རིགས་པའི་བརྒལ་བརྟག

རྨེ་རུ་ཕག་མོ་ཚེ་བརྟན།(ཉི་ཧོང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-04-03

ཉི་ཧོང་གི་མཁས་པ་ཨུ་ཨིས་ཧ་ཁོའུ་རྗོ(Ui Hakuju: 1882-1963)སོགས་ཀྱིས་དུས་རབས་བདུན་པའི་དུས་སྟོད་དུ་འཁྲུངས་བར་ཚོད་དཔག་བྱེད་བཞིན་པའི་རྒྱ་གར་གྱི་སློབ་དཔོན་ཙནྡྲ་ཀཱི་རྟིའམ་(Candrakīrti:ca.600–650 )བོད་ཀྱིས་ཟླ་བ་གྲགས་པར་འབོད་པ་ཁོང་ནི།  དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དང་ནང་བའི་ཐེག་པ་ཆེན་པོའི་སློབ་དཔོན་ཆེན་མོ་ཞིག་ཡིན་ལ། དོན་དམ་དུ་གྲགས་ཤིང་གྲུབ་པའི་སློབ་དཔོན་ནཱ་གཱ་རྫུ་ནའམ་(Nāgārjuna:ca.150-250)ཀླུ་སྒྲུབ་ཀྱི་རྗེས་འབྲངས་འགྲན་ཟླ་དང་བྲལ་བ་ཞིག་ཀྱང་རེད།

བུ་སྟོན་(1290-1364)གྱིས་སློབ་དཔོན་འདི་རྒྱ་གར་ལྷོ་ཕྱོགས་ཀྱི་ས་མ་ནར་འཁྲུངས་པར་གསུངས་པ་ཙམ་ལས་འཁྲུངས་འདས་སྐོར་ལ་ཅི་ཡང་གསུངས་མི་འདུག་ཅིང་། ཏཱ་ར་ནཱ་ཐའམ་(Tāranātha :1574-1615)བོད་སྐད་དུ་རྗེ་བཙུན་སྒྲོལ་བའི་མགོན་པོར་གྲགས་པས་སློབ་དཔོན་འདི་དང་རྒྱ་གར་དུ་དུས་རབས་བདུན་པར་འཁྲུངས་པའི་ཙནྡྲ་གོ་མིའམ་(Candragomin)དགེ་བསྙེན་ཟླ་བ་གཉིས་དུས་སྐབས་གཅིག་ཡིན་པར་བརྗོད་པར་མ་ཟད། ད་དུང་ཁོང་གཉིས་རྩོད་པ་བྱས་པའི་ལོ་རྒྱུས་ཐུང་ངུ་ཞིག་ཀྱང་རྒྱ་གར་ཆོས་འབྱུང་དུ་འཁོད་འདུག

ནང་བའི་སློབ་དཔོན་ཆེན་མོ་འདིས་ལེགས་སྦྱར་སྐད་དུ་བརྩམས་པའི་མཱ་དྷྱཱ་མ་ཀ་ཨ་བ་ཏཱ་ར(Madhyamakavatara)འམ་དབུ་མ་ལ་འཇུག་པ་ནི་ནང་བའི་ཐེག་ཆེན་ཆོས་ལུགས་ཀྱི་བརྗོད་བྱའི་གཙོ་བོར་གྱུར་བའི་བྱང་ཆུབ་སེམས་དཔའི་ས་དང་ཕར་ཕྱིན་གཙོ་བོར་བཟུང་སྟེ། དབུ་མ་ཐལ་རང་གི་དགག་བྱ་ངོས་འཛིན་དང་། སེམས་ཙམ་པ་དང་ཕྱི་རོལ་གྲངས་ཅན་པའི་ལུགས། བདེན་གཉིས་དང་ཚད་འགོག  དྲང་ངེས་དང་མཐའ་བཞིིའི་སྐྱེ་བ་སོགས་ཞིབ་མོར་སྟོན་པའི་བསྟན་བཅོས་བླ་ན་མེད་པ་ཞིག་རེད་ལ། ལེགས་སྦྱར་སྐད་དུ་སེམས་བསྐྱེད་དྲུག་པའི་རྩ་བ་མ་གཏོགས་མི་བཞུགས་ཤིང་། ཉེ་ཆར་གསར་རྙེད་བྱུང་བའི་ལེགས་སྦྱར་སྐད་ཀྱི་དབུ་མ་འཇུག་པའི་རང་འགྲེལ་དེའང་དཔེ་བསྐྲུན་བྱས་པའི་གནས་ཚུལ་ད་དུང་མི་འདུག

