཁྱག་རོམ་ཞུ་བའི་གནས་ཚུལ་དེ་སྔ་ན་མེད་པའི་ཚད་ལ་སླེབས་འདུག་ལ།གལ་སྲིད་འདི་བཞིན་འཁྱག་རོམ་ཚང་མ་མེད་པར་གྱུར་ཅིང་“ཆུ་མཛོད་”མཆོད་རྟེན་ཞུ་བའི་དབང་དུ་བཏང་ན།ཡ་གླང་གི་མི་དུང་ཕྱུར་10ལྷག་གི་འཐུང་ཆུའང་ཁག་ཐེག་མི་ཐུབ་ཅེས་དང་།ཡང་ཇོ་མོ་གླང་མའི་འཁྱག་རོམ་ཞུ་བའི་ཚད་དེ་འཛམ་གླིང་གི་ས་ཆ་གང་གིས་ཀྱང་མགྱོགས་ཏེ།དེ་གའི་གནམ་གཤིས་དྲོད་ཚད་དེ་ལོ་རབས་དྲུག་ཅུ་ནས་བརྒྱད་ཅུའི་བར་0.6℃འཕར་ཞིང་།ལོ་རབས་བརྒྱད་ཅུ་ནས་2003བར་དྲོད་ཚད་1℃འཕར་བ་དང་།ལོ་བཅུ་རེའི་ནང་ཆ་སྙོམས་དྲོད་ཚད་0.4℃ཙམ་འཕར་བཞིན་ཡོད་པ་དང་།འདས་པའི་ལོ་ངོ་སུམ་ཅུའི་ནང་རོལ་ཏུ་ཇོ་མོ་གླང་མའི་འགྲམ་རྒྱུད་ནི་ཀྲུང་གོའི་དྲོད་འགྱུར་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པར་མངོན།དེའི་མ་ཚད་ཀྲུང་གོའི་ནུབ་རྒྱུད་ཀྱི་82.2%ཡན་ཆད་ཀྱི་འཁྱག་རོམ་དག་ཞུ་འཁུམ་འགྲོ་བཞིན་འདུག་བཅས་བྲིས་པ་སོགས་གསལ་བོར་མཐོང་ངོ་།།

