ལབ་ཙེའི་རིག་གནས་ཀྱི་འབྱུང་ཁུངས་ལ་གསར་དུ་དཔྱད་པ།
ང་ཚོ་བོད་ཀྱི་ལོ་རྒྱུས་སྟེང་ལབ་ཙེ་རྩིག་སྲོལ་ནི་དུས་རབས་ནམ་ཞིག་ལ་བྱུང་བ་ཡིན་ཞེ་ན། དེ་ལ་ཡིད་རྟོན་བྱེད་ཆོག་པའི་ཡིག་ཆ་རིན་ཐང་ལྡན་པ་ཞིག་མ་མཐོང་མོད། ལོ་རྒྱུས་དེབ་ཐེར་ཁག་ཏུ་བོད་ཀྱི་རྒྱལ་རབས་ཉེར་བདུན་གྱི་རིང་ལ་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་ལས།བོན་ནི་ལྷ་མཆོད་འདྲེ་འདུལ་བྱེད་པའི་གདོལ་མའི་ཆོས་ལུགས་ཤིག་ཡིན་ཞིང་། དེ་ལས་རྒྱུ་འབྲས་དང་བདེན་ལུགས་སྲོག་ཏུ་འཛིན་མཁན་དག་ལ་ལྷ་སྟེ། ཁོང་རྣམས་མཆོད་ཅིང་གཙུག་ཏུ་བཀུར་བ་དང་། ཐ་ཤལ་དང་གནོད་འཚེ་བྱེད་མཁན་རྣམས་ལ་འདྲེ་སྟེ། ཁོ་ཚོ་འགྲོ་མི་རིགས་ཀྱི་དགྲ་བོ་ཡིན་པས་བཏུལ་བ་ཡིན་ནོ།།འདི་འདྲའི་བསམ་བློའི་འཛིན་སྟངས་ནི་འགྲོ་བ་མིའི་རིགས་ཀྱི་སེམས་གཏིང་ནས་རིམ་བཞིན་ནར་སོན་ཞིང་། རིག་གནས་ཤིག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་དང་། རྒྱལ་ཕྲན་དང་རྒྱལ་ཕྲན་བར། ས་ཕྱོགས་དང་ས་ཕྱོགས་ཀྱི་བར་དུ་ས་རྩོད་དང་ཆུ་རྩོད་བྱུང་ནས་ཤི་བ་རྣམས་དཔའ་བོ་རུ་བརྩི་ཞིང་། ཁོང་ཚོའི་ཤ་རུས་རྣམས་གསེར་གངུལ་གྱི་བྱེ་མར་བསྲེས་ཤིང་། རིན་པོ་ཆེའི་སྒྲོམ་ནང་དུ་བཅུག་ནས་ས་འོག་ཏུ་ཉར་བ་དང་། ཁོང་ཚོའི་དགྲ་ལ་འཐབ་པའི་གཡུལ་ཆས་ཀྱང་པུར་སྒམ་མདུན་དུ་འཇོག་པ་སོགས་ནི་གནའ་བོའི་འདས་མཆོད་བྱེད་པའི་རིག་གནས་གལ་ཆེན་ཞིག་ཡིན་ཞིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་པའི་ནང་འཁོད་པའི་༼ཐང་ཧྲུའུ་ལིའུ་བརྒྱ་དང་ཉེར་གཉིས་པ་དང་།ཟུའི་གུར་གྱི་རྒྱལ་རབས་ལེའུ་གྱ་གསུམ་པའི་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས་༽ཞེས་པ་རུ། མདོ་སྨད་ཙོང་ཁའི་ཕྱོགས་སུ་ཡོད་པའི་རྒྱལ་མོ་པགས་གོས་ཀྱི་རི་མོ་མཚེམ་དྲུབ་བྱས་ཤིང་། མགོ་སྐྲ་ལྷས་མ་ཆུང་ངུ་མང་དུ་བྱས་པ། སྨད་ལ་གཤམ་ཐབས་ནག་པོ་གྱོན་པ། རྣ་ལ་ཨ་ལུང་བཏགས་པ་ཞིག་གི་གནས་ཚུལ་འཁོལ་དོན།ཁོང་ཚོའི་རིགས་ཀྱིས་མི་ཕྱུག་པོ་ཤི་ན་ཤ་ལྤགས་སོ་སོར་ཕྲལ་ཏེ་ཤ་རུས་རྣམས་གསེར་བྱེ་དང་བསྲེས་ནས་སྣོད་དུ་བླུགས་ཏེ་ས་ལ་སྦ། པགས་པ་ཡང་ལོ་གཅིག་གི་རྗེས་ལ་ལྕགས་སྣོད་དུ་བཅུག་ནས་སྦ། ལོ་གསུམ་ཙམ་མྱ་ངན་བྱེད། ཁོང་རྣམས་རྒྱུན་དུ་ལྷ་འདྲེ་མང་པོ་མཆོད། ཟླ་བཅུ་གཅིག་པའི་ནང་ལ་རི་རྩེར་མོ་འདེབས་སུ་འགྲོ། དེ་ཡང་མོ་མས་འབྲུ་ཟན་གཏོར་ནས་བྱ་རྣམས་འབོད། དེ་ནས་བྱ་ཟེར་མོ་ལྟ་བུ་ཞིག་མོ་པའི་ལག་ཏུ་བཟུང་བ་དང་བསད་ནས་ཁོག་པ་ཕྱེས་ཏེ་བལྟ། བྱའི་ཁོག་ཏུ་འབྲུ་སོགས་བྱུང་ན་ལོ་རྗེས་མར་སྟོན་ཐོག་བཟང་བ་སོགས་ཀྱི་ལྟས་ཡིན།བྱེ་མ་དང་ལྡེའུ་བྱུང་ན་བར་ཆད་ཆེ་ཟེར། དེ་ལ་བྱའི་མོ་ཟེར། རྒྱ་ནག་གི་ཟླ་བཅུ་གཅིག་པ་དེ་ཁོང་ཚོའི་ཟླ་བ་དང་པོ་ཡིན། དེའི་དུས་མི་དང་སྤྲེའུ་སོགས་དམར་མཆོད་བྱེད། སུའེ་ཝང་གི་ལོ་དྲུག་པ་༼སངས་རྒྱས་འདས་རྗེས་ཀྱི་ལོ་༡༡༣༠༽ལ་རྒྱལ་ཁམས་དེ་ནས་རྒྱའི་གོང་མ་ལ་སྐྱེས་ཕུལ་ཡང་སླར་ལུགས་དེ་མ་བསྐྱངས་པར་ཆད། གོང་གསལ་གྱི་ལོ་རྒྱུས་འདི་ལས་བོད་ཀྱི་མེས་པོ་ཚོའི་འདས་མཆོད་བྱེད་སྟངས་དང་། གནའ་བོའི་གྱོན་ཆས་ཀྱི་སྐོར། མོ་འདེབས་སྟངས་ཀྱི་སྐོར།རྩིས་བྱེད་སྟངས་ཀྱི་སྐོར་སོགས་རྣམ་པ་ཅུམ་ཙམ་རྟོགས་ནུས་པ་དང་། ལབ་ཙེ་རྩིག་སྲོལ་དེ་ཡང་ཐོག་མར་ལྷ་མཆོད་འདྲེ་འདུལ་བྱེད་པའི་ཆོས་ལུགས་ཀྱི་བསམ་བློ་རྨང་གཞིའི་སྟེང་ནས་མྱུ་གུ་འབུས་ཤིང་། ས་གནས་ཕན་ཚུན་བར་གྱི་ས་རྩོད་ཆུ་རྩོད་འདུན་འགྲིག་བྱུང་བ་དང་བསྟུན་ནས་གཤིན་པོ་རྣམས་ཀྱི་པུར་སྒྲོམ་ནང་དུ་བཅུགས་ནས་ས་ལ་སྦ་བ། རི་སྒང་དུ་འཇོག་པ། དེ་དག་གི་གཡུལ་ཆས་མདུན་དུ་བཙུགས་པ། དཔའ་བོ་དེ་ཚོ་འབངས་མི་དང་རི་སྡེའི་ཆེད་དུ་ཤི་བས་ལོ་རེར་རྗེས་དྲན་བྱེད་པ། རིམ་བཞིན་ཁོང་ཚོའི་རྣམ་ཤེས་དེར་གནས་ཡོད་པའི་དག་སྣང་དང་བཅས་ལབ་ཙེ་རྩིག་པའི་སྲོལ་བྱུང་བ་ནི་གདོན་མི་ཟ་བར་སྣང་། ཡང་འགའ་ཤས་ཀྱིས་ལབ་ཙེ་ཞེས་པ་ནི་ཞང་ཞུང་གི་སྐད་ཡིན་ཞིང་། སྣོད་ལ་འཇུག་པ་དང་། ཕོ་བྲང་ངམ་མཁར། སྣོད་དམ་རྟེན་གཞི། དེ་འདུག་ས་ཡིན་པར་གསལ། ཞེས་དང་། ལབ་ཙེ་ལ་དབྱེ་ན་ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་རིགས་གསུམ་ཡོད་ཅིང་། རི་རྩེ་ནས་བརྩིགས་པ་ལ་ཀྱེ་ཏུ་དང་། རི་སྐེད་དུ་བརྩིགས་པ་ལ་ལབ་ཙེ། རི་ཤོལ་ནས་བརྩིགས་པ་ལ་དཔའ་མཁར་ཞེས་ཟེར་བར་བཤད། འདི་དག་ལ་ཞིབ་ཏུ་དཔྱད་ན། ཀྱེ་ཏུ་ཞེས་པ་ནི་བོད་སྐད་ཅིག་ཡིན་མིན་ཁ་ཚོད་གཅོད་དཀའ་ནའང་། ལབ་ཙེ་ཞེས་པ་ནི་ལ་རྩེ་ཞེས་པའི་དོན་དང་། དཔའ་མཁར་ཞེས་པ་ནི་དཔའ་བོའི་རྣམ་ཤེས་གནས་སའི་མཁར་ལྟ་བུ་ཡིན་པར་འདོད། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ལབ་ཙེའི་མཆོད་ཆོག་སོགས་སུ།བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།།འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།།ཕྱུག་པོའི་ལབ་ཙེ་རི་ཤོལ་ཀློང་དུ་བརྩིགས།།ཡུལ་མའི་བཙན་ཕྱུག་འཕན་གསུམ་དར་བར་བྱས།།ཞེས་པའི་ཤོ་ལོ་ཀ་འདི་ཡིས་གནའ་བོའི་བཙན་པོ་སྟེ་རྒྱལ་རྒྱུད་དམ་རིགས་མཐོ་ཤོས་ཀྱི་སྐོར་དང་།འཕན་པོ་སྟེ་གོ་གནས་དང་འབྱོར་བ་སོགས་བར་མའི་སྐོར། རྒྱུ་ལོངས་སྤྱོད་ཀྱིས་ཕྱུག་པོ་སྟེ་རིགས་གསུམ་དུ་དབྱེ་ཞིང་།འདི་དག་གིས་གནའ་བོའི་ལབ་ཙེ་འམ་དུར་སའི་རིག་གནས་དང་འབྲེལ་ནས་བཙན་གཉོམ་དབུལ་ཕྱུག་གི་ཁྱད་པར་ལེགས་པོ་ཞིག་བསྟན་ཡོད།གནའ་བོའི་ལབ་ཙེ་ལ་དབྱེ་ན་འབྲོང་མགོའི་ལབ་ཙེ་དང་།ཤྭ་རའི་ལབ་ཙེ།སྤེན་མའི་ལབ་ཙེ་སོགས་རིགས་མི་འདྲ་བ་གསུམ་ལྷག་བཤད་ཡོད་ན་འང་།ད་ལྟའི་བོད་ས་གནས་སུ་བསྟོད་སྲོལ་ཡོད་པའི་ལབ་ཙེ་ནི། མདའ་མདུང་གྲི་གསུམ་དང་།ཁ་རྒྱན་དང་རྩེ་རྒྱ། རྨུ་ཐག་སོགས་ཀྱིས་མཉམ་དུ་དཀྲིས་ནས་བསྟོད་སྲོལ་ཡོད་པ་ཡིན་ལ།འདི་ཡང་གནའ་བོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡི་པར་འདོད།
དཔྱད་གཞིའི་ཡིག་ཆ།
མཁས་དབང་ནམ་མཁའི་ནོར་བུའི་༼ཞང་བོད་ལོ་རྒྱུས་ཏི་སེའི་འོད།༽
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼གསུང་འབུམ་ཆ་ཚང་།༽
འཇམ་དབྱངས་དར་རྒྱས་ཀྱི་༼རྒྱའི་ཡིག་ཚང་དུ་འཁོལ་བའི་བོད་དང་འབྲེལ་བོའི་ལོ་རྒྱུས་པོད་ཆ་ཚང་།༽
ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་༼ལབ་ཙེའི་མཆོད་ཆོག༽
གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་༼བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།༽
དོན་གྲུབ་རྒྱལ་གྱི་༼གསུང་འབུམ་ཆ་ཚང་།༽
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།