༄༅། །མངའ་རིས་མཐོ་ལྡིང་དགོན་པར་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་པའི་མཐོང་ཐོས།

ཁྲོ་ཁོ་སངས་རྒྱས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-11-21

[ནང་དོན་གནད་བསྡུས] རྩོམ་འདིར་སྟོད་མངའ་རིས་ཡུལ་གྱི་མཐོ་ལྡིང་དགོན་པར་ཡུལ་དངོས་བརྟག་དཔྱད་བྱས་པ་བརྒྱུད་དེ་དགོན་སྡེ་དེའི་ཕྱི་སྣོད་ཀྱི་བཀོད་པ་དང་ནང་རྟེན་གྱི་རྣམ་པ། ལོ་རྒྱུས་ཀྱི་འཕོ་འགྱུར། ཁྱད་པར་གནས་དེའི་ཁྱད་མཚར་བའི་ལྡེབས་རིས་ཀྱི་ཁྱད་ཆོས་བཅས་རང་ཉིད་ཀྱི་དངོས་མཐོང་དྲན་ཟིན་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས་ཡོད།

[བརྡ་ཆད་གཙོ་བོ] མངའ་རིས།  མཐོ་ལྡིང་དགོན།  ལྡེབས་རིས།  ཡུལ་དངོས་བརྟག་དཔྱད།

སྟོད་མངའ་རིས་ལ་བསྐྱོད་པ་ནི་བདག་གི་མི་ཚེའི་ནང་གི་དམིགས་ཡུལ་གལ་ཆེན་གཅིག་ཏུ་བགྲངས་ཆོག་པས། སྤྱི་ལོ་༢༠༡༧ལོའི་༥བའི་ཚེས་༡༨ཉིན་འདུན་མ་གཅིག་པའི་སློབ་གྲོགས་འགའ་དང་མཉམ་དུ་ཉི་མ་ལྷ་ས་བརྒྱུད་དེ་གཞིས་ཀ་རྩེ་ནས་མངའ་རིས་ཕྱོགས་སུ་ཆས་པ་ཡིན། ལམ་བར་དུ་ས་སྐྱ་དང་། ལྷ་རྩེ། ངམ་རིང་། ས་དགའ། འབྲོང་པ་སོགས་རྫོང་ཁག་རེ་རེའི་མངའ་ཁོངས་བརྒྱུད་དེ་མངའ་རིས་མཐོ་ལྡིང་དགོན་དུ་སླེབས། དེ་ནས་དཀོན་གཉེར་དགེ་སློང་བྱམས་པ་ལགས་ཀྱི་མཇལ་སྣ་དང་བཅས་དགོན་པའི་ཕྱི་ནང་རྟེན་གསུམ་ལ་ལེགས་པར་མཇལ་བའི་སྐལ་བ་བྱུང་བས། འདིར་དེའི་གནས་ཚུལ་ཇི་བཞིན་དུ་སྙན་ཞུའི་ཚུལ་དུ་བཀོད་ན།

                                      གཅིག དགོན་པ་ཕྱག་བཏབ་ཚུལ་དང་ཕྱིའི་བཀོད་པ།

མཐོ་ལྡིང་དགོན་ནི་དེང་གི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གྲོང་གི་ནུབ་བྱང་མཚམས་དང་། ས་བབ་གནས་ཡུལ་འཕྲེད་ཐིག་བྱང་མའི་༣༡༠༢༩དང་། གཞུང་ཐིག་ཤར་མའི་༢༩༠༤༧། མཚོ་འཕགས་སྤྱི་ཁྲེ་༣༧༢༠ཙམ་གྱི་མཚམས་སུ་ཡོད། དགོན་པ་དང་ད་ལྟའི་རྩྭ་མདའ་རྫོང་ཆགས་སའི་གྲོང་རྡལ་གཉིས་འབྲེལ་ཏེ་ཡོད་ལ། ལྷོ་ངོས་དྲུ་རིར་བཅོལ་བ་དང་། བྱང་ངོས་གླང་ཆེན་ཁ་འབབ་ཀྱི་ངོགས་སུ་ཆགས་ཡོད། ཕྱོགས་བཞི་རུ་ཤུན་སྐོགས་མེད་པའི་ས་དམར་གྱི་རྫ་རི་ཀྲོང་ངེར་ལངས་ཤིང་། མཁར་གྱང་དམར་པོའི་ལྕགས་རིས་ཡོངས་སུ་བསྐོར་བའི་དབུས་སུ། མཆོད་རྟེན་དང་ལྷ་ཁང་། གྲྭ་ཤག་བཅས་འཛུགས་སྐྲུན་སྣ་ཁ་གསུམ་གྱིས་གྲུབ་པའི་ཆོས་སྡེ་ཞིག་རེད། དགོན་པའི་ནུབ་ཕྱོགས་སུ་ས་ཙྪའི་མཆོད་རྟེན་ཆུང་ཆུང་བརྒྱ་དང་བརྒྱད་གྲལ་སྟར་དུ་བསྒྲིགས་ནས་བཞེངས་ཡོད། གཞན་ཕྱོགས་སོ་སོར་ཕྱི་གནོན་མཆོད་རྟེན་བཞི་སྟེ་ཤར་ཟངས་ཀྱི་གདུང་རྟེན། ལྷོ་མཆོད་རྟེན་ཁྲ་བོ། ནུབ་མཆོད་རྟེན། བྱང་ལྷ་བབ་མཆོད་རྟེན་བཅས་བཞེངས་ཡོད་ལ། ནུབ་མཆོད་རྟེན་ཆུས་འཇིག་ཟིན་པས་ད་ལྟའི་ཆར་མཐོང་རྒྱུ་མི་འདུག དགོན་པའི་ལྕགས་རིའི་ནང་དུ་ད་ལྟ་མཇལ་རྒྱུ་ཡོད་པའི་འཛུགས་སྐྲུན་ནི་བརྒྱ་རྩ་ལྷ་ཁང་དང་ལྷ་ཁང་དཀར་པོ། ལྷ་ཁང་དམར་པོ། གསེར་ཁང་ལྷ་ཁང་། མ་ཎི་ལྷ་ཁང་དང་གྲྭ་ཤག་བཅས་ཡིན།

image001.jpg

མཐོ་ལྡིང་ཞེས་པའི་མིང་གི་འབྱུང་ཁུངས་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གན་ཊི་མཁར་འཕངས་ནས་བདག་གི་གདུལ་བྱ་འདུ་སར་བོབས་ཤིག་ཅེས་ཐུགས་སྨོན་མཛད་པས་ནམ་མཁའ་མཐོན་པོར་ལྡིང་ཞིང་བབས་སའི་ས་ཕྱོགས་དེར་གཙུག་ལག་ཁང་བཞེངས་པས་མཐོ་ལྡིང་ཞེས་འབོད་པ་དང་། ཡང་ངག་རྒྱུན་ལ་ད་ལྟ་བཀྲ་ཤིས་སྒང་དགོན་པར་བཞུགས་པའི་གན་ཊི་གསུང་འབྱོན་ཞེས་པ་དེ་རྒྱ་གར་གྱི་མཚོ་པདྨ་ནས་འཕུར་ཏེ་ཡོང་བ་ཡིན་ལ། དང་པོར་རྩ་མདའ་ནས་མ་ནམ་དགོན་པར་སླེབས་པས་དགོན་པ་དེའི་མཚན་ལ་ཡུལ་སྐད་ཀྱི་མ་ནམ་ཞེས་པ་མིན་ནམ་ཞེས་པའི་དོན་ཐོགས་ཤིང་། ངེད་རང་བཞུགས་ས་དེ་འདི་མིན་ནམ་ཞེས་པའི་དོན་ཡིན་ཟེར། ཡང་དེ་ནས་མཐོ་ལྡིང་ལ་སླེབས་ཏེ་ནམ་མཁའ་མཐོན་པར་ལྡིང་སྐོར་ཞིག་བརྒྱབ་པས་མཐོ་ལྡིང་དུ་ཐོགས། དེ་ནས་བཀྲ་ཤིང་སྒང་དུ་ཕེབས་ཏེ་ང་འདིར་བཞུགས་པར་བྱའོ་ཞེས་གསུང་བྱོན་པར་གྲགས་①པས་མཐོ་ལྡིང་གི་མིང་ཐོག་སྟངས་ལ་བཤད་ཚུལ་གཉིས་ཙམ་མཆིས། དེ་ཡང་བོད་རྗེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་གནམ་ལྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་སྐྱིད་ལྡེ་ཉི་མ་མགོན། དེའི་སྲས་བར་བ་བཀྲ་ཤིས་མགོན། དེའི་སྲས་སྲོང་ངེའམ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་འབོད་སྐུལ་གནང་ནས་སྦྱིན་བདག་མཛད་ཅིང་། ལོ་ཆེན་རིན་ཆེན་བཟང་པོས་གཙོ་འགན་བཞེས་ནས་སྤྱི་ལོ་༩༩༦མེ་སྤྲེལ་ལོར་མཐོ་ལྡིང་དཔལ་གྱི་ལྷ་ཁང་བཞེངས་②ཞེས་མཐོ་ལྡིང་དགོན་ནི་སྤྱི་ལོ་༩༩༦ལོར་ཕྱག་བཏབ་ཅིང་སྤྱི་༡༩༢༨ལོར་ཡོངས་སུ་ལེགས་འགྲུབ་བྱུང་བའི་ད་ལྟའི་བརྒྱ་རྩ་ལྷ་ཁང་ངམ། སྔོན་གྱི་མཚན་རྙིང་བར་མཐོ་ལྡིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དུས་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་དུས་དང་མཚན་གཉིས་ཀྱིས་སྟེང་ནས་ར་སྤྲོད་ཐུབ་པར་འདོད། མཚན་འདི་དུས་ཕྱིས་ཀྱི་བོད་ཡིག་ཡིག་ཆ་ཚད་ལྡན་གྱི་ཁྲོད་དུ་བཀོལ་བ་ཅུང་མང་ལ་དགེ་ལུགས་པའི་བླ་ཆེན་ཁ་ཤས་ཀྱིས་ཀྱང་ད་ལྟའི་བར་སྤྱོད་བཞིན་འདུག མཐོ་ལྡིང་དགོན་གྱི་མིང་གཞན་ལ་མཐོ་ལྡིང་གསེར་གྱི་ལྷ་ཁང་ཡང་ཟེར་སྲོལ་བྱུང་བ་ནི་ཞི་བ་འོད་ཀྱིས་གཙོ་སྐྱོང་གནང་སྟེ་ཐོག་བརྩེགས་གསུམ་ཅན་གྱི་གསེར་ཁང་ཞིག་བཞེངས་པ་དེའི་མིང་ཡིན་ནམ་སྙམ་ཡང་ད་དུང་གསལ་ཆ་ཆེན་པོ་མ་བྱུང་བས་མུ་རུ་དཔྱད་རིན་ཆེ་སྙམ།

