ལས་རིགས་བར་གྱི་ངོས་ལེན་དང་བརྩི་མཐོང་།

སྒར་བ་ཚེ་རིང་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-01-23

                                        -----འབྲོག་ལས་དཔེར་བྱས་ནས་གླེང་བ།

  ཨ་རི་ན་འབུམ་རམས་པ་འདོན་བཞིན་པའི་བདག་གི་གྲོགས་པོ་ཀ་གྱའི་དཔའ་རྩེ་རྒྱལ་ནས་མདོ་སྨད་ཀྱི་མཛོད་དགེའི་འབྲོག་ཁུལ་ཞིག་ཏུ་སྤེལ་བའི“འབྲོག་ལམ་རིང་མོ”ཞེས་པའི་བྱེད་སྒོ་ཞིག་ཏུ་ཞུགས་རྗེས“རང་གི་སྐྱིད་སྡུག་རང་གིས་བཤད”ཅེས་པའི་རྩོམ་ཞིག་བྲིས་ཡོད།1 རྩོམ་དེར། འབྲོག་པ་ཚོས་རང་གི་རྣམ་དཔྱོད་དང་བསམ་ཚུལ་དངོས་གཞིར་བཟུང་ནས་རང་གི་སྐྱིད་སྡུག་དེ་བཤད་ཐུབ་དགོས། འོན་ཀྱང་དེ་ལྟར་བཤད་ཐུབ་མེད་པས། མཐའ་རྔ་མར་གཞན་གྱིས“ཚན་རིག་གི་དཔྱད་འབྲས”ཞེས་པའི་མིང་ཐོག་ནས“འབྲོག་པ་ཚོས་ཚད་ལས་བརྒལ་བའི་ཕྱུགས་ཟོག་འཚོས་ཏེ་རྩྭ་ཐང་ལ་གཏོར་བརླག་ཐེབས་འདུག”ལྟ་བུའི་བཤད་ཕྱོགས་བྱུང་ཞིང་། བཤད་ཕྱོགས་དེ་དང་འབྲེལ་ནས་ཐག་གཅོད་མང་པོ་ཞིག་ཚུར་བཀལ་ཡོང་བ་དང་། དངོས་གནས་བྱས་ན་འབྲོག་པ་ཚོས་ཀྱང“འབྲོག་པ་མེད་ན་རྩྭ་ས་མེད”ལྟ་བུའི་སྐད་ཆ་བཤད་ནས་འབྲོག་པའི་ཡོན་ཏན་དང་ལྟ་ཚུལ་ཕར་བཤད་དགོས་ཞེས་པའི་ལྟ་ཚུལ་བཏོན་ཡོད།

  བདག་གིས་གྲོགས་པོའི་ལྟ་ཚུལ་དེ་ཤིན་ཏུ་གལ་ཆེན་ཞིག་ཏུ་ངོས་བཟུང་ཡོད་དེ། འབྲོག་པ་ཚོས་རང་གི་སྐྱིད་སྡུག་གནས་སྟངས་དང་། རང་གི་བསམ་ཚུལ། རང་གི་ཉམས་མྱོང་སོགས་བཤད་ཐུབ་ཀྱིན་མེད་པ་དེ་བོད་ཡུལ་སྟོད་སྨད་བར་གསུམ་ཡོངས་ཀྱི་གནད་དོན་ཞིག་ཡིན། ལར་འབྲོག་པ་ཚོས་རང་གི་སྐྱིད་སྡུག་རང་གིས་བཤད་ཐུབ་མིན་དེ་སློབ་གསོ་མྱངས་ཡོད་མེད་དང་རྒྱ་སྐད་བཤད་ཤེས་མིན་ཞིག་ལ་རག་ལས་པ་ལྟར་སྣང་ན་ཡང་། དེ་ཙམ་ཡང་མིན་ཏེ། དེང་སང་གི་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་། བཟོ་གྲྭ་ཅན་དུ་བསྒྱུར་བ་སོགས་རྒྱུ་རྐྱེན་མང་པོ་ཡོད་པ་ལས་གཅིག་ནི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ལས་རིགས་སོ་སོའི་བར་འདྲ་མཉམ་གྱི་འདུ་ཤེས་མེད་པ་དང་ལྷག་པར་འབྲོག་ལས་ལྟ་བུའི་ལས་རིགས་ལ་བརྩི་མཐོང་བྱེད་ཀྱི་མེད་པར་རག་ལས་སྙམ།

