ཝུ་ཆང་གིས་བསྐྲུན་པའི་དམྱལ་ཁམས།
གནས་འདི་ནི་འཇིག་རྟེན་ཡིན་གྱི་དམྱལ་བ་མིན། །
མིན་ཟེར་ཡང་དམྱལ་བ་འཁྲབ་མཁན་མང༌།
མང་ཡོད་ལུགས་མཐོང་ཐོས་ཇི་བཞིན་བརྗོད། །
བརྗོད་ཚར་རྗེས་དུག་ལ་དོགས་ཟོན་མཛོད། །
ད་ཞིང་གྲོང་ཨ་ཇོ་དོན་གྲུབ་ཁོང༌། །
ཤ་རུས་པ་དུག་གིས་འཚོས་ལེ་རེད། །
དུག་དེ་ཡིས་ཤ་དག་བཟས་པ་འདྲ། །
རུས་དེ་ལ་པགས་པ་མ་གཏོགས་མེད། །
ད་ང་ཡིས་གཏམ་གྱི་འབྱུང་ལུགས་བརྗོད། །
ཕ་དོན་གྲུབ་ཟེར་བའི་མི་དེ་ནི། །
ཡུལ་གཙང་སྟོད་ཞིག་གི་གྲོང་མི་ལགས། །
སྐྱུར་དེ་ནི་དབུ་རྩེའི་ཉི་མར་འཛིན། །
ཁོ་ཐོག་མར་ཕོ་ལོ་ཉི་ཤུ་ལ༌། །
ཡུལ་དེ་ཡི་བུ་མོ་བུ་ཁྲིད་དང༌། །
ཚེ་གཅིག་གི་རྟེན་ཡ་བྱེད་རྒྱུ་བྱས། །
ཁོང་གཉིས་པོའི་ཁྱིམ་་གཞིས་དེ་ལྟར་ཆགས། །
སྐབས་དེ་དུས་གྲོང་ཚོའི་ཕོ་མོ་ཀུན། །
ཁོང་གཉིས་པོ་ལྟར་བཞིན་འཚོ་བར་འདོད། །
མི་ཀུན་གྱིས་བསྟོད་པའི་བཟའ་ཚོ་རེད། །
གྲོང་ཡུལ་སྟོད་ཡུལ་སྨད་ཀུན་ལ་ཁྱབ། །
ཉིན་གཅིག་གི་ཆོ་འཕྲུལ་ཇི་བཞིན་དུ། །
ཕ་ཕུན་ཚོགས་དགུང་ལོ་ལྔ་བཅུར་སོན། །
བུ་བུ་མོ་བཞི་ཡི་པ་ཕ་ཆགས། །
ད་དེ་ཚོ་རྫུན་མིན་དུས་ལ་དྲིས། །
བུ་བུ་མོ་སྐྱེས་པའི་རྟགས་བཟང་ཡང༌། །
ཡུལ་དེ་རུ་ལྦུ་ཆང་དེ་ཡང་སྐྱེས། །
མི་མང་པོས་ལྦུ་དམ་སྐེ་ཕྲ་དེར། །
མིག་གཅེར་ཞིང་ཡ་མཚན་ཆེ་མདོགབྱེད། །
ཕ་ཕུན་ཚོགས་དེ་ཡང་ལྦུ་ཆང་ལ། །
མིག་ལྡིར་ལྡིར་བལྟ་བཞིན་ཅི་ཡིན་སྙམ། །
ཁ་ཕྱེ་ནས་ཞབས་ཏག་རྒྱག་དུས་སུ། །
ནས་ཆང་ལས་ལྡབ་ཀྱིས་ཞིམ་འདུག་སྙམ།
ད་ལྟོས་དང་གྲོང་ཚོ་ཆུང་ཆུང་འདི། །
བཙན་ལྷའམ་གཞི་བདག་འཁྲུག་པ་འདྲ། །
ཕ་ཕུན་ཚོགས་འདྲ་བའི་རྒན་པོ་ཡང༌། །