                                     གཉིས།  ལོ་རྒྱུས་ཀྱི་འཕོ་འགྱུར།

མཐོ་ལྡིང་དགོན་ཕྱག་བཏབ་པ་ནས་བཟུང་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ཤིང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་དང་ཁ་ཆེའི་པཎ་ཊི་ཏ་མཐོ་ལྡིང་དགོན་དུ་གདན་དྲངས་ཏེ་འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ་ཡང་ཉམས་མྱོང་ཅན་གྱི་ལོ་ཙྰ་བ་མེད་པའི་རྐྱེན་གྱིས་མཇུག་འབྲས་དེ་ཙམ་ཡག་པོ་འབྱུང་མ་ཐུབ། རྗེས་སུ་ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་དང་ཁ་ཆེའི་ཡུལ་ནས་སློབ་གཉེར་གྲུབ་རྗེས་ཁོང་གིས་གདན་ཞུས་མཛད་པའི་རྒྱ་གར་གྱི་པཎ་ཌི་ཏ་ཁག་དང་ལྷན་དུ་མཐོ་ལྡིང་དགོན་པར་ཆིབས་སྒྱུར་གནང་། ལོ་ཆེན་གྱིས་གསུང་རབ་བསྟན་བཅོས་མང་པོ་བརྩམས་ཞིང་མདོ་སྔགས་རྒྱ་དཔེ་ཡང་མང་པོ་ཞིག་བསྒྱུར་གནང་མཛད་པ་མ་ཟད། མཐོ་ལྡིང་དགོན་པའི་གཞི་ཁྱོན་རྒྱ་སྐྱེད་ཐད་ལའང་དམིགས་བསལ་གྱི་མཛད་རྗེས་བཞག་ཡོད་དེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་མངགས་ལྟར་སྤྱི་ལོ་༡༠༠༡ལོ་ཡས་མས་སུ་ཁ་ཆེའི་ཡུལ་ནས་ལྷ་བཟོ་བ་༣༢ སྤྱན་དྲངས་ཏེ་མཐོ་ལྡིང་དགོན་གྱི་ལྡེབས་རིས་དང་སྐུ་བརྙན་གསར་བཞེངས། ལྷ་ཁང་ཞིག་གསོ་བཅས་གནང་བ་ལོ་ཆེན་ཁོང་གི་རྣམ་ཐར་དུ་གསལ། གཞན་ཡང་ལོ་ཆེན་རྒྱ་གར་གྱི་མངྒདྷ་རྒྱལ་ཁབ་ཀྱི་བསྟན་སྲུང་ལྷ་མོ་རྡོ་རྗེ་ཆེན་མོ་གདན་དྲངས་ཏེ་མཐོ་ལྡིང་དགོན་པའི་བསྟན་སྲུང་ལྷ་མོའི་ལྷ་ཁང་གསར་དུ་བསྐྲུན་ཞིང་བསྟན་སྲུང་ལྷ་མོའི་སྐུ་ཡང་བཞེངས།

སྤྱི་ལོ༡༠༢༨ལོར་གུ་གེ་རྒྱལ་པོ་འོད་ལྡེས་རྒྱལ་སྲིད་སྐྱོང་རིང་ལ་བཞེངས་པའི་མཐོ་ལྡིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་གཤམ་འོག་ལྷ་ཁང་ཉི་ཤུ་ཐམ་པ་ནི་མཐོ་ལྡིང་གཙུག་ལག་ཁང་གི་ལྷ་ཁང་བཅུ་གཉིས་ཀྱི་རྨང་གཞིའི་ཐོག་རིམ་བཞིན་གསར་བཞེངས་མཛད་ཅིང་། ད་ལྟ་མཐོ་ལྡིང་དགོན་པར་མཇལ་རྒྱུ་ཡོད་པའི་བརྒྱ་རྩ་ལྷ་ཁང་ཞེས་པ་དེ་ཡིན་ངེས། ལོ་རབས་དགུ་བཅུའི་ནང་དུ་བོད་ལྗོངས་རིག་དངོས་ཅུའུ་ཡིས་དགོན་འདིར་རྟོག་ཞིབ་གནང་དུས། བརྒྱ་རྩ་ལྷ་ཁང་གི་ཞིག་རལ་དུ་སོང་བའི་མཆོད་རྟེན་ཞིག་ལས་དུས་རབས་༡༡པའི་དུས་མགོའི་ལྡེབས་རིས་གསར་དུ་རྙེད་པ་ལས། ལྷ་ཁང་དེ་མངའ་བདག་འོད་ལྡེའི་རིང་གི་ལྷ་ཁང་ཡིན་པ་ར་སྤྲོད་ཐུབ་ཡོད་ཟེར། གུ་གེ་རྒྱལ་པོ་བྱང་ཆུབ་འོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་ཆེད། རྒྱུ་ནོར་མང་པོ་བསྡུས་ཏེ་རྒྱ་གར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་ཤིང་། སྤྱི་ལོ་༡༠༤༢ལོར་མཐོ་ལྡིང་དགོན་ལ་ཞབས་ཀྱིས་བཅགས་ཤིང་ལོ་ཆེན་རིན་ཆེན་བཟང་པོ་དང་མཇལ་འཕྲད་གནང་། དེ་ནས་སྤྱི་ལོ་༡༠༤༥བར་ཏེ་བགྲངས་བྱ་གསུམ་ཙམ་ལ་མཐོ་ལྡིང་དགོན་དུ་བཞུགས་རིང་། བྱང་ཆུབ་ལམ་གྱི་སྒྲོན་མེ་སོགས་བརྩམས་ཆོས་ཉི་ཤུ་ལྷག་ལྗགས་རྩོམ་གནང་སྟབས། བསྟན་པ་ཕྱི་དར་སྐབས་ཀྱི་བསྟན་པ་དར་ཞིང་རྒྱས་པར་ནུས་པ་གལ་ཆེན་ཐོན་ཡོད་མ་ཟད། མཐོ་ལྡིང་དགོན་ནི་བསྟན་ཕྱི་དར་སྐབས་ཀྱི་ཆོས་གཞུང་སྒྲ་བསྒྱུར་བྱ་ས་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་རེད།

འོད་ལྡེའི་ཚ་བོ་རྩེ་ལྡེས་གུ་གེ་རྒྱལ་པོ་གནང་རིང་མཐོ་ལྡིང་དགོན་རྒྱ་བསྐྱེད་དུ་བཏང་། ཞི་བ་འོད་ཀྱིས་གཙོ་སྐྱོང་གནང་སྟེ་ཐོག་བརྩེགས་གསུམ་ཅན་གྱི་གསེར་ཁང་བཞེངས་ཤིང་། གུ་གེའི་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་གུ་གེའི་རྒྱལ་རབས་ཀྱི་ནང་དུ་གསེར་ཁང་ལྷ་ཁང་གི་བཀོད་པ་ཕྲ་ཞིང་ཞིབ་པ་ཞིག་བཀོད་ཡོད། དུས་རབས་༡༡ནས་༡༢བར་གྱི་མཐོ་ལྡིང་དགོན་གྱི་ལོ་རྒྱུས་ནི་ད་ལྟའི་ཡིག་ཚང་ཁག་དུ་རྙེད་དཀའ་ན་ཡང་། སྟབས་ལེགས་པ་ཞིག་ལ་དེང་གི་མཐོ་ལྡིང་ཚོམས་ཆེན་ཆེན་མོའི་གྱང་ནུབ་ཀྱི་བྱང་ངོས་སུ་བོད་ཡིག་གི་མཚན་བྱང་ཡིག་ཕྲེང་བདུན་བྲིས་པ་དེའི་ནང་དུ་མངའ་རིས་ས་ཁུལ་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་དང་གུ་གེའི་རྒྱལ་པོ་རྩེ་ལྡེས་དམངས་ལ་ཆོས་སེམས་མེད་ཅིང་གནོད་སེམས་ཆེ། དགེ་འདུན་རྣམས་བཙན་ཤེད་ཀྱིས་སྐྱ་ཕབ་སྟེ། དགོན་སྡེའི་རྟེན་རྣམས་མེ་ལ་བསྐུར་ཞེས་བཀོད་ཡོད། སྐད་ཆ་དུམ་བུ་འདིས་ལོ་རྒྱུས་ཀྱི་གནས་ཚུལ་གལ་ཆེན་ཞིག་བསྟན་ཡོད་དེ། སྐབས་དེར་མངའ་རིས་ས་ཁུལ་དུའང་ཆོས་བསྣུབས་པའི་ལས་འགུལ་ཞིག་སྤེལ་བ་ཤེས་ཐུབ།