  འུ་ཅག་གི་སྤྱི་ཚོགས་འདིའི་མགོ་རྔ་བར་གསུམ་ལ་ལྟ་གྲུབ་ཀྱི་མ་ལག་ཆ་ཚང་བའི་ནང་ཆོས་འདི་ཉིད་ཤིན་ཏུ་དར་བའི་རྒྱུ་མཚན་གྱིས། རིག་གནས་ཡོན་ཏན་ཡོད་མེད་ཀྱི་ཚད་ཤིང་དེ། ནང་ཆོས་དང་འབྲེལ་ཡོད་ཀྱི་ཤེས་བྱ་རྟོགས་མིན་གྱིས་བྱེད་པ་ལྟ་བུ་ཞིག་རང་བཞིན་གྱིས་ཆགས་པས། ཆོས་དང་མ་འབྲེལ་བའི་རིག་གནས་དག་ནི་དམན་སར་ལུས་ཡོད་ལ། གནད་དེའི་སྟེང་ནས་སློབ་གྲྭའི་སློབ་གསོ་མྱངས་པ་རྣམས་དང་འབྲོག་པ་དག་ནི་ཚད་ཤིང་དེའི་དོ་ཕོག་ཐེབས་ཡུལ་དུ་གྱུར་ཡོད།

  ཡང་སློབ་གྲྭའི་སློབ་གསོ་མྱངས་པ་ཚོས་འབྲོག་པ་དང་འབྲོག་པའི་འཚོ་བ་ནི་རྙིང་བ་དང་རྗེས་ལུས་ཐུ་མོ་ཞིག་ཏུ་བལྟས་ཤིང་། རང་ཉིད་དང་རང་ཉིད་ཀྱིས་བསླབས་དང་སློབ་ཀྱིན་པ་ནི་གསར་པ་དང་སྔོན་ཐོན་ཡ་མེད་ཅིག་ཏུ་གོ་བ་བླངས་པས། འབྲོག་པ་དང་འབྲོག་པའི་རིག་གནས་ལ་སྣང་མེད་དང་མཐོང་ཆུང་འཕར་མ་བྱས་ཏེ། དེང་སང་ཐ་ན“འབྲོག་པ”ཞེས་པའི་མིང་འདི“གླེན་པ”དང་། “གཏི་ཐུག”དང་། “ཨུ་ཚུགས”མཚོན་བྱེད་ལྟ་བུར་གྱུར་ཡོད་དེ། འདིའི་དཔེ་གསོན་པོ་ཞིག་ནི། 2017ལོར་བྱུང་བའི་ཚིག་གསར་པ“འབྲོག་པའི་རིགས་ལམ”2ཞེས་པ་དེ་རེད། དེ་ནི་འབྲོག་ཁུལ་ནས་ཡིན་པའི་ཡོན་ཏན་པ་རེ་གཉིས་ཀྱི་བཤད་ཕྱོགས་ལ་དགག་པ་རྒྱག་སྐབས་ཞིབ་འཇུག་པ་དང་དགེ་རྒན་འགའ་ཞིག་གིས་རྩོད་གཞི་དོར་ནས་ཁྱད་གསོད་དང་མཐོང་ཆུང་གི་ཞད་ཆེན་པོས“འབྲོག་པའི་རིགས་ལམ”ཞེས་མི་དེ་དག་གི་སྐྱེ་ཁུངས་ཐོབ་ཐང་སྟེང་ལ་སྐད་ཆ་བཤད་པ་ལྟ་བུ་རེད།