རང་ལོ་ལས་ཆུང་བའི་ཞབས་བྲོར་རོལ། །
གནས་ཕ་གི་ཁང་ཆུང་གྲུ་བཞི་ན། །
མ་བུ་ཁྲིད་ཕྲུ་གུའི་གཡོག་ལས་དང༌། །
ཐལ་འཚུབ་བེར་བལ་དང་འཐབ་དུས་སུ། །
ཕ་ཕུན་ཚོགས་ད་དུང་མིག་ལམ་མེད། །
ད་གཞུང་ནས་སྤྲད་པའི་རོགས་དངུལ་ཡང༌། །
ཕ་ཕུན་ཚོགས་ལྦུ་ཆང་ནང་དུ་འཐིམ། །
ཁ་སྐྱོ་བའི་ཕྲུ་གུ་དེ་ཚོར་ལྟོས། །
སེམས་བབས་པའི་ལྷམ་ཡང་ཁག་པོ་རེད། །
མ་བུ་ཁྲིད་ད་དུང་བཟོད་བསྲན་གྱིས། །
སྣབས་ལུག་པའི་ཕྲུ་གུ་དེ་དག་ལ། །
སེམས་དགའ་བའི་སྣམ་གོས་ཆ་ཚང་བཟོས།
ལུས་དྲོ་བའི་སྣང་བ་མོ་ཡི་དྲིན། །
དུས་དེ་ལྟར་འདས་པའི་མཚན་མོ་ཞིག །
ཕ་དོན་གྲུབ་སྔར་བཞིན་མཐོང་སར་མེད། །
མ་བུ་ཁྲིད་ཁོ་ནས་གཡོས་སྦྱོར་བྱས། །
རུས་ཤ་མེད་བརྡུངས་ནས་ཐུག་པ་བསྐོལ། །
ད་ཕྲུ་གུ་བཞི་པོ་དེ་དག་ནི།
ཉིན་ལྔ་ཙམ་མུ་གེས་བཀྲེས་པ་བཞིན། །
ཐུག་སླ་མོ་ཧབ་ཐོབ་ལང་ལོང་གིས། །
རུས་ལའང་སྣང་བ་ག་ལ་གཏོང༌། །
མ་བུ་ཁྲིད་ཇ་ཐང་སྐོལ་བའི་དུས། །
བུ་ཆུང་ཤོས་སྣང་གྲགས་འཕག་འཚག་གིས། །
གདན་སྟེང་དུ་འགྲེ་ལྡོག་རྒྱག་པ་མཐོང༌། །
བུ་ཁོ་རང་གྲོད་པ་རྒྱགས་འདུག་སྙམ། །
དུས་སྐར་མ་ལྔ་ཙམ་འདས་པའི་རྗེས། །
བུ་སྣང་གྲགས་གཤོག་ཆག་བྱེའུ་བཞིན། །
དབུགས་འབྱིན་རྔུབ་དཀའ་བའི་རྣམ་པ་དེས།
མ་བུ་ཁྲིད་འཇིགས་ཏེ་ཧད་བརྡར་ཤོར། །
ད་ཅི་ཡིས་ལན་ནམ་བལྟ་བའི་དུས། །
རུས་དཀར་མོས་མིད་པ་བཀག་ནས་གདའ། །
བུ་ཆུང་ཆུང་མིད་པར་ཟུག་ནས་འདུག །
ཨ་ཙི་ཙི་ཅི་དྲག་སྙམ་པ་བྱུང༌། །
མ་བུ་ཁྲིད་དམྱལ་བར་སླེབས་པ་བཞིན། །
རང་སྙིང་ནས་བརྩེ་བའི་བུ་ཆུང་གི །
མིང་ལན་བརྒྱར་འབོད་ཀྱང་ཨ་ལན་ཉུང༌། །