image003.jpg

     དུས་རབས་༡༢པའི་དུས་མཇུག་ནས་དུས་རབས་༡༥པའི་བར་དུ། དགོན་འདི་ཡང་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་བཅས་ཀྱིས་དགོན་བདག་བྱས་ཀྱང་དེ་འབྲེལ་གྱི་ཡིག་ཆ་མཐོང་མ་བྱུང་། དུས་རབས་༡༥པར་དགེ་ལུགས་པའི་སྟོབས་ཤུགས་གེ་གུའི་ཕོ་བྲང་དུ་སླེབས་པ་ན་མཐོ་ལྡིང་དགོན་པ་དེའང་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་བྱུང་། གུ་གེའི་མཁན་ཆེན་ངག་དབང་གྲགས་པ་རྒྱལ་མཚན་སེ་ར་དགོན་ནས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་མདུན་དུ་སློབ་གཉེར་མཛད་དེ་ཕྱིར་ཕེབས་རྗེས་གུ་གེ་རྒྱལ་པོ་རྣམ་རྒྱལ་ལྡེ་དང་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་བཙུགས་པ་མ་ཟད། ཁོང་མཐོ་ལྡིང་དགོན་དང་དུང་དཀར་ཕྱི་དབང་། མ་ནམ་དགོན་སོགས་ཀྱི་དགོན་བདག་ཏུ་མངགས་པས། སྐབས་དེར་དགོན་སྡེ་འདི་རུ་བཀའ་གདམས་གསར་མ་སྟེ་དགེ་ལྡན་ལུགས་ཕྱག་ལེན་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར།

     སྤྱི་ལོ་༡༦༣༠ལོ་ཡས་མས་སུ་གུ་གེ་རྒྱལ་རབས་ནུབ་ཅིང་། མངའ་རིས་ས་ཁུལ་ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་མངའ་འོག་ཏུ་ཚུད་ལ། མཐོ་ལྡིང་དགོན་འབྲུག་པ་བཀའ་བརྒྱུད་པའི་གྲུབ་མཐར་བསྒྱུར་དགོས་བྱུང་། དུས་ཡུན་རིང་པོ་མ་འགོར་བར་རྒྱལ་དབང་སྐུ་འཕྲེང་ལྔ་བས་མངགས་པའི་བོད་སོག་རྟ་དམག་གིས་ལ་དྭགས་ཕམ་པར་བརྒྱབ་པས། སླར་ཡང་དགེ་ལུགས་པའི་གྲུབ་མཐའ་ཕྱག་ལེན་མཛད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཐོ་ལྡིང་དགོན་པའི་དོ་དམ་སྔར་ལས་ཇེ་བཟང་དུ་གཏོང་ཆེད་དགའ་ལྡན་དགོན་པའི་བྱང་རྩེ་ཆོས་རྗེ་དང་ཤར་རྩེ་ཆོས་རྗེ་གཉིས་རེ་མོས་ཀྱིས་མཐོ་ལྡིང་དགོན་པའི་མཁན་པོར་མངགས། དུས་རབས་༡༨པའི་དུས་མགོར་རྒྱལ་བ་བསྐལ་བཟང་རྒྱ་མཚོས་བཀའ་སྩལ་ཏེ་མཐོ་ལྡིང་དགོན་དེ་སེ་ར་དགོན་བྱེས་གྲྭ་ཚང་གི་དགོན་ལག་ཏུ་གནང་ཞིང་། ལོ་གསུམ་གྱི་ལས་ཐོག་མཁན་པོའི་ལམ་ལུགས་གཏན་འབེབས་གནང་བ་རེད།

     དུས་རབས་༡༩པའི་དུས་དཀྱིལ་རྗེས་སུ་སེང་པ་དམག་འཁྲུག་བྱུང་སྟེ། མཐོ་ལྡིང་དགོན་དགྲ་བོས་བཙན་བཟུང་བྱས་པར་བརྟེན་ལྷ་ཁང་དང་ནང་རྟེན་རྩ་ཆེན་དག་ལ་ཚབ་ཆེ་ཆུང་མི་འདྲ་བའི་གཏོར་སྐྱོན་དང་བོར་བརླག་བྱུང་བར་མ་ཟད། རྗེས་ཀྱི་རིག་གནས་གསར་བརྗེའི་སྐབས་སུའང་དགོན་པའི་ལྷ་ཁང་དང་རིག་དངོས་རྩ་གཏོར་བྱས་ཏེ་གྱོང་གུད་ཚབ་ཆེན་ཐེབས་ཤིང་སྐུ་བརྙན་དང་ཞལ་ཐང་། མཆོད་ཆ་སོགས་ལྷག་ལུས་མེད་པར་གྱུར་བའི་གནས་ཚུལ་ཡ་ང་བ་བྱུང་།

                                      གསུམ། ལྷ་ཁང་དང་ནང་རྟེན་གཙོ་བོ།

སྔོན་འདུས་སྡེ་ཆེན་པོ་འདིར་རྒྱུད་སྡེ་བཞིའི་ལྷ་ཁང་། གསེར་ཁང་། ལྷ་ཁང་དཀར་པོ། འདུ་ཁང་ཆེན་མོ། གནས་བཅུ་ལྷ་ཁང་། མ་ཎི་ལྷ་ཁང་། བླ་བྲང་གི་མགོན་ཁང་བཅས་ལྷ་ཁང་ཆེ་ཆུང་བདུན་ཙམ་ཡོད་པ་འབྲེལ་ཡོད་ཡིག་ཆ་རུ་གསལ་ཡང་། ད་ལྟ་མཐོང་ལམ་དུ་མཇལ་རྒྱུ་ཡོད་པ་ཞིག་ལ་བརྒྱ་རྩ་ལྷ་ཁང་དང་ལྷ་ཁང་དཀར་པོ། ལྷ་ཁང་དམར་པོ། གསེར་ཁང་ལྷ་ཁང་། མ་ཎི་ལྷ་ཁང་བཅས་རེད། གཞན་དགོན་པའི་ལྕགས་རིའི་ནང་དུ་སྔོན་གྱི་ལྷ་ཁང་ཁག་གི་ཤུལ་དུ་ལུས་པའི་གྱང་རོ་ཙམ་ལས་སླར་གསོ་མ་བྱས་པ་འགའ་རེ་ཡང་མཐོང་རྒྱུ་འདུག ད་ལྟ་མཇལ་རྒྱུ་ཡོད་པའི་ལྷ་ཁང་ཁག་ལས་བརྒྱ་རྩ་ལྷ་ཁང་ནི་མཐོ་ལྡིང་དགོན་གྱི་གཙུག་ལག་ཁང་ཐོག་མ་རུ་བགྲངས་ཤིང་། འཛུགས་སྐྲུན་གྱི་གཞི་ཁྱོན་ཆེས་ཆེ་བ་དེ་རེད། གཙུག་ལག་ཁང་དེ་ཁྱོན་བསྡོམས་ལྷ་ཁང་ཆུང་བ་ཉི་ཤུ་ལྷག་གིས་གྲུབ་ཡོད་ཅིང་། བརྒྱ་རྩ་ལྷ་ཁང་ཞེས་པའི་འབོད་སྲོལ་དེ་ནི་དུས་ཕྱིས་སུ་བྱུང་བ་ཞིག་སྟེ་དོན་ནི་ལྷ་ཁང་གི་ཁ་གྲངས་མང་བ་སྟོན་པ་ཞིག་རེད། མཚན་རྙིང་བར་བཀྲ་ཤིས་འདྲེན་པའི་གྲུབ་པའི་གཙུག་ལག་ཁང་ཞེས་འབོད་ལ། ལྷ་ཁང་འདི་ནི་བཙན་པོའི་དུས་ཀྱི་དཔེ་མེད་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀྱིལ་འཁོར་གྱི་བཀོད་པར་དཔེ་བླངས་ཏེ་བཞེངས་པ་ཞིག་ཡིན་པས། ད་ལྟའི་ཆར་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་འབོད་མཁན་ཡང་མང་། ལྷ་ཁང་དེ་ཉིད་ཕྱི་ནང་གི་རིམ་པ་གཉིས་སུ་ཕྱེས་ལ་བར་དུ་སྐོར་ལམ་ཞིག་མཆིས། དཀྱིལ་དུ་བདུད་འདུལ་ལྷ་ཁང་ཡོད་པ་དེའི་རྟེན་དུ་བདུད་འདུལ་ཐུབ་པ་ཐོག་ཚད་གཅིག་ལྷག་དང་། མཐའ་འཁོར་གྱི་རྣམ་སྣང་ལྷ་ཁང་ཞེས་པར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཞིག་ཡོད་པ་དེའི་ཕྱོགས་བཞི་ལ་སྒོ་བཞི་སོགས་ཀྱི་ཚུལ་དུ་ལྷ་ཁང་ཆུང་ཆུང་བཞི་ཡོད་ལ། ཤར་དུ་མེས་སྟོན་པ་དང་། ལྷོ་རུ་རིན་ཆེན་འབྱུང་གནས། ནུབ་དུ་འོད་དཔག་མེད། བྱང་དུ་སྣང་བ་མཐའ་ཡས་བཅས་བཞུགས། ཕྱི་རིམ་དུ་ལྷ་ཁང་ཆུང་བ་བཅུ་དྲུག་ཡོད་པ་གཡས་ནས་བརྩིས་པའི་འཇིག་བྱེད་ལྷ་ཁང་། ཨ་ཙ་ར་ལྷ་ཁང་། བཀྲ་ཤིས་འོད་ཀྱི་ལྷ་ཁང་། སྨན་བླ་ལྷ་ཁང་། སྒྲོལ་མ་ལྷ་ཁང་། རྒྱལ་བ་རིགས་ལྔའི་ལྷ་ཁང་། སྲུང་མ་ལྷ་ཁང་། སྲུང་མ་ཁང་དེའི་སྐུ་རྒྱབ་ན་ཤིང་སེ་བི་གླིང་ཁ་ལྟ་བུ་ཞིག་ཡོད་པ་དེ་ནི་དེའི་དུས་སུ་སྲིབ་སྐྱེས་བུ་མོ་སྤུན་གཉིས་ཟེར་བ་ཞིག་བྱུང་ནས་དེ་གཉིས་ཀྱི་ཕྱག་འཁར་སེ་བའི་དབྱུག་པ་རེ་ས་དེར་བཙུགས་པ་ལས་སྐྱེས་པ་ཡིན་པས། ཤིང་དེ་སྲུང་མའི་བླ་ཤིང་ཡིན་ཟེར་ནས་མཐོང་ཆེན་བྱེད་ཀྱི་ཡོད། དེ་ནས་བྱམས་པ་ཀེར་བཞེངས་ལྷ་ཁང་། ཕྱག་རྡོར་ལྷ་ཁང་། ཡུམ་ལྷ་ཁང་། བྱམས་པ་ངལ་གསོ་ལྷ་ཁང་། རྗེ་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་། བཀའ་འགྱུར་ལྷ་ཁང་། བསྟན་འགྱུར་ལྷ་ཁང་། འཇམ་དབྱངས་ལྷ་ཁང་བཅས་ཡོད་པ་རེད། གཙུག་ལག་ཁང་དེ་ཉིད་ནི་སྲིན་མོ་གན་རྐྱལ་ཉལ་བའི་སྒང་དུ་བདུད་འདུལ་ལྷ་ཁང་དང་། སྙིང་ཁར་རྣམ་སྣང་ལྷ་ཁང་། རྐང་ལག་བཞིའི་སྟེང་དུ་ནང་གནོན་མཆོད་རྟེན་བཞི་དང་ཕྱི་གནོན་མཆོད་རྟེན་བཞི་བཅས་ཀྱི་ཚུལ་དུ་བཞེངས་ཡོད།