བསྟན་བཅོས་གྲགས་ཅན་འདི་དུས་ནམ་ཞིག་ལ་བརྩམས་པ་རྟོགས་དཀའ་མོད་ཀྱང་། ཚིག་གསལ་ལས་དབུ་མ་འཇུག་པ་ལས་བསྟན་ཟིན་ཏོ། ཞེས་དང་། དབུ་མ་ལ་འཇུག་པ་ལས་ངེས་པར་བྱའོ། །སོགས་སྐབས་དུ་མར་འབྱུང་བས་དབུ་མ་ལ་འཇུག་པ་འདི་ཉིད་ཚིག་གསལ་གྱི་སྔོན་དུ་བརྩམས་ཟིན་པར་དཔོག་ནུས་སོ།།

བསྟན་བཅོས་འདི་ནི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་(1011–1064)དུས་རབས་བཅུ་གཅིག་པར་ཐོག་མར་བོད་ཡིག་ཏུ་བསྒྱུར་ཅིང་།ལོ་ཙཱ་བ་ཁོང་དཔལ་མར་མེ་མཛད་(Atiśa:982-1054)རྒྱ་གར་ནས་བོད་དུ་སྤྱན་དྲངས་ནས་ཕེབས་པའི་ལམ་བར་དུ་དབུ་སྙུང་བཞེས་ཏེ་གཟིམས་ཁྲི་མཐའ་ཅན་དུ་གྱུར། མཁས་དབང་དགེ་འདུན་ཆོས་འཕེལ་(1903-1951)གྱིས་ཚ་ལ་ཚ་བཏབ་པ་དང་ཀུན་ནས་མཚུངས་ཞེས་གསུངས་པ་ལྟར་ཁོང་གིས་བསྒྱུར་བའི་དབུ་མ་འཇུག་པའི་འགྱུར་སྤུས་ནི་བསྟན་པ་ཕྱི་དར་སྐབས་ཀྱི་འགྱུར་དག་ལས་རྩེ་མོའི་གྲས་སུ་གནས་སོ།།

དེའི་རྗེས་སུ་པ་ཚབ་ཉི་མ་གྲགས་པས་(1055–? )རང་འགྲེལ་དང་བཅས་པ་བོད་འགྱུར་བྱས་ཤིང་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་དེ་སློབ་མའང་པ་ཚབ་བུ་བཞི་ཞེས་གྲགས་པ་བྱུང་ཞིང་༏ དེ་ནས་བཟུང་བོད་དུ་དབུ་མ་ལ་འཇུག་པའི་འཆད་ཉན་རྒྱ་ཆེར་དར་ཞིང་ད་ལྟའང་ད་དུང་མ་ཉམས་པར་གནས་པ་འདི་ཉིད་དོ།།

དབུ་མ་ལ་འཇུག་པའི་འགྱུར་ལ་བུ་སྟོན་གྱིས་ཀློག་སྐྱ་ཤེས་རབ་བརྩེགས་(དུས་རབས་བཅུ་གཅིག་པ།)ཀྱིས་ཀྱང་བསྒྱུར་བར་གསུངས་མོད། འོན་ཀྱང་སྡེ་དགེ་བསྟན་འགྱུར་ཁྲོད་ན་དབུ་མ་ལ་འཇུག་པའི་འགྱུར་ནི་གོང་གི་ལོ་ཙཱ་བ་བཀའ་དྲིན་ཅན་དེ་གཉིས་ཀྱིས་བསྒྱུར་བ་ལས་གསུམ་པ་ཞིག་མི་སྣང་ངོ་།།

ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པས་དབུ་འཇུག་རང་འགྲེལ་དང་བཅས་པ་དཔྱིས་ཕྱིན་པར་བསྒྱུར་རྗེས།དབུ་འཇུག་འགྲེལ་བ་བརྩམས་པ་ནས་བཟུང་བོད་དུ་ས་དགེ་བཀའ་རྙིང་གི་མཁས་པ་ཚོས་བརྩམས་པའི་དབུ་མ་འཇུག་པའི་འགྲེལ་བ་བགྲང་གིས་མི་ལོངས་ཤིང་། དེའི་ནང་གི་རི་བོ་དགེ་ལྡན་པ་གཅིག་པུ་ལའང་རྗེ་ཙོང་ཁ་བ་(1357-1419)ནས་མགོ་བརྩམས་ཏེ་དུས་རབས་བཅུ་དགུ་བའི་ཁལ་ཁ་ཆོས་རྗེ་ངག་དབང་དཔལ་ལྡན་(1807-?)གྱི་བར་དུ་འགྲེལ་བ་དང་ཡང་འགྲེལ་སོགས་བགྲང་གིས་མི་ལངས་ངོ་།། གསལ་བར་བཤད་དགོས་པ་ཞིག་ནི་རྗེ་རེད་མདའ་བ་(1348/9-1412 )ཕུད་པའི་བོད་ཀྱི་འགྲེལ་བཤད་མཁན་པོ་ཕལ་མོ་ཆེས་འགྲེལ་བ་རྩོམ་དུས་དབུ་འཇུག་གི་རྩ་བ་པ་ཚབ་ཀྱི་འགྱུར་དེ་ལ་གཞི་བཅོལ་འདུག་གོ།

བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་དུས་རབས་བཅུ་བཞི་བ་ནི་མཁས་བརྒྱ་འགྲན་གླེང་གི་དུས་རབས་ཤིག་རེད་ལ། དབུ་མའི་ལྟ་བ་རྒྱ་ཆེར་དར་བའི་དུས་སྐབས་ཤིག་ཀྱང་རེད། ཐོག་མར་ཉམས་རྟོགས་དང་ཐུགས་རྗེ་ཕུལ་ཏུ་བྱུང་ཞིང་ལུང་དང་རྟོགས་པའི་བདག་ཉིད་ཅན་ཤར་ཙོང་ཁ་བ་བློ་བཟང་གྲགས་པས་(1357-1419)མཚན་སྙན་དང་ལྡན་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་མཐར། རྒྱ་ནག་ཧ་ཤང་གི་ཅི་ཡང་ཡིད་ལ་མི་བྱེད་པའི་ལུགས་དང་། རྔོག་བློ་ལྡན་ཤེས་རབ་(1059-1109)ཀྱི་འཕགས་པའི་མཉམ་གཞག་ཏུ་ཡེ་ཤེས་མེད་པར་འདོད་པའི་ལྟ་བ། པ་ཚབ་བུ་བཞི་ཁྲོད་ཀྱི་བླ་མ་ཞང་ཐང་སག་པའི་(དུས་རབས་བཅུ་གཅིག་པའི་དུས་མཇུག)བློའམ་ཤེས་པ་འཁྲུལ་བའི་ངོར་རེ་ཞིག་ལ་དགེ་མི་དགེའི་ལས་ལ་བླང་དོར་བྱེད་པར་འདོད་པ་སོགས་རྨང་གདན་བྱས་ཏེ་དོན་དམ་རྟོགས་པའི་ཚད་དེ་ཅི་འདྲ་ཞིག་ཡིན་པ་དང་། དགག་བྱ་ཁྱབ་ཆེ་ཆུང་གི་སྐྱོན་སོགས་རྒྱ་ཆེར་བཤད་པའི་རྣམ་བཤད་དགོངས་པ་རབ་གསལ་བརྩམས་ཤིང་༏ འགྲེལ་བ་དེ་བརྩམས་པ་ནས་ས་སྐྱ་དང་བཀའ་བརྒྱུད་གཙོ་བྱས་པའི་རྙིང་མ་སོགས་ཀྱིས་དེ་ལ་དགག་ལན་མང་དུ་བྲིས་ཤིང་༏ ངེས་དོན་གྱི་ཀུན་མཁྱེན་ཆེན་པོར་གྲགས་ཤིང་གྲུབ་པ་གོ་རམས་བསོད་ནམས་སེངྒེས་(1429-1489)ཀྱང་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་སྟེ་འཇུག་པའི་འགྲེལ་བ་ལྟ་བ་ངན་སེལ་ཞེས་པ་བརྩམས།

འཇུག་འགྲེལ་ལྟ་བ་ངན་སེལ་ནི་ལུང་གི་རྒྱབ་རྟེན་དྲག་ཅིང་། རིགས་པའི་འགྲོས་ལེགས་པའི་བརླིང་ཞིང་བརྗིད་པའི་བསྟན་བཅོས་སྨྲ་མེད་པ་ཅིག་རེད་ལ། རྣམ་བཤད་དགོངས་པ་རབ་གསལ་གྱི་དགག་ལན་ཁྲོད་ཆེས་གྲགས་ཆེ་བ་ཉིད་དུའང་ཟད་དོ།། གོ་ཤཱག་སྟག་གསུམ་དུ་གྲགས་པའི་ཁྲོད་ཀྱི་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(1405-? )ཡང་ངེས་དོན་བསྟན་པའི་དོན་མཐའ་འཁྱོལ་བར་མཁྱེན་པའི་མཁས་གྲུབ་གཉིས་འཛོམས་ཤིག་རེད་ལ། གདག་ཉིད་ཆེན་པོ་དེའི་བརྩམས་པའི་གྲུབ་མཐའ་ཀུན་ཤེས་ནི་ཐལ་འགྱུར་དབུ་མའི་ལྟ་བ་གཙོ་བོར་སྟོན་པའི་བསྟན་བཅོས་ལེགས་ཤོས་ཤིག་ཏུ་ཟད།

ཁོང་གིས་བསྟན་བཅོས་དེའི་མཆོད་བརྗོད་སྐབས་སུ། གྲུབ་མཐའ་ཀུན་གསུང་ཐུབ་དབང་ལ་བཏུད་ནས།། ཞེས་པའི་གསུང་དེར་མཚན་སྙན་གྱི་འོད་སྟོང་ཕྱོགས་བཅུར་འགྱེད་ཅིང་མདོ་སྨད་ཤིང་རྟ་རྣམ་གཉིས་ཀྱི་ཡ་གྱལ་དུ་གྲགས་པའི་དབལ་ཤུལ་ངག་དབང་བརྩོན་འགྲུས་(1648-1722/1721)ཀྱིས་གྲུབ་མཐའ་རྩ་བར། སྐྱབས་འགྲོས་མིན་དང་སྟོན་པ་གཅིག་འདོད་འཁྲུལ། ། ཞེས་ཕྱི་ནང་གི་ཁྱད་པར་དེ་སྐྱབས་འགྲོས་འབྱེད་པ་མིན་པ་དང་ཕྱི་རོལ་དང་ནང་བའི་སྟོན་པ་གང་ཟག་གཅིག་ཡིན་པར་འདོད་པ་ནི་ཁྱོད་སྟག་ཚང་ཤེས་རབ་རིན་ཆེན་འཁྲུལ་འདུག་ཞེས་སྐྱོན་བསྟན་ཡོད་མོད་ཀྱང་།སྟང་ཚང་ཁོང་གི་གསུང་དེ་ནི་དགོངས་པ་ཅན་གྱི་གསུངས་ཤིག་སྟེ།ཁོང་གིས་དེ་ལྟར་གསུང་དོན་ནི་སྟོན་པས་ནང་བའི་ལྟ་གྲུབ་འདིར་འབད་མཁན་དག་ལ་སངས་རྒྱས་ཁོང་གི་དགོངས་པ་དཔྱིས་ཕྱིན་པར་རྟོགས་ཆེད་མདོའི་དངོས་བརྒྱུད་ཅི་རིགས་ནས་ཕྱི་རོལ་གྲངས་ཅན་སོགས་ཀྱི་ལྟ་བ་གསུང་ཡོད་པས་དེ་ལྟར་གསུང་པ་ཡིན་ནོ།།

ལར་ནས་ཕྱི་ནང་གི་ཁྱད་པར་འབྱེད་སྐབས༏ རྗེ་ཙོང་ཁ་བས་(1357-1419)ལམ་རིམ་ཆེན་མོར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བ་བཞིའི་སྒོ་ནས་སྐྱབས་སུ་འགྲོ་བར་བྱེད་ཅིང་། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ་ནི་གྲུབ་ཆེན་ཤནྟི་པའམ་(ratnakarasanti:ca.དུས་རབས་བཅུ་གཅིག་པ།)བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བར་གྲགས་པ་དང་ཇོ་བོ་ཆེན་པོས་(Atiśa:982-1054)ཀྱང་བཞེད་པས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་(1469-1544)དང་ཀུན་མཁྱེན་འཇིགས་མེད་དབང་བོ་(1728-1791)སོགས་ཕྱིས་ཀྱི་དགེ་ལུགས་ཕྱོགས་ཀྱི་ཤེས་ལྡན་མི་ཉུང་བས་ལུགས་འདི་གཙིགས་ཆེན་དུ་བྱེད་དོ། འོན་ཀྱང་། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མི་འགྲོ་གཅིག་པུའི་སྟེང་ནས་ཕྱི་ནང་གི་ཁྱད་པར་ཙམ་མ་གཏོགས། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་མི་ཐུབ་པ་མཁྱེན་དགོས། ཁ་ཅིག་གིས་གནད་འདི་མ་མཁྱེན་པར་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཞིང་དེ་ལས་གཞན་གྱི་སྐྱབས་གནས་མི་འདོད་པ་ནང་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚད་ཉིད་དུ་བཞག་ཅིང་། རྗེས་ཀྱི་དགེ་ལྡན་པའི་བསྟན་འཛིན་དག་གིས་གནད་འདིས་ཞིབ་མོར་འབྱེད་མི་ནུས་པར་གཟིགས་ནས་ཇི་སྲིད་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་རིགས་ལམ་གྱི་སྟེང་ནས་ཁས་མ་བླངས་པ་དེ་སྲིད་དུ་གང་ཟག་དེ་ནང་བའི་གྲུབ་མཐའ་སྨྲ་བར་མི་རུང་ཞེས་པ་འདིས་ཁ་སྐངས་སོ།།