ཕ་ཕུན་ཚོགས་འཚལ་བར་ཕྱི་རུ་ཐོན། །
མ་བུ་ཁྲིད་ཚོང་ཁང་འབྱོར་དུས་སུ། །
སྐྱི་གཡའ་བའི་རྣམ་པ་འདི་འདྲ་མཐོང༌། །
ཤང་ཚོང་ཁང་ཐམས་ཅད་ལྦུ་ཆང་དྲི། །
ད་འཐུང་མཁན་དེ་ཚོ་གཅན་གཟན་བཞིན། །
མིག་མི་གཡོལ་ཕུན་ཚོགས་འཚལ་བའི་དུས། །
ཕ་ཕུན་ཚོགས་ཚོང་ཁང་ཟུར་ཞིག་ན། །
ས་ལྷ་སའི་འཆལ་མོ་སྒྲོན་མ་དང༌། །
ཁ་མི་ཐུག་རྣ་ནི་ཐུག་པ་འདྲ། །
ད་ལྷ་སའི་འཆལ་མོ་སྒྲོན་མ་དེ། །
ངེད་གྲོང་ཚོར་རླུང་ལྟར་གྲགས་ལེ་རེད།
མོ་དེ་སྔོན་ང་ཚོའི་གྲོང་གསར་གྱི། །
ཕ་དམ་པ་རྡོ་རྗེའི་བུ་མོ་རེད། །
ཕ་རྡོ་རྗེ་གསེར་འདྲ་གྲོང་མིས་བསྟོད། །
ད་ཁོ་རང་གཤེགས་ནས་སྒྲོན་མ་མོ། །
གནས་ལྷ་སར་རྒྱུག་ཁྱི་བཞིན་དུ་ཐོན། །
ལོ་གསུམ་ཙམ་ལྷ་སར་བསྡད་ཡོད་སྐད། །
ངེད་གྲོང་ཚོ་འདི་ཡི་ཕོ་གཞོན་ཞིག། །
གནས་ལྷ་སར་ཨར་པོར་འགྲོ་བའི་དུས། །
མོ་སྒྲོན་མ་གཞང་ཁང་ཞིག་གི་ནང༌། །
ལུས་བཙོངས་ནས་འཚོ་ཐབས་བྱེད་པ་མཐོང༌། །
གཏམ་བཟང་པོ་མི་ཁྱབ་གཏམ་ངན་དེ། །
འབྲུག་ལྡིར་བ་ཇི་བཞིན་གྲོང་ཚོར་ཁྱབ། །
ཕ་དམ་པ་གསེར་འདྲའི་བུ་མོ་ལ། །
འདྲེ་བཞུགས་ནས་ལུས་པོ་བཙོངས་གྱིས་ཟེར། །
གནས་འདིར་བཞུགས་ཁོ་མོའི་སྤུན་མཆེད་རྣམས། །
གཏམ་དེ་དག་ཐོས་རྗེས་ངོ་ཡང་ཚ། །
དུས་དེ་ནས་བུ་མོ་སྒྲོན་མ་མོ། །
སླར་གྲོང་ཚོར་དེ་འདྲ་འབྱོར་བ་འདྲ། །
ད་གཏམ་གྱི་སྙིགས་རོ་འདི་ནས་འཇོག །
མ་བུ་ཁྲིད་ཚུལ་དེ་མཐོང་བའི་རྗེས། །
སེམས་སྐྱོ་པོས་ཕུན་ཚོགས་མདུན་དུ་ཕྱིན། །
བུ་སྣང་གྲགས་རུས་པས་འགག་འདུག་ཟེར། །
ར་བཟི་བའི་མི་ལ་ཆ་འཇོག་ཅི། །
ཕ་ཕུན་ཚོགས་བུ་ཁྲིད་མཐོང་བའི་རྗེས། །
རང་བུ་ཕྲུག་སྲོག་ལ་སྣང་མེད་ཀྱིས། །