ཇོ་མོ་གླང་མའི་གངས་ཞུ་ནས་བཞུར་འོང་བའི་ཆུ།

 ཇོ་མོ་གླང་མའི་གངས་ཞུ་ནས་སྒར་ས་ཆེན་མོར་འགྲོ་སའི་ལམ་ཆུས་ཁེངས་པ།

2009ལོའི་ཟླ་6པར་ལྗང་མདོག་གི་ཞི་བདེའི་ལས་འགུལ་བ་ཞིག་གི་ལག་ཏུ་1984ལོར་ས་ཆ་དེ་ག་རང་ནས་བླངས་པའི་དཔར་ཞིག་འཇུས་ནས་བསྡུར་ཞིབ་བྱེད་བཞིན་པ།
  དེ་མིན་གནམ་གཤིས་འཕོ་འགྱུར་གྱིས་ཤུགས་རྐྱེན་ཆེན་པོའི་འོག་མི་རིང་བར་ང་ཚོར་འཐུང་ཆུ་དང་ཟ་མའི་དཀའ་ཁག་ཤར་ངེས་པ་སོགས་ནི་ཚན་རིག་པ་མང་པོས་གསུངས་འདུག་གོ།
  བདུན།ང་ཚོའི་ཕྲག་གི་འོས་འགན།
  ད་ནི་མིའི་རིགས་ཚང་མ་མཱ་ཡཱ་མི་རིགས་ཀྱི་གནའ་བོའི་ལུང་བསྟན་མངོན་འགྱུར་ཡོང་བར་འཇིགས་སྣང་གིས་ཁེངས་ནས་མི་འདུག་པར།མི་རིགས་དང་རྒྱལ་ཁབ་སོ་སོས་རང་རང་གི་རིག་གནས་དང་ཆོས་ལུགས།སྲོལ་རྒྱུན་སོགས་ཀྱི་ནང་གི་ཆེས་ཕུན་སུམ་ཚོགས་པའི་ཆ་དེ་བསྡུས་ནས།འཚོ་བའི་གནས་བབས་དང་ཆ་རྐྱེན།རིག་གནས་ཆུ་ཚད་འདྲ་མིན་དང་།སློབ་གསོ་ཐོབ་སྟངས་འདྲ་མིན།ཡིག་རྨོངས་ཡིན་མིན།ཀུན་གྱི་རྒྱུད་ལ་རང་རང་སོ་སོའི་ཆོས་ལུགས་རིག་གནས་ཀྱི་ཁྱད་ཆོས་སམ་དུས་རབས་ཀྱི་འཁོར་ཕྱོགས་སུ་གཡུགས་པའི་རླུང་རྒྱུན་དེར་ཟུག་པའི་རིག་གནས་ཀྱི་འགྲོའི་དང་བསྟུན་ནས་ང་ཚོ་གཞིས་ཁྱིམ་འདིའི་ཁོ་ར་ཁོར་ཡུག་ཀུན་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པ་དང་ཐོན་ཁུངས་གྲོན་ཆུང་བྱེད་པའི་གོམས་གཤིས་སམ་རང་གཤིས་དེ་ཆགས་སུ་འཇུག་དགོས་པ་ནི་དུས་ཀྱི་ང་ཚོར་གཏད་པའི་དགོས་མཁོ་ཡིན།རྒྱལ་ཁབ་དང་མི་རིགས་ཤིག་གིས་ཕྲག་གི་འཆར་གཞི་དེ་ང་ཚོ་མི་སེར་དཀྱིས་མ་དག་གི་འོས་འགན་དུ་བརྩིས་ནས་འགན་ཁུར་གྱི་བསམ་བློ་ལྡན་པའི་ངང་ནས་རང་གི་རྒྱུན་ལྡན་སྤྱི་ཚོགས་འཚོ་བའི་ནང་གི་གནམ་གཤིས་དྲོད་འགྱུར་ལ་སྔ་ལྟས་བསྐྲུན་པའི་གོམས་གཤིས་ངན་པ་ཀུན་རང་ལྕགས་སྒོས་བཅོས་བསྒྱུར་གཏོང་དགོས་སྟེ།
གཅིག ཐོན་ཁུངས་གྲོན་ཆུང་བྱེད་དགོས་པ་ནི།
རྒྱུན་ལྡན་འཚོ་བའི་ཁྲོད་དུ།ང་ཚོས་གང་ཅི་ཐུབ་ཀྱིས་འཚོ་བའི་ནང་གི་གློག་ཆས་སྤྱོད་རྒྱུའི་ཚད་དམའ་རུ་གཏོང་དགོས་ཏེ།དེ་ནི་བརྙན་འཕྲིན་ལ་ཉུང་ལྟ་བྱེད་རྒྱུ།འཁྱག་སྒམ་ཉུང་སྤྱོད། རྫབ་རླངས་སྤྱད་ནས་གཡོ་སྐོལ་བྱེད་རྒྱུ།འཚོ་བའི་གད་སྙིགས་ཉུང་ཐབས་བྱེད་རྒྱུ།ཤ་ཉུང་བཟའ་བྱས་ནས་དཀར་ཟས་མང་ཙམ་གསོལ་རྒྱུ།འགྱིག་ཤོག་ཉུང་སྤྱོད་བྱེད་རྒྱུ།གློག་སྒྲོན་ཉུང་སྤྱོད་བྱེད་རྒྱུ།གློག་རྫས་གང་སར་མི་འདོར་རྒྱུ།གྲོང་ཁྱེར་ནང་གི་མི་སྒེར་གྱི་རླངས་འཁོར་ཉུང་སྤྱོད་བྱས་ནས་སྤྱི་སྤྱོད་རླངས་འཁོར་དུ་མང་ཙམ་འདུག་རྒྱུའམ(དེང་དུས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་རེས་རླངས་འཁོར་ཆུང་ངུ་80ཡིས་ཚབ་ཐུབ།)་རེ་འགས་མཉམ་དུ་རླངས་འཁོར་གཅིག་བཏང་ནས་ལས་ཀར་འགྲོ་རྒྱུ།སྡོང་འཛུགས་ནགས་སྐྲུན་བྱས་ཏེ་དབྱང་གཉིས་ཐཱན་རྫས་གཞིབ་པ་དང་ཆུ་ལོག་སྔོན་འགོག་བྱེད་པ་སོགས་རྒྱུན་ཤེས་ཀྱི་སྐོར་ཡིན།།