དབལ་ཤུལ་ངག་དབང་བརྩོན་འགྲུས་(1648-1722/1721)ཀྱིས་གྲུབ་མཐའ་རྩ་བར།སྟོན་དང་བསྟན་པ་ལྟ་བའི་ཕྱི་ནང་གཉིས།།ཞེས་སྟོན་པ་དང་བསྟན་པ། ལྟ་བ་གསུམ་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་ཅིང་། སྟག་ཚང་བས་གྲུབ་མཐའ་ཀུན་ཤེས་སུ། ཕྱག་རྒྱ་བཞི་དང་སྲིད་རྩེའི་གཉེན་པོ་དང་།། མཐའ་གཉིས་སྤང་དང་ཐར་བ་འགོག་བདེན་དུ།། འདོད་དང་མི་འདོད་ལྟ་སྒོམ་སྤྱོད་འབྲས་བཞི།། དེ་གཉིས་འབྱེད་པའི་ཁྱད་པར་འབྱེད་ཆོས་ཡིན།། ཞེས་ཕྱི་ནང་གི་ཁྱད་པར་ཕྱེས་ཡོད་པའང་མཁས་པའི་ལེགས་བཤད་དུ་མཐོང་བས་ལེན་པར་འོས་སོ།།

སློབ་དཔོན་ཙནྡྲ་ཀཱི་རྟིའམ་(Candrakīrti:ca.600–650 )ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པའི་མཆོད་བརྗོད་ནི། ཨཱརྱ་མཻ་ཏྲིའམ་(Maitreya)རྒྱལ་བ་བྱམས་པ་ལྟར་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ།། ཞེས་པ་དང་མི་འདྲ་ལ༏ སློབ་དཔོན་ནཱ་གཱ་རྫུ་ནའམ་(Nāgārjuna:ca.150-250)ཀླུ་སྒྲུབ་ཀྱིས་དམ་པའི་ཆོས་ནི་སྟོན་མཛད་པའི།། གོ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་པ་དང་ཡང་མི་འདྲ་སྟེ། སྔོན་མས་ཉན་ཐོས་དང་བཅས་པ་ལ་ཕྱག་བྱས་པ་དང་༏ ཕྱི་མས་སངས་རྒྱས་ལ་ཕྱག་བྱས་པའོ།། སློབ་དཔོན་ཙནྡྲ་ཀཱི་རྟི་ནི་དེ་གཉིས་ལས་ལྡོག་སྟེ༏ ཁོང་གིས་དངོས་བསྟན་དུ་སངས་རྒྱས་ཁོངས་སུ་འདུས་པའི་ཉན་ཐོས་རང་རྒྱལ་བྱང་སེམས་དང་བཅས་པའི་རྒྱུར་གྱུར་བའི་སྙིང་རྗེ་ཆེན་མོར་ཕྱག་བགྱིས་ཤིང་། ཤུགས་བསྟན་དུ་སངས་རྒྱས་ཁོངས་སུ་འདུས་པའི་ཉན་ཐོས་རང་རྒྱལ་བྱང་སེམས་དང་བཅས་པ་དེ་དག་ལ་ཕྱག་བྱས་པ་དང་༏ རྒྱུ་འབྲས་དང་རྟེན་འབྲེལ། དོན་དམ་དང་སྟོང་ཉིད་སོགས་ཀྱང་ཤུགས་ནས་འབྱུང་བས། འདི་ལྟ་བུའི་རྣམ་དཔྱོད་ལ་མཁས་པ་སུ་ཞིག་གིས་ཀྱང་བསྟོད་ཚིག་གི་ཕྲེང་བ་བསྟར་སྲིད་དོ།།

དབུ་མ་ལ་འཇུག་པའི་རྩོད་པའི་མགོ་ནི་དབུ་མ་ཞེས་པའི་དོན་དེ་གང་ལ་ངོས་འཛིན་དགོས་པའི་སྟེང་ནས་བྱུང་ཞིང་། རང་འགྲེལ་གྱིས་དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་ཞེས་དབུ་མའི་བསྟན་བཅོས་ལ་གོ་བ་ལེན་དགོས་པར་གསལ་བར་བསྟན་ཅིང་༏ དེ་ལྟར་ཡིན་པ་རྗེའི་དགོངས་པ་རབ་གསལ་ལས་ཀྱང་། དབུ་མའི་བསྟན་བཅོས་ཡིན་ལ།དེ་ཡང་འདིའི་འགྲེལ་པར་རྩ་ཤེ་ཁུངས་སུ་མཛད་པ་ན་དབུ་མ་ལས། ཞེས་མང་དུ་གསུངས་པ་ལྟར་རྩ་ཤེ་ལ་བྱའི། དབུ་མའི་གཞུང་གཞན་དང་། དབུ་མའི་དོན་གཞན་ལ་མི་བྱའོ། ། ཞེས་གསལ་བར་གསུངས་པས་བསྟན་བཅོས་དེའང་སློབ་དཔོན་ནཱ་གཱ་རྫུ་ནའམ་(Nāgārjuna:ca.150-250)ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས་གཞན་གྱི་དབུ་མའི་གཞུང་དང་དབུ་མའི་དོན་ལ་མི་སྟོན་པར་གསུང་པས་ན༏ རྙིང་མའི་མཁན་ཆེན་དག་གིས་སྟོང་ཉིད་བདུན་ཅུ་དང་རིན་ཆེན་ཕྲེང་བ་སོགས་ནི་རྩ་ཤེའི་དངོས་བརྒྱུད་གང་རུང་གི་འགྲེལ་བ་ཡིན་པས། དེ་དག་ཀྱང་སྟོན་པའི་ཕྱིར་རོ་ཞེས་པའི་ཐལ་འགྱུར་ནི་དགོས་པ་མ་མཆིས་པའི་རྩོད་ལན་ཙམ་དུ་ཟད་དོ།། གཟབ་དགོས་པ་ཞིག་ནི་རི་བོ་དགེ་ལྡན་པའི་བསྟན་འཛིན་ཕལ་མོ་ཆེས་འགྲེལ་བཤད་མཁན་པོའམ་ཡོངས་གྲགས་སུ་ཁ་ཆེ་པཎྜི་ཏ་ཛ་ཡ་ཨཱ་ནནྡ(jayananda) བོད་སྐད་དུ་རྒྱལ་བ་ཀུན་དགས་འདིའི་སྐབས་སུ་བབས་པའི་དབུ་མ་ཞེས་པ་གཞུང་དབུ་མ་འཇུག་པས་རྗེ་ཡིས་འདི་ལྟར་ཞིབ་ཆ་བཏོད་པ་ཡིན་ཞེས་གསུངས་མོད༏ ཡིན་ནའང་འགྲེལ་བཤད་མཁན་པོའི་གཞུང་དུ་དེ་ལྟ་བུའི་ཚིག་ན་གཅིག་ཀྱང་མེད་པས་ཐུགས་འཇགས་མཛོད།

འཇུག་པ་ཞེས་པའི་དོན་ནི་འགྲེལ་བཤད་མཁན་པོས་འཇུག་པའི་ཕྱིར་ཞེས་བྱ་བ་ནི་དོན་རྟོགས་པར་བྱ་བའི་ཕྱིར།ཞེས་གསུངས་པ་བཞིན་དག་པར་མཐོང་མོད།དབུ་མ་ལ་ཚུལ་ཅི་ལྟར་འཇུག་པ་བཤད་པའི་སྐབས་སུ་འདི་དང་རྗེ་བདག་ཉིད་ཆེན་པོ་(1357-1419)གཉིས་ཀྱི་ལྟ་བ་ཐ་དད་དུ་འདུག་སྟེ། འགྲེལ་བཤད་མཁན་པོས་འདི་ལྟར་དབུ་མའི་བསྟན་བཅོས་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་རྒྱས་པར་བརྗོད་ལ། དེ་འདིར་རྒྱས་པར་བསྟན་པས་བསྟན་བཅོས་འདིས་དེ་ལ་འཇུག་པར་འགྱུར་བའི་དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས་ཞེས་བྱ་བ་ནི་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པ་རྩོམ་པར་བཞེད་པའོ། །ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་(Nāgārjuna:ca.150-250)གྱིས་རྩ་བ་ཤེས་རབ་ནས་རྒྱས་པར་བསྟན་པའི་ཀུན་རྫོབ་དོན་དམ་གྱི་རྣམ་གཞག འདིར་ཟླ་བའི་ཞབས་ཀྱིས་ཀྱང་དེ་གཉིས་ཀྱི་རྣམ་གཞག་རྒྱས་པར་བསྟན་པས་བསྟན་བཅོས་འདི་རྩ་བ་ཤེས་རབ་ལ་འཇུག་པར་འགྱུར་ཞེས་གསུངས་མོད། རྗེ་བདག་ཉིད་ཆེན་པོས་(1357-1419)རྣམ་བཤད་དགོངས་པ་རབ་གསལ་ལས་འདི་ལྟར་དགག་ལན་བསྐྱོན་ཡོད་དེ།འདི་ལ་ཁ་ཅིག་བསྟན་བཅོས་དེར་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་རྒྱས་པར་མ་བརྗོད་ལ། འདིར་དེ་གཉིས་རྒྱས་པར་བསྟན་པས་དེ་ལ་འཇུག་གོ  །ཞེས་ཟེར་རོ། །དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་ནི། འཇུག་པ་ལས་རྩ་བ་ཤེས་རབ་ཤིན་ཏུ་རྒྱས་པས། བཤད་པ་དེ་ལེགས་པར་མ་མཐོང་ངོ་། །རང་གི་ལུགས་ནི་རྩ་བ་ཤེས་རབ་ལ་འཇུག་པའི་ཚུལ་གཉིས་ཡོད་དེ། ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་སོ། །ཞེས་རང་ལུགས་དང་བཅས་པ་བཞག་ནས་དགག་གཞག་མནན་མོ་ཞིག་བསྐྱོན་འདུག༏ ཁ་ཅིག་ཅེས་པ་ནི་འགྲེལ་བཤད་མཁན་པོ་ཛ་ཡ་ཨཱ་ནནྡར་(jayananda)བཤད་པ་ཡིན་ལ། གནད་དོན་ནི། འགྲེལ་བཤད་མཁན་པོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་(Nāgārjuna:ca.150-250)གྱིས་རྩ་བ་ཤེས་རབ་ནས་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་རྒྱས་པར་མ་བརྗོད་ཅེས་གསུང་མི་འདུག་པས་རྗེ་ཡི་དགག་ལན་འདི་ནི་དོན་ལ་གནས་པ་ཞིག་ཏུ་འཁུམས་དཀའོ།། ཡིན་ནའང་རྗེ་ཡིས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་ནི། འཇུག་པ་ལས་རྩ་བ་ཤེས་རབ་ཤིན་ཏུ་རྒྱས་པས། ཞེས་གསུངས་པའི་ལེགས་བཤད་འདི་ནི་རྗེས་རབས་པས་རྩ་ཤེས་ཀློག་དུས་ཀྱི་མན་ངག་བླ་ན་མེད་པ་ཅིག་གོ།