མགོ་སྒུར་བཞིན་ཆོ་མེད་ལབ་ཀྱིན་གདའ། །
མ་བུ་ཁྲིད་གདུང་བས་རབ་མནར་ཏེ། །
ཕ་ཕུན་ཚོགས་མགོ་བོ་དཀྲུགས་དཀྲུགས་ཀྱིས། །
བུ་སྣང་གྲགས་རུས་པས་འགག་འདུག་ཟེར། །
ཕ་ཕུན་ཚོགས་ཁྲོ་ལངས་ཤེལ་དམ་བརྡབས། །
མ་བུ་ཁྲིད་ཡི་ཐང་ཆད་པ་ཡིས། །
ད་མགྱོགས་ཙམ་རླངས་འཁོར་འཚལ་ཐབས་ཀྱིས། །
བུ་སྣང་གྲགས་རྫོང་དུ་ཁྲིད་དགོས་སྙམ། །
རྫོང་སྨན་ཁང་ནང་དུ་སྐྱོབ་རེ་བྱེད། །
ད་རླངས་འཁོར་ཡོད་པ་ཁོ་ཙམ་རེད། །
ཅོག་དོན་གྲུབ་འཚལ་ན་རླངས་འཁོར་ཡོད། །
མ་བུ་ཁྲིད་བྱ་ལྟར་འཕུར་བ་ཡིས། །
ཅོག་དོན་གྲུབ་ཁྱིམ་གྱི་སྒོ་རྩར་འབྱོར། །
ཅོག་དོན་གྲུབ་ཚང་གི་ཕ་བློ་བཟང༌། །
སྒོའི་ཕྱི་ན་ཡོད་པས་གནས་ཚུལ་ཤེས། །
ཕ་བློ་བཟང་བྲང་ཁོག་བརྡུངས་གིན་དུ། །
བུ་ཡ་མེད་ཆང་གིས་བཟི་འདུག་ཟེར། །
མ་བུ་ཁྲིད་རེ་ཐག་ཡོངས་ཆད་དེ། །
སླར་གོམ་པའི་འདེགས་འཇོག་ཁྱིམ་དུ་བསྒྱུར། །
ད་ཁྱིམ་དུ་འབྱོར་ནས་བལྟ་བའི་དུས། །
སྐྱི་གཡའ་བའི་གནས་ཚུལ་ཀྱེ་མ་ཧུད། །
བུ་སྣང་གྲགས་ལུས་ཡོངས་ཁྲག་གིས་འཚོས། །
གཞན་ཟུར་ན་འཇིགས་དངངས་ཆེན་པོ་ཡིས། །
ངུ་བཞིན་པའི་བུ་ཕྲུག་གཞན་རྣམས་ནི། །
མིག་མཆི་མས་བཀངས་ཏེ་གཅུང་པོར་བལྟ། །
བུ་སྣང་གྲགས་དེ་ལྟར་ཕ་མཐར་སོང༌། །
འགྲོ་རན་པའི་དུས་ནི་ག་ལ་སླེབས། །
ད་དེ་ཚོའི་འགན་ཁག་དཀྲི་ས་ནི། །
མ་བུ་ཁྲིད་མ་ཡིན་གཏེ་པོ་ཁོ། །
ཕ་ཕུན་ཚོགས་ངོ་མ་མི་མི་འདྲ། །
དུས་དགག་རྩར་སླེབས་ཀྱང་དེ་འདྲ་རེད། །
ར་དྭངས་དུས་རང་ཕྲུག་བརླགས་པ་ཚོར། །
སེམས་སྐྱོ་བའི་མྱ་ངན་ཉིན་གསུམ་རེད། །
ཉིན་གསུམ་གྱི་རྗེས་ནས་སྔར་བཞིན་རོལ། །
རོལ་བཞིན་པ་དུག་གི་རྒྱ་མཚོ་རེད། །
རེད་བསམས་པའི་འབྲས་བུ་གང་ཞིག་ཡོད། །
ཡོད་ངོ་མ་མཐའ་མཇུག་ལས་འབྲས་རེད། །
ད་དེ་ལྟར་ཡ་མེད་ཕུན་ཚོགས་ཁོ། །
ལོ་དྲུག་ཅུར་སོན་ཡང་དེ་འདྲ་རེད། །
ད་ལྦུ་དམ་མེད་ན་ས་མི་འཆགས། །
ད་ལྦུ་དམ་མཐོང་ན་ཁ་ཡང་འཚེར། །
ཕ་ཕུན་ཚོགས་ཁ་ནས་མ་ཎི་མེད། །
ཕ་ཕུན་ཚོགས་ཁ་ནས་ཆང་འདྲེན་རེད། །
ཕ་ཕུན་ཚོགས་ཟེར་བའི་རྦ་རིལ་དེ། །
ལས་རྒྱུ་འབྲས་སྔས་ལ་རྒྱབ་ནས་གདའ། །
ཕ་ཁོ་རང་དགུང་ལོ་རེ་ལྔ་ལ། །
འཆི་སྙམ་པའི་བསམ་པ་མེད་ན་ཡང༌། །
དུག་ཆང་གིས་ཚེ་ཚད་ཉུང་དུ་བཏང༌། །
ད་ན་སྟངས་ན་ལུགས་རགས་ཙམ་བརྗོད། །
དུས་དེ་ཉིན་ཁ་བ་ལྷབ་ལྷུབ་བབས། །
ས་དེ་ལ་སྐྱོ་ཤས་རྣམ་པ་བསྟན། །
མི་ཀུན་གྱིས་ཆིག་ལབ་དེ་འདྲ་བརྗོད། །
ཕ་ཕུན་ཚོགས་ཉལ་སར་ལུས་འདུག་ཟེར། །
ད་ངོ་མ་དེ་འདྲ་ཡིན་པ་འདྲ། །
ཕ་ཕུན་ཚོགས་ན་ནས་ཉིན་ལྔ་འདས། །
རྫོང་མི་དམངས་སྨན་ཁང་བསྟེན་པ་ཡིས། །
ནད་དེ་ནི་བཅོས་ཐབས་བྲལ་ལོ་ཟེར། །
ད་དུག་གིས་མཆིན་པ་རྩ་མེད་བཏང༌། །
རྒྱུན་རིང་ཡང་ལོ་ངོ་ལྔ་ཙམ་རེད། །
གཏམ་དེ་ནི་སྨན་པས་བརྗོད་ན་ཡང༌། །
ཕ་ཕུན་ཚོགས་ཁ་དེ་སྐྱག་ལངས་ཁ། །
མ་བུ་ཁྲིད་མེད་དུས་རྟག་ཏུ་འཐུང༌། །
འཐུང་ངོ་མ་སྔར་གྱི་དུག་ཆུ་འཐུང། །
འཐུང་དྲགས་པས་ཚེ་ཚད་དེ་བས་ཐུང༌། །
ཕ་ཕུན་ཚོགས་འགྲོ་དུས་སླེབས་པ་འདྲ། །
མ་བུ་ཁྲིད་དེ་རིང་སླར་ཡང་ཐོན། །
ཞིང་ནང་དུ་ཞིང་ཆུ་འདྲེན་ལ་ཐོན། །
ལྟོ་གོས་ཀྱི་ཆེད་དུ་ལས་ལ་ཐོན། །
ཆེད་མ་མཐར་བུ་ཕྲུག་དོན་དུ་ཐོན། །
ཕ་ཕུན་ཚོགས་ཁོ་རང་གཅིག་པུ་ནི། །
རྡོ་ཕོག་པའི་བྱེའུ་བཞིན་མལ་ནང་ལུས། །
རང་ཕྲུ་གུས་ཇ་ཡང་ག་ལ་འདྲེན། །
ངེད་གཅུང་པོ་བསད་པའི་རྣམ་སྨིན་ཟེར། །