image005.jpg

བརྒྱ་རྩ་ལྷ་ཁང་གི་ཤར་ཕྱོགས་སུ་ལྷ་ཁང་དམར་པོ་ཡོད་ལ། དེའི་ཕྱི་གྱང་དེ་སྲུང་མ་ལྷ་ཁང་དང་རུང་ཁང་། གྲྭ་ཤག་བཅས་ཀྱིས་འབྲེལ་ཏེ་བསྐོར་འདུག ལྷ་ཁང་གི་སྒོ་ཤར་ཕྱོགས་སུ་འཁོར་ལ་དེར་ཀ་བ་༣༩ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༥༨༨ ཟིན་ཡོད། ལྷ་ཁང་དམར་པོ་ཞེས་པའི་མིང་འདི་ཡང་ཉེ་དུས་ཀྱི་མི་རྣམས་ཀྱིས་དགོན་པའི་གྱང་གི་ཚོན་མདོག་ལ་བལྟས་ཏེ་བཏགས་པ་ཞིག་རེད་ཟེར། གཙང་བཀྲ་ཤིས་ལྷུན་པོའི་དགོན་བདག་བདུན་པ་ཤྭནྟི་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་དུ་ལྷ་ཁང་འདིའི་མིང་ལ་འདུ་ཁང་འཛམ་གླིང་རྒྱན་ཞེས་བཀོད་འདུག  སྤྱི་ལོ་༡༩༣༧ལོར་བརྩམས་པའི་མཐོ་ལྡིང་དགོན་གྱི་དཀར་ཆག་ཏུའང་ལྷ་ཁང་གི་མིང་དེ་ལྟར་བཀོད་གནང་འདུག ཡིན་ཡང་ལོ་རྒྱུས་ཡིག་ཚང་གཞན་པ་ལས་དེ་འབྲེལ་གྱི་རྒྱུ་ཆ་ལག་སོན་མ་བྱུང་། མིག་སྔར་ལྷ་ཁང་ནང་དུ་བཞུགས་སུ་གསོལ་བའི་སྐུ་བརྙན་ཚང་མ་དུས་རབས་༢༠ བའི་ལོ་རབས་༨༠ རྗེས་སུ་བཟོས་པའི་སྐུ་བརྙན་གསར་བ་ཤ་སྟག་རེད། དེའི་རྟེན་གྱི་གཙོ་བོ་ནི་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཐོག་ཚད་ཙམ་རེ་ཡོད་པའི་དཀྱིལ་ལ་ཐུབ་དབང་གཎ་ཊི་མ་ཞུ་བ་སྣང་། གོང་ནས་གླེང་བའི་ནམ་མཁའ་མཐོན་པར་ལྡིང་ཞིང་ས་ཕྱོགས་དེར་བབས་པའི་གཎ་ཊི་དེ་ཐུབ་དབང་དེའི་གཟུགས་གཞུག་ལ་ཡོད་ཟེར། དེའི་མདུན་དུ་གསེར་ཟངས་ལས་གྲུབ་པའི་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་སྐུ་དང་རྗེ་བཙུན་མི་ལའི་སྐུ་ལི་མ། གུ་རུའི་སྐུ་སོགས་མི་ཚད་ལྷག་ཙམ་རེ་དང་། མར་མེ་མཛད་ཀྱི་སྐུ་ཐོག་ཚད་ཙམ། སྲང་མདའ་ཇོ་བོ་དང་འཇམ་དབྱངས་ཀྱི་སྐུ་མི་ཚད་ཙམ། གཙང་ཁང་ཀ་བ་དྲུག་ཅན་ཞིག་ཡོད་པའི་ནང་དུ་རྟེན་གཙོ་བོ་རྩེ་ལྷ་ཉི་མ་མགོན་ཟེར་བའི་ཐུབ་པའི་སྐུ་མཐོ་ཚད་ཁྲི་བཅོ་ལྔ་ཙམ་ཡོད་པའི་གཟུངས་གཞུག་ལ་བཀའ་བསྟན་འགྱུར་ཆ་ཚང་རེ་ཡོད་ཅིང་། སེང་ལྕམ་འབྲུག་མོའི་ཐག་ཆས་ཆ་ཚང་ཞིག་ཀྱང་ཐུབ་པ་དེའི་གཟུངས་གཞུག་ཏུ་ཡོད་པར་གྲགས། དེ་ནི་སྐྱིད་ལྡེ་ཉི་མ་མགོན་གྱིས་མཐོ་ལྡིང་དང་མི་རིང་བའི་མཁར་བར་མ་ཞེས་པའི་རི་རྩེར་གདན་དྲངས་པར་བརྟེན་ཐུབ་དབང་དེར་རྩེ་ལྷ་ཉི་མ་མགོན་ཟེར་བ་ཡིན་འདུག ཐུབ་དབང་གི་སྐུ་མདུན་དུ་ལིའི་མཆོད་རྟེན་འདོམ་གང་དང་། བརྒྱད་སྟོང་པ་གསེར་བྲིས་གླེགས་བམ་གཅིག འདུ་ཁང་གི་སྒོ་མཆོར་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི་ཐོག་ཚད་རེ་ཙམ་ཡོད། ལྷོ་ངོས་སུ་མགོན་ཁང་དང་བྱང་ངོས་སུ་རུང་ཁང་ཀ་བཞི་མ་ཞིག་བཅས་ཡོད་དོ། །