དེ་ལྟར་རྗེ་བདག་ཉིད་ཆེན་པོས་ཟབ་རྒྱས་གཉིས་ཀྱི་སྒོ་ནས་དབུ་མ་ལ་ཅི་ལྟར་འཇུག་ཚུལ་གསུངས་སྐབས་གཤམ་གྱི་ཚིག་འདི་ལྟ་བུ་ཞིག་སླེབས་འདུག་སྟེ།རྩ་ཤེ་ལས་ཟབ་མོའི་ཕྱོགས་མ་གཏོགས་པ་རྒྱ་ཆེ་བའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང་།ཞེས་གསུངས་སོ།། ཅོལ་ཆུང་བདག་གི་བསམ་པར༏ འདི་ལ་བརྟག་པར་བྱ་བའི་གནད་ནི་འདི་ལྟར་ཡོད་དེ༏ དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱིས་རྩ་བ་ཤེས་རབ་ལས་རྒྱ་ཆེ་བའི་ཐེག་ཆེན་གྱི་ཁྱད་ཆོས་སྟེ་རྩ་བ་སྙིང་རྗེ་དང་བྱམས་པ༏ བྱང་ཆུབ་ཀྱི་སེམས་སོགས་མ་བསྟན་པ་ཡིན་ན། རྩ་ཤེས་སུ། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །ཞེས་རྒྱ་ཆེ་བའི་ཐབས་ཀྱི་ཕྱོགས་སུ་གཏོགས་པ་སྙིང་རྗེ་གསུངས་ཡོད་པ་མ་ཡིན་ནམ་ཟེར་ན་ཐལ་འགྱུར་ཅི་ལྟར་འཕེན་དགོས་རི་བོ་དགེ་ལྡན་པ་རྣམས་ཀྱིས་ཞིབ་ཏུ་སོམས་ཤིག

ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་(1429-1489)ཡིས་འཇུག་པའི་འགྲེལ་བ་ལྟ་བ་ངན་སེལ་ལས། རྩ་ཤེས་ལ་ཅི་ལྟར་འཇུག་ཚུལ་གསུང་སྐབས།ཡང་ན་ལུང་དང་མན་ངག་གཉིས་ཀྱི་སྒོ་ནས་འཇུག་སྟེ། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བཤད་པ་ཡིན། །ཞེས་ཟླ་བའི་ཞབས་ཀྱིས་སེམས་བསྐྱེད་དྲུག་པའི་སྐབས་སུ་བསྟན་པའི་ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཅེས་པའི་ཚིགས་བཅད་འདིར་གཞི་བྱས་ཏེ་ལུང་དང་མན་ངག་གི་སྒོ་ནས་རྩ་བ་ཤེས་རབ་ལ་འཇུག་པར་བཤད་པ་འདིའང་བློ་དང་ལྡན་ན་གུས་པར་འོས་པའི་ལེགས་བཤད་ཉིད་དུ་ཟད་དོ།།