ད་དེ་ལས་ཆེ་བའི་རྣམ་སྨིན་ཞིག །
རང་ལུས་སྟེང་བབས་པ་གཞི་ནས་ཚོར། །
ཕ་ཕུན་ཚོགས་ཟུག་རྔུ་དྲག་པོ་ཡིས། །
ཨ་ར་ར་སྒྲ་ཡིས་གྲོང་ཚོ་ཁྱབ། །
ཕ་ཕུན་ཚོགས་གཞི་ནས་དུག་ཆུ་ལོད། །
ད་དུག་ཆུས་བསད་པ་འདུག་གོ་ཞེས། །
བུ་སྣང་གྲགས་རུས་པས་འགག་པ་བཞིན། །
སྡོད་མ་ཚུགས་གན་རྐྱལ་ལན་མང་བྱེད། །
ཨ་ར་ར་ཨ་ཙི་དུག་ཆུ་ཀྱེ །
ད་ང་ཡི་མཆིན་པ་བསྣམས་རོགས་གནང། །
སྡུག་དེ་འདྲ་མ་སྟེར་དུག་ཆ་ཨ།
ཕ་ཕུན་ཚོགས་སྡུག་བསྔལ་དྲྭ་རུ་ཚུད། །
མ་བུ་ཁྲིད་ཞིང་ཆུ་འདྲེན་པའི་རྗེས། །
ད་གོམ་པའི་ཁ་ཕྱོགས་ཁྱིམ་དུ་བསྒྱུར། །
ཁྱིམ་སྒོ་མོ་ཕྱེས་ནས་བལྟ་བའི་དུས། །
སྐྱི་གཡའ་བའི་གནས་ཚུལ་དེ་འདྲ་མཐོང༌། །
ཕ་ཕུན་ཚོགས་མཆིན་པའི་ན་ཚ་ཡིས། །
ཁྲག་དུང་བན་གང་ཙམ་བསྐྱུགས་ནས་ནི། །
བུ་སྣང་གྲགས་ཇི་བཞིན་འཆི་ནས་གདའ། །
ད་འཆི་སྟངས་དེ་འདྲའི་འདྲ་ཨང་སྙམ། །
མ་བུ་ཁྲིད་ངུ་ངག་བྱེད་བཞིན་དུ། །
བུ་སྣང་གྲགས་འདས་དུས་རང་ཉིད་ཀྱིས། །
མ་མྱང་ཚ་དཀར་རྒྱན་ཇི་བཞིན་དུ། །
སྡུག་མྱངས་པའི་མྱངས་ལུགས་ཐམས་ཅད་དྲན། །
མ་བུ་ཁྲིད་ད་དུང་ངུ་གིན་དུ། །
ཤ་ཚ་བའི་གཏམ་འདི་ཚང་མར་གསུངས། །
ངེད་ཁྱིམ་གྱི་ཆག་སྒོ་དེ་དག་ཨ། །
དགྲ་གཏེ་པོ་ལྦུ་ཆང་དེ་ཡིས་བཟོས། །
ད་ད་དུང་གསུངས་རྒྱུ་ཡོད་དོ་ཉོན། །
ཕ་ཕུན་ཚོགས་ལོག་རྟ་དུ་མ་ཡིས། །
ལས་རྒྱུ་འབྲས་རང་ཐོག་འཁེལ་བ་ཡིས། །
ཕ་ཁོ་རང་གཡང་ལ་བསྐྱུར་སོང་ངོ། །
བུ་སྣང་གྲགས་དེ་ཡང་སྙིང་རེ་རྗེ། །
རུས་ངར་མོ་ཞིག་གིས་སྲོག་རྩ་བཅད། །
བུ་དེ་ཡིས་སྨོན་ལམ་བཏབ་པ་བཞིན། །
ཕ་ཕུན་ཚོགས་ལུས་ཐོག་བབས་སོང་ངོ༌། །
རྩོམ་ཁུངས། ངེད་དྲ་བ།