ལྷ་ཁང་དཀར་པོ་ནི་ཕྱི་ལོགས་ཀྱི་གྱང་དཀར་པོ་ཡིན་པས་མཚན་དེ་ལྟར་ཐོགས་ཤིང་། དེ་ཡང་ཕྱིས་སུ་བཏགས་པར་སྣང་། ལྷ་ཁང་དེའི་མིང་རྙིང་པ་ནི་ལྷ་ཁང་འཇིག་རྟེན་རྒྱན་ཞེས་འབོད་ལ། ཆེས་སྔ་ཤོས་ཤིག་དུས་རབས་༡༦པའི་མཐོ་ལྡིང་དགོན་གྱི་ཁྲི་འཛིན་ཤྭནྟི་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་ནང་བྲིས་ཡོད། སྤྱི་ལོ་༡༩༣༧ལོར་བསྒྲིགས་པའི་མཐོ་ལྡིང་དགོན་གྱི་དཀར་ཆག་ནང་མིང་དེ་ཡང་བེད་སྤྱོད་བཏང་འདུག ལྷ་ཁང་དཀར་པོའི་ལྡེབས་རིས་དང་ལྕམ་དྲལ་ཚོན་རིས་བཞེངས་པའི་དུས་ཚོད་འཁྲུལ་མེད་ཅིག་ད་སྔའི་ཡིག་ཚང་ཁག་ཏུ་ཁུངས་སྐྱེལ་ཐབས་བྲལ་ཡང་། ལྷ་ཁང་དེ་ནི་གུ་གེ་མཁན་ཆེན་ངག་དབང་གྲགས་པས་དུས་རབས་༡༥པའི་དུས་སྨད་དུ་མཐོ་ལྡིང་ལ་འབྱོར་བའི་རྗེས་སུ་ཕྱག་བཏབ་པ་དང་། ཤྭནྟི་བ་བློ་གྲོས་རྒྱལ་མཚན་སྤྱི་ལོ་༡༥༣༩ལོར་མཐོ་ལྡིང་དགོན་དུ་འབྱོར་བའི་སྐབས་ལྷ་ཁང་དེ་བཞེངས་ཟིན་པའི་གནས་ཚུལ་བཅས་ལ་གཞིགས་ན། ཕལ་ཆེར་དུས་རབས་༡༥པའི་དུས་མཇུག་གམ་ཡང་ན་དུས་རབས་༡༦པའི་དུས་མགོའི་བར་བཞེངས་པ་རིག་པས་དཔགས་ཐུབ། ལྷ་ཁང་འདི་ཚོམས་ཆེན་དང་སྒོ་མཆོར་གཉིས་ལས་གྲུབ། ཆུ་རྡོ་བཏིང་བའི་ཚོགས་ཆེན་འདིར་ཁྱོན་ཀ་བ་༤༢ཡོད་པ་དང་། རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༥༥༥ཡོད། ནུབ་ངོས་ཀྱི་གྱང་དང་ཉེ་བའི་བྱང་ངོས་སུ་མཆོད་རྟེན་གཅིག་འདུག དེ་ནི་ཕལ་ཆེར་དུས་རབས་༡༨པའི་རྗེས་སུ་བཞེངས་པ་ཞིག་ཏུ་སྣང་།

གསེར་ཁང་ལྷ་ཁང་ལ་ད་ལྟ་ལྷ་ཁང་མདུན་རྒྱབ་ཁག་གཉིས་སུ་ཕྱེ་ཞིང་། དེ་གཉིས་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༢༤དང་༡༢རེ་བཅས་ཡོད། ལྷ་ཁང་རྒྱབ་མ་དེ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་དང་། སྤྱི་ལོ་༡༩༣༣ལོར་དབྱི་ཐ་ལིའི་མཁས་པ་ཏུའུ་ཆིས་མཐོ་ལྡིང་དགོན་པར་བརྟག་དཔྱད་བྱས་པའི་ཟིན་བྲིས་ལྟར་ན། ལྷ་ཁང་འདིར་རྒྱ་ཕིབས་གསུམ་བརྩེགས་ཅན་རྩེ་མོ་གྲུ་བཞིའི་དབྱིབས་བཅས་ཆ་ཚང་བཞུགས་ཡོད་ཅེས་གསུངས་མོད་ཀྱང་ད་ལྟ་ལྷ་ཁང་ཐོག་རིམ་གཅིག་ལས་མི་འདུག དེའི་ནང་དུ་མཐོ་དམའ་མི་གཅིག་པའི་ཁྲི་ཆུང་ཆུང་གཉིས་བཞེངས་ཡོད་ལ། མཐོན་པོ་དེ་ཇོ་བོ་རྗེའི་བཞུགས་ཁྲི་དང་དམའ་མོ་དེ་ལོ་ཆེན་རིན་ཆེན་བཟང་པོའི་བཞུགས་ཁྲི་རེད་ཟེར། དཀྱིལ་དུ་ས་ཁྲི་ཡི་དཀྱིལ་འཁོར་ཞིག་བཞེངས་འདུག གཞན་ལྷ་ཁང་འདི་ནི་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མེ་གསུངས་ས་ཡིན་པ་རྣམ་ཐར་ཁག་ཏུ་གསལ།

image007.jpg

ཕྱི་གནོན་མཆོད་རྟེན་བཞི་ལས་བྱང་ལྷ་བབ་མཆོད་རྟེན་ནི་དེང་གི་མཐོ་ལྡིང་དགོན་གྱི་ལྕགས་རིའི་ཕྱི་རུ་གནས་ཤིང་། ཕྱིའི་བཟོ་བཀོད་དང་རྣམ་པ་གང་ལ་བལྟས་ཀྱང་མཆེད་རྟེན་བཞེངས་ནས་དུས་ཡུན་རིང་པོ་ཞིག་འགོར་བ་དཔོག་ཐུབ། དེའི་གཟུངས་གཞུག་ལ་སངས་རྒྱས་འཕེལ་གདུང་མ་ག་དྷ་བྲེ་གང་། ཤེས་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་ཁྲུ་གང་ས་ལ་མ་ཐུག་ཁྲུ་གང་གནམ་ལ་མ་ཐུག་པ་གཅིག་དང་། སྐལ་བའི་མར་མེ་དང་སྐལ་བའི་ཡོན་ཆབ་སོགས་ཡོད། ཚེས་བཟང་དུས་བཟང་ལ་སངས་རྒྱས་ཀྱི་རིང་བསྲེལ་རྙེད་རྒྱུ་ཡོད་སྐད། དེ་བཞིན་ནུབ་ཕྱོགས་ཀྱི་ས་ཙྪའི་མཆོད་རྟེན་ཆུང་ཆུང་བརྒྱ་དང་བརྒྱད་གྲལ་སྟར་དུ་བཞེངས་པའི་ནང་དུ་ལོ་ཆེན་རིན་ཆེན་བཟང་པོའི་ཕྱག་ཕྲེང་རྡོག་རེ་གཟུངས་གཞུག་ཏུ་འབུལ་ཡོད་ཟེར། གཞན་དགོན་པ་འདིའི་འགངས་ཆེ་བའི་རྟེན་ལ་འབྲོང་ཀ་པ་ལའི་ར་ཅོ། བྱ་ཁྱུང་རྒོད་ཀྱི་མཆུ་ཏོ། མཚོ་ལུག་མ་མོའི་གྲོའི་སུག་རྩེ། གེ་སར་རྟ་ཡི་སྨག་ཁྲན། སྲིད་པའི་བྲང་ལུག ཤྭ་བའི་རྭ་ཅོ། སེར་བ་བཀག་བྱེད་ཀྱི་དུང་དཀར། ཡེ་ཤེས་འོད་ཀྱི་དབུ་ཐོད། གླིང་སེང་ཆེན་གྱི་ཕྱག་དཔེ། རྟ་མགྲིན་གྱི་ཕུར་པ། གནམ་ལྕགས་ལེགས་པོ། གསེར་གྱི་ཐུབ་དབང་། ལོ་ཆེན་རིན་ཆེན་བཟང་པོའི་ཕྱག་སྦུབ་དང་ཁོང་གི་ཞབས་རྗེས་སོགས་ཡོད་པར་གྲགས།།