ཟླ་བའི་ཞབས་ཀྱིས་ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་ཉན་ཐོས་སམ་ཐོས་སྒྲོག་དང་སངས་རྒྱས་འབྲིང་སྟེ་རང་འཁོར་བ་ལས་གྲོལ་བའི་ཆེད་དུ་སངས་རྒྱས་བསྒྲུབ་པའི་རང་རྒྱལ་བ་རྣམས་ནི་ཐུབ་པའི་དབང་བོ་སྟེ་སངས་རྒྱས་ལས་སྐྱེས་པར་གསུངས་པ་ལ༏ སྐབས་དེར་གསུངས་པའི་ཉན་ཐོས་ཀྱི་སྒྲ་བཤད་དེ་གཟུགས་མེད་ཁམས་ཀྱི་ཉན་ཐོས་སོགས་འགའ་ཞིག་ལ་ཡོད་མེད་ཀྱི་སྟེང་ནས་རྗེ་བདག་ཉིད་ཆེན་པོ་(1357-1419)དང་ཀུན་མཁྱེན་གོ་རམས་པ་(1429-1489)གཉིས་ཀྱི་ལྟ་བ་ཐ་དད་དུ་གནས་སྟེ༏རྗེ་བདག་ཉིད་ཆེན་པོས་དགོངས་པ་རབ་གསལ་ལས༏ སྒྲ་བཤད་འདི་གཟུགས་མེད་ཁམས་ཀྱི་ཉན་ཐོས་སོགས་འགའ་ཞིག་ལ་མེད་ཀྱང་། སྐྱོན་མེད་དེ་སྒྲ་དངོས་མིང་དུ་འཇུག་པ་ལ་སྒྲ་བཤད་པའི་རྒྱུ་མཚན་ཡོད་པས་མ་ཁྱབ་པ་ནི། དཔེར་ན། སྐམ་ལས་སྐྱེས་པའི་པད་མ་ལ་མཚོ་སྐྱེས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ། ། ཞེས་སོགས་གསུངས་པ་ལ། ཀུན་མཁྱེན་གོ་རམས་པས་རྗེ་བདག་ཉིད་ཆེན་པོའི་གསུང་འདི་ལ་གནད་དུ་ཐིངས་པའི་དགག་ལན་ཞིག་བསྐྱོན་འདུག་སྟེ། མཁས་པ་ཁ་ཅིག་སྒྲ་བཤད་འདི་གཟུགས་མེད་ཁམས་ཀྱི་ཉན་ཐོས་སོགས་འགའ་ཞིག་ལ་མེད་ཀྱང་སྐྱོན་མེད་དེ། སྒྲ་དངོས་མིང་དུ་འཇུག་པ་ལ་སྒྲ་བཤད་པའི་རྒྱུ་མཚན་ཡོད་པས་མ་ཁྱབ་པ་ནི། དཔེར་ན། སྐམ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ། །ཞེས་གསུངས་པ་མི་འཐད་དེ། གཟུགས་མེད་ཁམས་ཀྱི་ཉན་ཐོས་རྣམས་ཀྱང་སྔར་འདོད་པའི་རྟེན་ལ་མཐོང་ལམ་ཐོབ་པས་ཁྱབ་ལ། མཐོང་ལམ་དེ་ཡང་དག་པའི་གདམས་ངག་ཉན་པའི་འབྲས་བུ་ཡིན་པས་དེ་ཐོབ་པའི་ཚེ་དེ་གཞན་ལ་ཐོས་པའི་ཚིག་འདུལ་བ་ལུང་ལས་མང་དུ་གསུང་པའི་ཕྱིར་རོ། །ཞེས་གསུངས་པའི་གོང་གི་ཀུན་མཁྱེན་གོ་རམས་པའི་དགག་ལན་འདིར་རྗེ་བདག་ཉིད་ཆེན་པོའི་རྗེས་ཀྱི་མཁས་གྲུབ་རྗེ་(1385-1438)དང་སེ་ར་རྗེ་བཙུན་པ།(1469-1544) པཎ་ཆེན་བསོད་གྲགས།(1478-1554) དབལ་ཤུལ་ངག་དབང་བརྩོན་འགྲུས།(1648-1722/1721) ཅོ་ནེ་གྲགས་པ་བཤད་སྒྲུབ།(1675-1748) རྗེ་གུང་ཐང་བློ་གྲོས༏(1851-1930) སོགས་བསྟན་འཛིན་སུས་ཀྱང་དགག་ལན་བསྐྱོན་མི་འདུག་གོ །

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིགས་པའི་བརྒལ་བརྟག

2017-04-03 རྨེ་རུ་ཕག་མོ་ཚེ་བརྟན།(ཉི་ཧོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།