 མི་རེས་རླངས་འཁོར་རེ་བཏང་ནས་ལས་ཀར་འགྲོ་བཞིན་པའི་ཞོགས་པའི་ཟུར་ཞིག
གཉིས།ཤེས་ལྡན་པའི་ཕྲག་གི་འོས་འགན་ནི།
གཅིག    ནད་ཡམས་མང་པོ་དང་གནམ་གཤིས་བར་གྱི་འབྲེལ་བ་ཤེས་རྟོགས་བྱེད་རྒྱུ་དང་།ནད་ཡམས་དེ་དག་གང་ལ་བརྟེན་ནས་བྱུང་བ།འགོས་ཁྱབ་འགྲོ་ཚུལ།ནད་ཡམས་ཅི་ལྟར་ལངས་བ་དང་།གནམ་གཤིས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་རྒྱུ།
གཉིས། ཛ་དྲག་ཆེ་བ་དང་གློ་བུར་བའི་གནས་ཚུལ་འོག་ནད་ཡམས་མང་པོ་འབྱུང་ངེས་པར་སྔོན་འགོག་དང་རྩ་འཛུགས་སོགས་ཀྱི་ཚན་རིག་གི་སྒྲིག་གཞི་དང་ཐབས་བཀོད་འཐུས་ཚང་ཡོད་རྒྱུ།སྤྱི་ཚོགས་ནང་ཁུལ་དུ་ཆ་འཕྲིན་རྒྱུག་པོ་ཡིན་རྒྱུ།གདེངས་འཇོག་མ་ལག་ཆ་ཚང་ཡིན་རྒྱུ།
གསུམ། གནམ་གཤིས་འགྱུར་ལྡོག་གིས་བསྐྲུན་ངེས་པའི་ཐོལ་བྱུང་གི་དོན་རྐྱེན་ལ་ཁ་ཕྱོགས་
པའི་བློ་ཚོད་དང་སྙིང་སྟོབས་ཡོད་དགོས།
བཞི་པ།ཁོར་ཡུག་སྲུང་སྐྱོབ་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྦྱང་བྱ་གཙོ་བོར་འཛིན་དགོས།
གསུམ་པ།འབྲེལ་ཡོད་སྡེ་ཁག་གི་འོས་འགན།
ཡུལ་སྐོར་དང་འབྲེལ་ཡོད་ཀྱི་སྡེ་ཁག་ཚང་མས་གང་སར་སྐྱེ་ཁམས་ལྗོངས་རྒྱུའི་ཤེས་བྱ་སྦྱོང་བརྡར་སྤྲོད་ཅིང་།དེའི་འདུ་ཤེས་ཁྱབ་སྤེལ་གཏོང་དགོས་སོ།།
བདུན།འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཕྲག་གི་འོས་འགན།
འཛམ་གླིང་གི་འཕེལ་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་བམ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ ཁབ་གང་ཡིན་རུང་སོ་སོས་གཅིག་མཐུན་སྒོས་KYOTOགྲོས་ཆོད་ཡི་གེ་(京都议定书)དངBaliལམ་ཡིག(巴厘路线图) མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་སྐོར་གྱི་སྐྱ་ཐིག་སྤྱི་ཆིངས་(联合国气候框架公约UNFCCC)སོགས་ཚད་གཞིར་བཟུང་ཞིང་།འཕེལ་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་དག་ལ་དངུལ་ལོར་དང་ལག་ཤེས་ཉམས་མྱོང་འདོན་སྤེལ་བྱེད་རྒྱུའི་འོས་འགན་ཡོད་ཅིང་།དེ་མིན་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཚང་མས་ཐུན་མོང་ངམ་རང་ཉིད་ཀྱིས་ཁས་ལེན་ཡུལ་གྱི་ཆོས་ལུགས་སམ་དེའི་བླ་མ་དང་ཚན་རིག་མི་སྣ་སོགས་ཀྱིས་རང་ནུས་གང་ལྕོག་གིས་རང་གི་མི་རིགས་ནས་འགོ་ཚུགས་དགོས་ཤིང་།དེ་ནི་མིའི་རིགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་ཐད་ཀར་མིའི་སེམས་སུ་ཟིག་ཐབས་དང་ལུས་སེམས་གཉིས་ཀྱིས་རང་མོས་སྒོས་ཁ་མིན་ལག་ཏུ་བསྟར་བའི་ཐབས་ལམ་ཡག་ཤོས་དེའང་ཡིན།(ཆོས་ཁྲིམས་སོགས་འཇོག་རྒྱུ)དེ་མིན་ཆོས་ལུགས་དད་པ་མེད་པའམ་དེས་ནུས་པ་མི་ཐོན་པའི་མི་ཚོགས་སུ་ཁྲིམས་ལུགས་ཀྱིས་ལྕགས་སྒྲོག་གིས་དམ་པོར་སྡོམ་དགོས།འདི་ལྟར་སྨྲ་བའི་རྒྱུ་མཚན་ཡང་འཛམ་གླིང་གི་མི་རིགས་མང་ཆེ་བར་རང་རང་གི་ཆོས་ལུགས་ཡོད་ཅིང་།ཆོས་ལུགས་ཀྱིས་སྟོབས་ཤུགས་ཀྱིས་མིའི་སེམས་འདུལ་ཐུབ་པས་སོ།།
 