                                    བཞི། དགོན་པའི་ལྡེབས་རིས།

དེ་ཡང་མཐོ་ལྡིང་དགོན་གཙོ་བྱས་པའི་མངའ་རིས་ཕྱོགས་ཀྱི་དགོན་སྡེ་ཁག་གི་ལྡེབས་རིས་ནི་ད་ལྟའི་ཆར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་རྒྱས་ཡོད་ལ། ལྡེབས་རིས་བཞེངས་པའི་དུས་སྔ་ཞིང་ལྡེབས་རིས་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པས་བོད་ཁུལ་གཞན་དག་དང་བསྡུར་ན་ཐུན་མིན་གྱི་བཞེངས་སྟངས་ཤིག་ཆགས་ཡོད་པ་རེད། ད་ལྟ་མཇལ་རྒྱུ་ཡོད་པའི་མཐོ་ལྡིང་དགོན་གྱི་ལྡེབས་རིས་དག་ནི་ལྷ་ཁང་དམར་པོ་དང་། ལྷ་ཁང་དཀར་པོ། བརྒྱ་རྩ་ལྷ་ཁང་། གསེར་ཁང་ལྷ་ཁང་བཅས་ཀྱི་ནང་དུ་ཡོད་ལ། བརྒྱ་རྩ་ལྷ་ཁང་གི་ལྡེབས་རིས་མང་ཕྱོགས་དུས་འགྱུར་རབས་དང་རིམ་པའི་ཁྲོད་འཇིག་ཟིན་པས་ཆ་ཚང་བ་ཞིག་ལྷག་མེད་ཀྱང་། ཕྱོགས་བཞིའི་མཆོད་རྟེན་ནང་དུ་སྔར་གྱི་ལྡེབས་རིས་འགའ་ཤས་མཐོང་རྒྱུ་འདུག ཤར་བྱང་གི་མཆོད་རྟེན་ནང་དུ་ཆུས་འཇིག་པའི་བརྗོད་དོན་གྱི་རི་མོ་ཞིག་བྲིས་ཡོད་ཅིང་། ནུབ་བྱང་གི་མཆོད་རྟེན་ནང་དུ་ཞབས་ཏོག་བསྒྲུབ་བཞིན་པའི་བུད་མེད་གསུམ་གྱི་གཟུགས་བརྙན་བྲིས་འདུག ཟླུམ་ཞིང་སྒོར་བའི་ངོ་གདོང་དང་། སྒེག་ཉམས་ལྡན་པའི་བྱད་གཟུགས་སོགས་ལས་བལྟས་ཚོད་ཀྱིས་ནང་བསྟན་བརྗོད་བྱར་བྱས་པའི་ལྡེབས་རིས་ཞིག་ཡིན་པ་ངོས་ཟིན་དཀའ་བར་སྣང་། གཞན་དེ་དག་གི་རྒྱན་གོས་དང་གོས་རིས་སོགས་ལས་གནའ་བོའི་པར་སིག་③སྒྱུ་རྩལ་གྱི་ཤན་ཤུགས་ཐེབས་ཡོད་པ་རྟོགས་སླ་ཞིང་། ལྡེབས་རིས་དེ་དག་ནི་དུས་རབས་བཅུ་པའི་ནང་སྟེ་དགོན་པ་ཕྱག་འདེབས་དུས་སུ་བྲིས་པར་བཤད་ལ། ལྷ་ཁང་གཞན་དག་གི་ལྡེབས་རིས་ལས་དུས་ཆེས་སྔ་བོ་ཡོད་པས་དེ་དག་ལ་ཁ་ཆེ་དང་ཤར་དབུས་རྒྱལ་ཁབ་ཕྱོགས་ཀྱི་ནང་པའི་ལྷ་བཞེངས་ལུགས་ཀྱི་ཁྱད་ཆོས་ཅུང་མངོན་གསལ་དོད་པོ་འཛོམས་འདུག དེ་ཡང་ལོ་ཙྪ་བ་རིན་ཆེན་བཟང་པོའི་འཁྲུངས་རབ་རྣམ་ཐར་འབྲིང་པོ་ཀ་དཔྱད་རིན་ཆེན་སྒྲོན་མེ་ཞེས་པ་རུ། “བླ་མ་ལོ་ཙྪ་བ་ནི་ཁ་ཆེ་རུ་སློབ་མ་རྣམས་ཀྱི་མགོ་འདྲེན་དང་། ཆོས་ཀྱི་གཞུག་མ་ཞུ་བ་ལ་ལོ་དྲུག་འགོར་རོ། །ལོ་དྲུག་ནས་ལྷ་བཟོ་བ་སུམ་ཅུ་སོ་གཉིས་དང་ཡུལ་དུ་ཕེབས་པས། ལྷ་བླ་མ་ཡེ་ཤེས་འོད་སྙུང་བ་གསན་ནས་མྱུར་དུ་ཞལ་མཇལ་དུ་བྱོན་པས་སྙུང་གཞི་དྲག་པོ་གཅིག་གིས་ཟིན་ནས་ཞལ་མ་འཇལ་ལོ།”ཞེས་④ལོ་ཙྰ་བས་ཁ་ཆེའི་སྒྱུ་རྩལ་བ་༣༢ སྤྱན་དྲངས་པའི་གནས་ཚུལ་ནི་སྤྱི་ལོ་༩༩༦ལོར་བཞེངས་པའི་བརྒྱ་རྩ་ལྷ་ཁང་གི་ལྡེབས་རིས་འདི་དག་གི་ལྷ་བཞེངས་སྟངས་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ལས་ལྷག་ཏུ་བདེན་ཁ་སྤྲོད་ནུས་པར་སེམས།

image009.jpg

     ལྷ་ཁང་དམར་པོའི་ལྡེབས་རིས་དང་ལྕམ་དྲལ་ཚོན་རིས་ནི་དུས་རབས་༡༥པའི་ནང་དུ་བྲིས་པ་དང་། ལྷ་ཁང་གི་བྱང་ངོས་ཀྱི་ལྡེབས་རིས་ནི་སྟོན་པ་ཤྰཀྱ་ཐུབ་པ་དགྲ་བཅོམ་པ་བཅུ་དྲུག སངས་རྒྱས་སྨན་ལྷ་དང་སྟུང་བཤགས་ཀྱི་ལྷ་སུམ་ཅུ་སོ་ལྔས་བསྒྲུབ་པ་ཞིག་ཡིན། ལྡེབས་རིས་ཀྱི་སྐུ་བརྙན་གཤམ་དུ་མཆོད་སྦྱིན་ལྷ་དང་ཀླུ་རྒྱལ། སྟོན་པའི་སྐྱེས་རབས་ཀྱི་ནང་དོན་ཡིན། ཤར་ལྷོ་བྱང་གསུམ་གྱི་གྱང་ལྡེབས་ཀྱི་རི་མོ་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དང་ངན་སོང་འདྲེན་པའི་དཀྱིལ་འཁོར། ཆོས་སྐུའི་ཞིང་ཁམས་ཀྱི་འཇམ་དབྱངས་དཀྱིལ་འཁོར་བཅས་ནི་དུས་རབས་༡༥པར་བྱོན་པའི་བུ་སྟོན་རིན་ཆེན་གྲུབ་ཀྱི་གསང་རྒྱུད་རྒྱུད་བཞིའི་ནང་གསེས་རྣལ་འབྱོར་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན། སྤྱིའི་ཆ་ནས་བལྟས་ན། ནུབ་ཀྱི་གྱང་དང་ཉེ་བའི་བྱང་ངོས་ཀྱི་རྗེ་ཙོང་པ་ཡབ་སྲས་དང་། ཤར་གྱི་གྱང་དང་ཉེ་བའི་བྱང་ངོས་ཀྱི་གཤིན་རྗེའི་སྐུ་བརྙན། དེ་མིན་སྒོ་མཆོར་སྟེང་གི་མགོན་པོ་བེར་ནག་སྐུ་བརྙན་བཅས་རི་བོ་དགེ་ལུགས་པའི་དམིགས་བསལ་གྱི་དད་མོས་བྱེད་པའི་ཁྱད་ཆོས་ཕུད། སྤྱིར་བཏང་རྩ་བའི་ཆ་ནས་མངའ་རིས་ས་ཁུལ་དུ་དར་ཁྱབ་ཆེ་བའི་དུས་རབས་༡༡-༡༢པའི་ལྡེབས་རིས་ཀྱི་བརྗོད་བྱ་རྒྱུད་འཛིན་བྱས་ཡོད་པར་སྣང་། ལྡེབས་རིས་སྒྱུ་རྩལ་གྱི་ཉམས་འགྱུར་ཐད་ནས་བརྗོད་ནའང་ཁ་ཆེ་དང་དབུས་ཤར་གྱི་ཁྱད་ཆོས་ཟབ་མོ་ཡོད་པ་མངོན་འདུག་སྟེ། རི་མོའི་འཁྱིལ་སྟངས་དང་མི་སྣའི་གཤིས་ཀ  རྒྱན་གོས་ཀྱི་སྤུས་ཚད་དང་རྒྱན་རིས་ཀྱི་རྣམ་པ་སོགས་སྤྱིའི་ཆ་ནས་ཞིབ་ཆ་དོད་པའི་རྣམ་པ་མངོན་པ་མ་ཟད། བཟོ་བཀོད་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཆུ་ཚད་ཀྱང་དུས་རབས་གཅིག་གི་ནང་དུ་བཞེངས་པའི་ལྷ་ཁང་གཞན་དག་ལས་མངོན་པར་འཕགས་ཡོད། ལྷ་ཁང་དཀར་དམར་གཉིས་གུ་གེའི་མཁན་ཆེན་ངག་དབང་གྲགས་པས་མཐོ་ལྡིང་དགོན་དོ་དམ་གནང་བའི་སྐབས་སུ་ཕྱག་བཏབ་པ་ཞིག་ཡིན་ལ། ལྷ་ཁང་དཀར་དམར་གཉིས་ཀྱི་ལྡེབས་རིས་བཞེངས་པའི་ལོ་ཚིགས་ལ་བརྟག་ན་ལྷ་ཁང་དམར་པོའི་ལྡེབས་རིས་དེ་དཀར་པོ་ལས་ཅུང་ཕྱིས་སུ་བྲིས་པར་མངོན་ཡང་རི་མོའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་བཟོ་བཀོད་ཀྱི་ཁྱད་ཆོས་གཉིས་སུ་མེད་པར་སྣང་།