  ལྟ་ཚུལ་དེ་འདྲ་ཞིག་གི་རྐྱེན་གྱིས། མཐོན་པོའི་བཞུགས་གྲལ་ཐོབ་པའི་ཆོས་པ་ཚོས་འགྲིག་མིན་ཆོག་མིན་འོས་མིན་མཚམས་མིན་ལ་མི་ལྟ་མི་དཔྱད་པར་ཆོས་པའི་ཚད་གཞི་འབྲོག་པ་ཚོར་བཀལ་ནས་དམར་ཟས་སྤངས་ཏེ་དཀར་ཟས་བརྟེན་རྒྱུ་རྒྱ་ཁྱབ་དུ་སྤེལ་བར་མ་ཟད། སྒོ་ཕྱུགས་མི་བཙོང་མི་བཤའ་རྒྱུའི་ཁྲིམས་ཡང་བཅས། ཡི་གེའི་མགོ་རྔ་བསྒྲིགས་ཤེས་པའི་ཡོན་ཏན་པ་ཚོས། བདེན་མིན་འགྲིག་མིན་དག་མིན་ལ་མི་ལྟ་མི་དཔྱད་པར་རྩྭ་ཆུའི་དགྲ་བོ་ནི་མ་གཞི་འབྲོག་པ་ཚོ་ཡིན་ལུགས་དང་། འབྲོག་པ་ཚོ་མེད་ན་བོད་ལ་རེ་བ་ཡོད་ལུགས་ལྟ་བུ་ཞིག་དང་། ད་ལྟའི་འཁོས་ཞན་པ་ཉམས་དམའ་བ་ནི་དོན་ལ་འབྲོག་པ་གླེན་ནག་དག་གིས་མར་དྲུད་པ་ཡིན་ཚུལ་ལྟ་བུའི་བཤད་པ་བྱུང་བ་རེད།

  རྒྱུ་མཚན་དེའི་ཕྱིར། རང་རེའི་འབྲོག་པ་ཚོ་ལ། མ་གཞིར་ཡོད་འོས་པའི་རང་རྟོན་དང་རང་མཐོང་མེད་དེ། “ང་འབྲོག་པ་ཞིག་གིས་ཅི་ཤེས” ཞེས་པ་ནི་ཁའི་སྐད་ཆ་ཙམ་མིན་པར་སེམས་བསམ་པར་ཡང་དེ་ལྟར་འདོད་ཀྱིན་ཡོད་ལ། འབྲོག་པའི་སྐྱིད་སྡུག་དང་འབྲོག་པའི་ཤེས་རབ། འབྲོག་པའི་ལངས་ཕྱོགས་ནི་ཡེ་ནས་གཞན་ལ་བཤད་ཐུབ་ཀྱིན་མེད། གཅིག་བྱས་ན། དེ་བས་ཀྱང་ཚབས་ཆེ་བའི་གནད་དོན་ཞིག་ནི། ང་ཚོས་འབྲོག་ལས་འདི་ཉིད་ལས་རིགས་ཤིག་ཏུ་ངོས་བཟུང་མེད་པ་དེ་རེད། འདི་ནི་རང་རེའི་ཞིང་ལས་གཉེར་མཁན་དང་ཡང་གཅིག་སྟེ། འབྲོག་ལས་དང་ཞིང་ལས་འདི་ཡང་སྤྱི་ཚོགས་སྟེང་གི་སློབ་གསོའི་ལས་ཀ་དང་། ཁེ་ལས་དང་། བཟོ་ལས་ལྟར་གཟབ་ནན་གྱི་ལས་རིགས་ཤིག་ཏུ་བརྩིས་ཤིང་། འབྲོག་པ་དང་ཞིང་བ་ནི“འབྲོག་པའི་ལས་རིགས”དང“ཞིང་བའི་ལས་རིགས”གཉེར་མཁན་ལ་ངོས་བཟུང་ཚེ། ལས་འདིའི་རིགས་གཉེར་མཁན་གྱིས་ཀྱང་རང་ཉིད་ནི“ལས་མེད”(unemployed/无业)ཅིག་མ་ཡིན་པར། རང་གི་ལས་ཀ་དེའང“ལས་ཀ”གཞན་དང་འདྲ་བར་ལས་ཀ་ཞིག་ཡིན་པའི་ངོས་ཟིན་སྐྱེ་སྲིད་ལ། དེས་སྤྱི་ཚོགས་སྟེང་ལས་རིགས་གཉེར་མཁན་གཞན་ལ་ཡོད་པའི་ཐོབ་ཐང(identity)དེ་འདྲ་ཡང་ཡོད་པར་གྱུར་ནས། རང་གིས་གཟབ་ནན་གྱིས་ལས་རིགས་དེ་གཉེར་ངེས་པར་མ་ཟད་གཞན་གྱིས་ཀྱང་དེ་བཞིན་གྱི་ལྟ་སྟངས་འཛིན་ངེས་སོ།། གལ་སྲིད་དེ་ལྟར་མ་བྱུང་ཚེ། འབྲོག་པ་ཚོས་འབྲོག་ལས་ནི་ཁ་གསོ་ཐབས་ཉི་ཚེ་བ་ཞིག་ཏུ་མི་ལྟ་རང་ལྟར་གྱུར་ཡོད་ལ། འདིའི་མཇུག་འབྲས་ནི་ཧ་ལམ་འུ་ཅག་གི་མི་རབས་འདིའི་རིང་ལ་འབྲོག་པའི་འཚོ་བ་དང་ཐ་ན་འབྲོག་པའི་ཤེས་རིག་ཉམས་ངེས་པ་དེ་རེད།