“ཁྱིམ”

“ཁྱིམ་གཞི་དྲོན་མོ”
 ལྡོག་ཕྱོགས་ཟུར་བརྗོད།
དེ་མིན་ཚན་རིག་པ་སྐོར་ཞིག་གིས་གནམ་གཤིས་འཕོ་འགྱུར་གྱི་གནས་ཚུལ་དེ་མི་དང་ཚོགས་པ་མང་པོ་ཞིག་གི་ཁེ་ཕན་ཙམ་ལས་བདེན་དོན་དུ་མ་གྲུབ་ཟེར་བའང་བརྙན་ལམ་ནས་རེ་འགའ་མཇལ་གྱི་བྱུང་ལ།ཡང་རེ་འགས་གནས་ཚུལ་དངོས་དེ་ད་དུང་ཤེས་གསལ་བྱུང་མེད་ཟེར་མཁན་སོགས་འདྲ་མིན་བྱུང་དང་འབྱུང་བཞིན་པ་འདིའི་རིགས་ཀྱང་གོ་ཐོས་ཡོད་ན་གཡག་ཞར་གྱིས་རྩྭ་ཟོས་པའི་དཔེ་དང་བླུན་པོ་ཆུ་སྣ་གར་ཁྲིད་ལ་མི་འགྲོའོ།། སླར་དེས་ཀྱང་འགྲོ་ལ་ཕན་ཅུང་ཟད་ཐོག་པར་ཤོག་ཅིག།
སྨྲས་པ།
ལེགས་བཤད་རྩོམ་དང་བརྩོན་པའི་ངལ་བ་མ་བརྒྱུད་པར།།
ཆོས་ཚུལ་མཐོང་ཐོས་ཟུར་ལ་བཅད་ནས་བཀོད་པ་དང་།།
ལས་སླས་གཞན་པའི་ཕུན་ཚོགས་འཐུ་བཞིན་རང་གཏམ་གྲུབ།།
དེའི་ཕྱིར་གུས་པས་ངལ་བ་སྔོན་འགྲོའི་འབྲས་བུར་མཆོད།།
 
དོན་གྱི་རབ་ཁ་སྐད་གྱི་ཆུ་བོས་མ་ཆོད་པར།།
ངེས་དོན་འཕྲིན་བཞིན་ཡུལ་ལ་འབྱོར་བ་དང་།།
འདོད་རྒུ་ཆར་བཞིན་སེམས་སུ་ཡོངས་བབས་ཏེ།།
འགྲོ་བའི་མོས་པ་ངལ་མེད་ལྷུན་གྱིས་འགྲུབ་པར་ཤོག།
 
འཇིགས་སྣང་དང་ཞེད་སེམས་མ་འཆངས།
ང་ཚོའི་སེམས་པའི་ནང་ན་སེམས་པའི་རི་མོ་ཡོད།
ཐོད་པའི་ཀླད་ན་ལས་ཀྱི་ཨ་ཡིག་ཡོད།
ལྷག་བསམ་དང་སྙིང་རྗེས་་་་་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་གཤིས་འཕོ་འགྱུར་གྱིས་མིའི་རིགས་ལ་བསྐྱེད་པའི་ཆག་སྒོ།

2012-03-20 ཁྱུང་མཆུའི་བརྒྱ་བྱིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།