ལྷ་ཁང་དཀར་པོའི་ནང་གི་ལྡེབས་རིས་ཀྱི་བརྗོད་བྱ་ཅུང་རྒྱ་ཆེ་བར་མཐོང་སྟེ། ཤར་དང་ལྷོ་དང་ནུབ་བཅས་ཀྱི་གྱང་ལྡེབས་ཀྱི་གཤམ་དུ་བོད་ཡིག་གི་མཚན་བྱང་གསེར་བྲིས་མ་ཡོད། ཤར་གྱི་ལྡེབས་རིས་ཀྱི་བྱང་ངོས་ནས་དབུ་བརྩམས་ཏེ་གཡས་སྐོར་དུ་བསྐྱོད་དེ་ནུབ་ཀྱི་ལྡེབས་རིས་ཀྱི་བྱང་ངོས་མཚམས་སུ། རྗེ་ཙོང་ཁ་པའི་ཡོན་ཏན་གཞི་གྱུར་མའི་བརྗོད་བྱ་ཧྲིལ་བོ་རི་མོའི་ལམ་ནས་མཚོན་པར་བྱས་འདུག གསུང་གི་ནང་དོན་རྣམས་ལྡེབས་རིས་ཀྱི་ལམ་ནས་མཚོན་པར་བྱས་པ་ནི་ཡོན་ཏན་གཞི་གྱུར་མའི་བརྗོད་བྱར་སྔར་ལས་གོ་བ་ལེན་བདེ་བའི་ཆེད་དུ་བཞེངས་པར་མངོན། ནུབ་ངོས་ཀྱི་ལྡེབས་རིས་ཆར་ཆུས་བརླན་ནས་འདག་ཟིན་པས། ཤར་ངོས་ཀྱི་ལྡེབས་རིས་ཉར་ཚགས་བྱས་པ་ལེགས་ཤོས་རེད། བྱང་གི་གྱང་ངོས་སུ་བཞུགས་ཁྲིའི་རྒྱབ་ཡོལ་ཞིག་དང་། དབུས་སུ་སྟོན་པ་ཤྰཀྱ་ཐུབ་པ་དང་བསྐལ་བཟང་སངས་རྒྱས་སྟོང་སྐུ་ཡོད། སྟོན་སྐུའི་གཡས་གཡོན་གཉིས་སུ་ཞིག་རལ་དུ་སོང་པའི་རྒྱབ་ཡོལ་བརྒྱད་འདུག ཏུའུ་ཆིས་ཡི་རྟོག་ཞིབ་ཟིན་ཐོ་ལྟར་ན་དེ་སྔ་འདིར་སངས་རྒྱས་སྨན་བླ་བརྒྱད་བཞུགས་ཡོད་པ་རྟོགས་ཐུབ། སྟོན་པའི་བཞུགས་ཁྲིའི་གཤམ་གྱི་སྟོང་ཆ་རྣམས་སུ་རི་དྭགས་དང་མུ་འབྲེལ་མེ་ཏོག གྱད་མིའི་སྣང་བརྙན་སོགས་རི་མོའི་མཛེས་རྒྱན་སྣ་ཚོགས་ཀྱིས་སྤྲས་འདུག་པས། ཤར་དབུས་སྒྱུ་རྩལ་གྱིས་མངའ་རིས་ཕྱོགས་ཀྱི་ནང་བསྟན་རི་མོར་ཤུགས་རྐྱེན་ཐེབས་པ་མངོན་ཡོད། ཤར་ངོས་སུ་འབུར་གཟུགས་དོད་པའི་སྐུའི་རྒྱབ་ཡོལ་ཞིག་ལས་མེད་ཀྱང་། ཤར་ནུབ་ཀྱི་ལྡེབས་རིས་རི་མོའི་སྤྱིའི་བཞེངས་སྟངས་དང་ཁྱད་ཆོས་ལས་སྔོན་མར་སྒྲོལ་ལྗང་བཞུགས་ཡོད་པ་དཔག་ཐུབ་ཟེར། དེ་ནས་རིམ་པ་བཞིན་རྗེ་ཙོང་ཁ་པ་དང་། ལོ་ཆེན་རིན་ཆེན་བཟང་པོ། གདུགས་དཀར། ལོ་གྱོན་མ། འོད་ཟེར་མ། དབྱངས་ཅན་ལྷ་མོ་བཅས་ཡིན། སྐུ་བརྙན་དེ་དག་གི་དབུ་རྒྱན་དང་སྐྲའི་ཐོར་ཅོག དཔུང་དར། སྨད་གཡོག སྙན་རྒྱན། དཔུང་རྒྱན། མགུལ་རྒྱན་སོགས་རྣམ་པར་མཛེས་ལ་སྐུ་བརྙན་དེ་དག་གི་རྒྱབ་ཡོལ་སྟེང་གི་མཛེས་རྒྱན་དང་པད་གདན་སྟེང་གི་པད་འདབས། དར་འཕན། པད་ཁྲིའི་འོག་གི་འདེགས་འགྱོག་སོ་སོ་མི་འདྲ་ཞིང་། ལྷ་བཟོ་བས་རི་མི་དེ་དག་འབྲི་བཞེངས་བྱེད་སྐབས་ཞིབ་ཚགས་ལྡན་ལ་གསར་བཏོད་ཀྱི་འཆར་སྣང་ཕུན་སུམ་ཚོགས་པ་རྟོགས་ནུས། ནུབ་ངོས་སུ་བྱང་ནས་འགོ་བཙུགས་ཏེ་ལྷོ་ངོས་བར་དུ་ལྡེབས་རིས་རི་མོ་དགུ་ཡོད། དང་པོ་དེར་རྒྱབ་ཡོལ་དང་པད་གདན་ལས་ལྷག་མེད་ཀྱང་ཚོད་དཔག་བྱས་པ་ལྟར་ན་སྒྲོལ་དཀར་གྱི་སྐུ་བཞེངས་ཡོད་ཟེར། དེའི་སྟེང་དུ་སྤྱར་རས་གཟིགས་བཞེངས་ཡོད། རི་མོ་གཉིས་པ་ནི་ལྷ་བླ་མ་ཡེ་ཤེས་འོད་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། གསུམ་པ་ནི་འོད་དཔག་མེད་གཡས་གཡོན་དུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་དང་སྔོན་པོ་མཐུ་ཆེན་ཐོབ་བཅས་ཡིན། དེ་ནས་བྱང་སེམས་ཀྱི་སྐུ་བརྙན་ཆ་གཅིག་ཡོད། ལྡེབས་རིས་དེ་༢༠༠༥ལོའི་སྔོན་དུ་འདམ་གྱིས་ཡོངས་སུ་བསྒྲིབས་ཡོད་ཀྱང་། རྗེས་སུ་རིག་དངོས་སྲུང་སྐྱོབ་ཆེད་ལས་པས་གཙང་སེལ་བྱས་རྐྱེན་ད་ལྟ་མཇལ་ཐུབ། དེ་ནས་རིམ་པ་བཞིན་སྤྱན་རས་གཟིགས་དང་རྡོ་རྗེ་རྣམ་འཇོམས། དེའི་ལྷ་ངོས་ཀྱི་ལྡེབས་རིས་འཇིག་ཟིན་ཡང་ཚོན་རྩིའི་ཆ་ཤས་ལས་ཁྲོ་བོའི་སྐུ་ཞིག་ཏུ་ངོས་ཟིན་ཡོད་ཟེར། ཆེས་ལྷོ་ངོས་སུ་སྐྱེས་རབས་ཀྱི་བརྗོད་བྱ་གཟུགས་བརྙན་ལྡན་པའི་ལམ་ནས་བཀོད་འདུག སྒོ་འགྲམ་གཡས་གཡོན་གྱང་གི་ཤར་ངོས་སུ་རྣམ་ཐོས་སྲས་གཙོ་འཁོར་དང་། ནུབ་ངོས་སུ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་ནོར་བུ་དང་རྟ་མགྲིན་ཁྲོ་བཅུ་ལས་གྲུབ་པའི་དཀྱིལ་འཁོར་གྱི་ལྡེབས་རིས་ཡོད། ལྷ་ནུབ་ཀྱི་ངོས་སུ་དེ་སྔོན་རྡོ་རྗེ་འཇིགས་བྱེད་དང་། སྒོ་ཐོག་ཏུ་མགོན་པོ་བེར་ནག་ཕྱག་གཉིས་དང་། ཕྱག་བཞི་བ། ཕྱག་དྲུག་པ་བཅས་བྲིས་ཡོད་པར་གྲགས།

image011.jpg

     གསེར་ཁང་ལྷ་ཁང་ནང་དུ་རྣམ་སྣང་དང་གསང་འདུས། བདེ་མཆོག་དང་དུས་འཁོར་བཅས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཡོད་ཅེས་གསུངས་མོད་ཀྱང་ཕྱིས་སུ་ཉར་ཚགས་མ་ཐུབ་པའི་རྐྱེན་གྱིས་ད་ལྟ་ལྡེབས་རིས་ཆ་ཚང་ཞིག་མི་འདུག བྱང་ངོས་ཀྱི་དཀྱིལ་འཁོར་དེའི་འདབས་ནས་གྲུ་བཞི་ནར་མོའི་དབྱིབས་ཀྱི་ལྡེབས་རིས་ཤིག་བཀོག་ནས་ཁྱེར་སོང་བ་ད་ལྟ་རྒྱ་གར་དུ་བཞུགས་པའི་བཤད་སྲོལ་འདུག པཎ་ཆེན་བསོད་ནམས་གྲགས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་དུ། མཁན་ཆེན་ངག་དབང་གྲགས་པས་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་ཕྱག་བཏབ་ཅིང་། ཁོང་གིས་མི་རྣམས་ལ་ཐེག་ཆེན་ཆོས་ཀྱིས་བདེ་བ་བསྟན་ཞེས་འཁོད་ཀྱང་། ༡༩༣༣ལོར་དབྱི་ཐྰ་ལིའི་མཁས་པ་ཏུའུ་ཆིས་ཡིས་མཐོ་ལྡིང་དགོན་ལ་རྟོག་ཞིབ་བྱས་པ་ལྟར་ན། གསེར་ཁང་ལྷ་ཁང་གི་ལྡེབས་རིས་ནི་དུས་རབས་༡༥ཡས་མས་ལ་བྲིས་པ་རེད་ཅེས་གསུངས་འདུག་པ་ལས། གུ་གེ་རྒྱལ་པོ་རྩེ་ལྡེས་རིང་ཞི་བ་འོད་ཀྱིས་ཕྱག་བཏབ་པའི་ལྷ་ཁང་དེ་མཁན་ཆེན་ངག་དབང་གྲགས་པའི་སྐུ་རིང་ལ་བསྐྱར་བཞེངས་གནང་བའམ་ཡང་ན་ལྡེབས་རིས་བསྐྱར་བྲིས་བྱས་པ་རྟོགས་སླ། དེ་བས་མཐོ་ལྡིང་དགོན་ལ་དགོན་པ་ཟེར་ཡང་དོན་དངོས་སུ་རིན་ཐང་གཞལ་དུ་བྲལ་བའི་གནའ་བོའི་ལྡེབས་རིས་ཀྱི་བང་མཛོད་དམ་ཡང་ན་འགྲེམ་སྟོན་བར་ཁྱམས་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་པར་སྣང་།