  དེ་བས་ཡོན་ཏན་པའི་བཞུགས་གྲལ་ཐོབ་པའི་གྲྭ་པ་དང་སློབ་གྲྭའི་སློབ་གསོ་མྱངས་དང་མྱོང་བཞིན་པ་རྣམས་ཀྱིས་འབྲོག་པ་ཚོ་ནི་སློབ་གསོ་གཏང་ས་དང་། ཅང་མི་ཤེས་པའི་བླུན་པོ་ཞིག་ཏུ་ནམ་ཡང་ལྟ་མི་ཉན། ཆོས་ཀྱི་གནས་ལུགས་དང་། ཐ་སྙད་རིག་གནས་སྐོར་བཤད་སྐབས་འབྲོག་པ་ཚོ་སློབ་མ་ཡིན་དུ་ཆུགས་ཀྱང་། འབྲོག་ལས་དང་འབྲོག་པའི་ངག་རིག འབྲོག་པའི་གོམས་སྲོལ་སྐོར་ནས་ཆོས་པ་རྣམས་དང་སློབ་གྲྭའི་སློབ་གསོ་མྱངས་པ་རྣམས་ནི་འབྲོག་པ་རྣམས་ཀྱི་སློབ་མ་ཡིན།

  དེའི་རྐྱེན་གྱིས་ལས་རིགས་སོ་སོའི་ཁྱད་པར་དེ་ཉིད་ཁྱད་ཆོས་ཤིག་ཏུ་ཤེས་དགོས་ཤིང་། ཤེས་བྱ་ཞེས་པ་ངེས་པར་དུ་ཡིག་ཐོག་ཏུ་ཕབས་པ་ཞིག་ཡིན་མི་དགོས་པ་ཤེས་དགོས། དེ་ཤེས་ནས་ཤེས་བྱའི་རྣམ་པ་ཐ་དད་པ་དག་གི་བར་དུ་བརྩི་མཐོང་བྱེད་རྒྱུ་གལ་ཆེ། ནང་སྒོས་མགོ་འཕང་དམའ་ལ། ཁེངས་སྐྱུང་ཆེ་བའི་དེང་གི་འབྲོག་པ་དང་འབྲོག་པའི་ཤེས་རིག་ལ་བརྩི་མཐོང་བྱས་ཏེ། འབྲོག་པའི་རིག་གནས་དེ་ཡང་ཤེས་བྱ་ཡིན་པའི་ངོས་ཐད་ནས་ཤེས་བྱ་གཞན་དང་འདྲ་མཉམ་གྱི་གོ་གནས་སྟེར་རྒྱུ་གལ་ཆེ། ངོས་ཟིན་དེ་ནི་འབྲོག་པ་རྣམས་ཀྱི་ཡིད་ཆེས་དང་སེམས་ཤུགས་མི་ཉམས་པར་ལྡོག་སྟེ་ཇེ་ཆེར་འགྲོ་རྒྱུ་དང་། རང་གི་སྐྱིད་སྡུག་དང་རང་གི་འདོད་ཚུལ་རང་གིས་བཤད་ཐུབ་རྒྱུའི་སྙིང་ཕུར་ཡིན་ལ། འབྲོག་ལས་དེང་རབས་ཅན་དུ་གཏང་རྒྱུའི་གོམ་ཁ་དང་པོ་དང་། འབྲོག་པའི་སྒོ་ཕྱུགས་འཚོ་སྐྱོང་དང་ལག་ཤེས་ཀྱི་རིག་གནས་མི་ཉམས་རྒྱུ། དེ་བཞིན་སྒྲུང་དང་དམངས་གླུ། སྟོན་བཤད་དང་རྟ་བཤད་ལ་སོགས་པའི་ངག་བརྒྱུད་རིག་གནས་མི་ཉམས་པའི་སྔོན་འགྲོ་དང་པོ་དེ་ཡང་ཡིན། སྐབས་འདིར། མཁས་པའི་ནང་འབྲོག་པའི་ཤེས་རིག་ལ་མཐོང་ཆེན་མི་ཟད་པ་བྱས་མྱོང་མཁན་ཞིག་དྲན་ཏེ། ཁོང་ནི་མཁས་དབང་ནམ་མཁའ་ནོར་བུ་རེད། ཁོང་གིས་མཚར་སྣང་དང་ཤེས་འདོད་ཆེན་པོས་དོ་སྣང་ཞིབ་མོ་བྱས་ཤིང་། མཐར་འབྲོག་པའི་ཤེས་རིག་གི་བསྟན་བཅོས་ལྟ་བུར་གྱུར་བའི《བྱང་འབྲོག་གི་ལམ་ཡིག》ཅེས་པ་གསེར་བས་རིན་ཐང་ཆེ་བ་དེ་བྲིས་པ་རེད། གཅིག་བྱས་ན་བོད་སྤྱི་ཚོགས་ཀྱི་དྲག་གྲས(elite)དག་གི་གྲས་སུ་འདི་ལྟར་མཐོང་ཆེན་བྱས་ཡོད་པ་ནི་ཁོང་གཅིག་པུའོ།།

  ཡང་འབྲོག་པ་དང་འབྲོག་པའི་ཤེས་རིག་ཅེས་གླེང་སྐབས་དེ་ཡག་བསྒྱུར (romanticize) ཐལ་དྲགས་པ་བྱས་ཏེ་ཡ་རབས་དང་། གཞུང་དྲང་དང་། ལྷད་མེད་དང་། ཆེས་མཛེས་པ་དང་། ཆེས་སྐྱིད་པ་དང་། ཆེས་ཞི་བ་ལྟ་བུའི“ཚབ་མིང”དུ་གཞར་ཡང་འགྱུར་མི་རུང་སྟེ། འདི་ལྟར་འབྲོག་པ་དང་འབྲེལ་ཡོད་དག་ཡག་བསྒྱུར་བྱས་དང་བྱེད་ཀྱིན་པའི་སྣང་ཚུལ་ནི་དེང་སང་གཏམ་བཤད་དང་བཅར་འདྲི་རེ་ཟུང་ལས་ཡང་ཡང་མཐོང་ཐུབ་ཀྱི་འདུག འདིའི་གང་དེ་ལ་ཕན་པ་ལས་ལྡོག་སྟེ་གནོད་པ་ཆེ་སྟེ། དེ་ལྟ་བུ་མུ་མཐུད་བྱས་ཚེ། འབྲོག་པ་རྣམས“ཤམ་བྷ་ལའི་བཙོན་མར”(prisoners of Shangrila)3བསྒྱུར་པ་རེད་ལ། གཟུགས་མེད་པའི་བཙོན་ཁང་དེས་མིའི་གསར་གཏོད་དང་ཐོལ་རྒལ། བཅོས་སྒྱུར་སོགས་ལ་བཀག་རྒྱ་ཆེན་པོ་ཐེབས་ངེས་སོ།།

  འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི། འབྲོག་པའི་རིག་གནས་མི་ཉམས་རྒྱུ་ཟེར་བ་དེ། སྔོན་གྱི་ལུགས་ཁོ་ན་བཞིན། སྦྲ་འཕུབ་རྒྱུ་དང་། ཁལ་འགེལ་རྒྱུ། རྟ་གཡག་བཞོན་རྒྱུ་སོགས་ཕྱི་ཚུལ་དེ་དག་མི་ཉམས་རྒྱུ་ཟེར་གྱིན་མེད་དེ། རེ་བ་དེ་འདྲ་བདག་གིས་ཕར་བཙན་འགེལ་བྱེད་མི་སྲིད་ལ། བོད་ཀྱི་འབྲོག་པ་ཚོ་ཡང་མ་འོངས་པར་ཨ་རི་དང་ནེའུ་ཟི་ལན་ཌི་དང་། ཨོ་ཏ་ལི་ཡའི་འབྲོག་པ་ཚོ་ལྟར་རླངས་འཁོར་ཆེན་པོ་བསྐོར། འབྲོག་ར་ཆེན་པོ་གཉེར། “ང་འབྲོག་པ་ཡིན། འབྲོག་ལས་སྐོར་ངས་ཤེས། རྩྭ་ས་དང་འབྲོག་པའི་འབྲེལ་བ་ངས་བཤད”ལྟ་བུ་སོགས་ནུས་ན་མི་ཆོག་པ་ག་ལ་ཡོད་དེ་མེད་དོ།། འོན་ཏེ། དེ་ལྟ་བུ་འབྱུང་དགོས་ན་ཐོག་མར་ངེས་པར་དུ་འབྲོག་པ་དང་འབྲོག་པའི་ལས་རིགས་ལ་བརྩི་མཐོང་བྱེད་དགོས་ཏེ། ལས་རིགས་བར་དུ་མ་མཐའི་འདྲ་མཉམ་གྱི་འདུ་ཤེས་འཛིན་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ནོ།།

ཞབས་མཆན།

  1 རང་གི་སྐྱིད་སྡུག་རང་གིས་བཤད། དཔའ་རྩེ་རྒྱལ། https://mp.weixin.qq.com/s/BIpWppFvn7wBzh032aTbQA

  2 འདི་ནི་ཞིབ་འཇུག་པ་དང་དགེ་རྒན་འགའི་དྲ་ཐོག་གི་རྩོད་གླེང་ཞིག་ལས་བྱུང་།

  3 Donald S. Lopez Jr.,1999,Prisoners of Shangri-La: Tibetan Buddhism and the West,University of Chicago Press.

ལྷན་ཐབས།

  1. Romanticizing the indigenous by Pepijn Jansen

  http://www.thebrokeronline.eu/Blogs/The-Treehuggers-Treadmill/Romanticizing-the-indigenous

  2. Appropriating, Romanticizing and Reimagining: Pagan Engagements with Indigenous Animism by Anna Fisk

  https://link.springer.com/chapter/10.1057/978-1-137-56200-5_2

  རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་རིགས་བར་གྱི་ངོས་ལེན་དང་བརྩི་མཐོང་།

2019-01-23 སྒར་བ་ཚེ་རིང་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།