                                     ལྔ། ཆོས་ཐོག་དང་འདོན་ཆོག

དགོན་འདིར་ལོ་རེའི་བོད་ཟླ་དང་པོའི་ཚེས་གསུམ་ནས་ཉེར་གཅིག་བར་གསེར་ཚོགས་སྨོན་ལམ་ཆེན་མོ་དང་། ཚེས་བཅུ་བདུན་དང་བཅོ་བརྒྱད་ལ་གར་འཆམ་ཡོད། ཚེས་བཅུ་དགུ་ཉིན་གཏོར་རྒྱག་དང་། ཚེས་ཉི་ཤུ་ཉིན་ལ་རྟ་རྒྱུགས་རྩལ་སྟོན་ཡོད། ཚེས་ཉེར་གཅིག་ནས་སྨོན་ལམ་གྲོལ་བ་དང་། བོད་ཟླ་གཉིས་པའི་ནང་དཔལ་གསང་བ་འདུས་པའི་སྒྲུབ་མཆོད། བོད་ཟླ་གསུམ་པའི་ནང་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཉིན་བདུན། བོད་ཟླ་བཞི་པའི་ནང་སྙུང་གནས་དཀར་པོ་ཆ་བརྒྱད། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་བདུན་པའི་གནམ་གང་བར་དབྱར་གནས་དང་། བོད་ཟླ་དགུ་པའི་ནང་ཁ་འབར་མིའི་གཏོར་རྒྱག་དང་། དགུ་པའི་ཚེར་ཉེར་གཉིས་ཀྱི་ལྷ་བབ་དུས་ཆེན་ལ་སྙུང་གནས། བོད་ཟླ་བཅུ་་པའི་ནང་ཀུན་རིགས་ཀྱི་སྒྲུབ་མཆོད་ཉིན་ལྔ། བོད་ཟླ་བཅུ་གཅིག་པའི་མགོན་ཁང་གི་ལོ་གཏོར་བརྗེ་བ་དང་འདུས་ཚོགས་ཡོངས་ཀྱིས་སྨན་བླའི་ཆོ་ག་གཏོང་བ་བཅས་ཡོད།

                                     དྲུག དགོན་ལག་ཉེར་ལྔ།

མཐོ་ལྡིང་དགོན་པའི་དགོན་ལག་ཉེར་ལྔ་ཞེས་པ་ནི་རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་ཆོས་སྲིད་གཉིས་ལྡན་གྱི་མཛད་པ་སྐྱོང་བའི་སྐབས་སུ་རྩེ་རྣམ་རྒྱལ་གྲྭ་ཚང་དབུ་བརྙེས་ཤིང་དེར་མཐོ་ལྡིང་དགོན་པ་གཙོར་བཟུང་ཏེ་མངའ་རིས་དགོན་ཁག་ཉེར་ལྔ་ནས་ལོ་རེ་བཞིན་གྲྭ་བ་ལྔ་བཅུ་བསྡུས་པའི་སྲོལ་དར་བས། དེ་ནས་བཟུང་མངའ་རིས་མཐོ་ལྡིང་དགོན་ལག་ཉེར་ལྔ་ཞེས་འགོ་ཚུགས་པ་རེད། གཞན་དགོན་ལག་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་རེ་རེ་བཞིན་བགྲང་སྲོལ་མི་འདྲ་བ་མང་པོ་འདུག དེའང་དགོན་ལག་ཡིན་མིན་འབྱེད་བྱེད་གཙོ་བོ་ནི་སྒར་དཔོན་གོང་འོག་གི་མངའ་རིས་དབང་སྒྱུར་བྱེད་པའི་སྐབས་སུ་གྲྭ་རྒྱུན་ཡོད་མེད་ལ་བལྟས་ནས་དགོན་ལག་ཉེར་ལྔ་འབྱེད་པ་ཡིན་གཤིས། གྲྭ་རྒྱུན་ཡོད་པའི་གཤམ་གྱི་དགོན་ལག་འདི་དག་ནི་བརྩི་ཚུལ་ཡང་དག་པར་སྙམ་སྟེ། རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན། མདའ་བ་བཀྲ་ཤིས་དགོན། གདོང་པོ་རབ་བརྟན་ལྷུན་པོ་དགོན། ཁྱུང་དགའ་ལྡན་ལྷུན་རྩེ་དགོན། མ་ནམ་བྱང་ཆུབ་གླིང་དགོན། བེ་བཀྲ་ཤིས་ཆོས་གླིང་། དུས་དཀར་བཀྲ་ཤིས་ཆོས་གླིང་དགོན། དོ་ཤངས་དགོན། རི་བཀྲ་ཤིས་དགའ་དཔལ་དགོན། བྱེ་དཀར་རྣམ་རྒྱལ་ལྷ་རྩེ་དགོན། ཟ་རང་དགོན། བཏང་མཐོང་བ་དོན་ལྡན་དགོན། བླུགས་པ་དགོན། སྣུ་དྲག་ཐོང་མངོན་དགའ་དགོན། འཕུར་རི་དགོན། རོང་བྱང་ཆུབ་གླིང་དགོན། བར་ཀྱོག་ཕུན་ཚོགས་རབ་བརྟན་གླིང་དགོན། ཤང་རྩེ་དགོན། ཤངས་དགོན། མཐོ་ལྡིང་གསེར་གྱི་ལྷ་ཁང་བཅས་ད་ལྟ་རྒྱལ་ནང་དུ་ཡོད་པའི་དགོན་སྡེ་ཉི་ཤུ་དང་ཕྱི་རྒྱལ་དུ་ཡོད་པའི་དགོན་སྡེ་ལྔ་སྟེ། སྐྱི་ནོར་བུ་དགའ་འཕེལ་དགོན། ལྷ་ལུང་དགོན། བྲང་དཀར་དགོན། རྟ་ཕོ་ཐེག་ཆེན་ཆོས་གླིང་དགོན། མ་ཎི་དགོན་བཅས་སོ།།

མདོར་ན། གནས་འདི་ནི་བོད་ཀྱི་དབུས་ཁུལ་དང་ནུབ་ཁུལ། རྒྱ་གར་དང་ཁ་ཆེ། ཇ་ལྟའི་གནའ་ལམ་སོགས་ཀྱི་འགྲོ་འོང་གི་འབྲེལ་ཐག་གཙོ་བོ་ཡིན་ལ། གནའ་བོའི་དགོན་རྙིང་འདིར་ས་ཁོངས་དང་མི་རིགས་བརྒལ་བའི་ལྡེབས་རིས་སྒྱུ་རྩལ་གྱི་རྣམ་པ་མང་པོ་གཞི་གཅིག་ཏུ་འདྲེས་པ་ཡིས། རྒྱ་གར་དང་དབུས་ཤར། དེ་བཞིན་བོད་ཀྱི་ནང་བསྟན་ཆོས་ལུགས་སྒྱུ་རྩལ་དབར་གྱི་འབྲེལ་བ་དམ་པོ་ཡོད་པ་མཚོན་ནུས་ཤིང་། དེར་རིག་གནས་དང་སྒྱུ་རྩལ། སྤྱི་ཚོགས་ལོ་རྒྱུས་ཀྱི་རིན་ཐང་སོགས་བླ་ལྷག་ཏུ་ལྡན་པས་རིག་གཞུང་ཞིབ་འཇུག་མི་སྣས་མུ་མཐུད་དུ་རྟོག་ཞིབ་ཀྱི་གཏིང་ཇེ་ཟབ་དུ་གཏོང་རི་བ་སྙམ་མོ།།

དཔྱད་གཞིའི་ཡིག་ཆ་དང་མཆན།

①   གུར་མགོན་སྐྱབས། སྟོད་མངའ་རིས་ཀྱི་བཀྲ་ཤིས་སྒང་དགོན་པར་ཡུལ་དངོས་བརྟག་དཔྱད་བྱས་པའི་སྙན་ཞུ།[J] ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ། (བོད་ཡིག) ༢༠༡༤ལོའི་དེབ་དང་པོ། ཤ༦༡

②   བཅོ་ལྔ་ཚེ་རིང་གིས་བརྩམས། སྟོད་མངའ་རིས་ཀྱི་དགོན་སྡེའི་ལོ་རྒྱུས་དག་གསལ་མཐོང་བའི་མེ་ལོང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༣པ། ཤ༡༨

③   པར་སིག  Persiaཡི་སྒྲ་བསྒྱུར་ཡིན།

④   གུ་གེ་ཁྱི་ཐང་བ་ཛྙྰ་ན་ཤྲི་རི་སོགས། ལོ་ཆེན་རིན་བཟང་པོ་དང་། ཆག་ལོ་ཙྰ་བ་ཆོས་རྗེ་དཔལ། རྔོག་ལོ་ཙྰ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར། [G] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤ༤༧

                        (རྩོམ་པ་པོ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་༢༠༡༥ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན)

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅། །མངའ་རིས་མཐོ་ལྡིང་དགོན་པར་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་པའི་མཐོང་ཐོས།

2017-11-21 ཁྲོ་ཁོ་སངས་རྒྱས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།