སྒྱུ་མའི་འཇིག་རྟེན།
ནོར་ལ་རྔམ་པའི་གཡོ་ཅན་སྤྲུལ་རྫུན་འགས།།
འབྱོར་ལྡན་ཙི་ནའི་གྲོང་གི་སྡུག་ཅན་ལ།།
ཆོས་མིན་ལོག་བཤད་གཏམ་གྱི་ར་བ་རུ།།
ཕྱག་རྒྱ་བཞི་ལྡན་དབང་ཡང་ཁྲོམ་དུ་བཤམས།།
འཁྱོགས་པའི་གཏམ་ལ་སྤྲོ་བའི་འཇིག་རྟེན་འདིར།།
དཔོན་པོ་ཕལ་ཆེར་གཡོ་སྒྱུའི་གར་སྟེགས་སུ།།
ཕྱི་མཛེས་ཟློས་གར་འཁྲབ་མཁས་བུ་མོ་ལ།།
གཡོ་ཆང་མངར་མོ་བླུད་དེ་མགོ་བོ་དཀྲུགས།།
བདེ་སྐྱིད་དངུལ་ལས་འབྱུང་འདོད་བུ་མོ་དང་།།
གཞན་སྐལ་ལོངས་སུ་སྤྱོད་པའི་དཔོན་པོ་གཉིས།།
གཅིག་གིས་གཅིག་ལ་བདེན་ཁ་སྦྱིན་ཞོར་དུ།།
ཆགས་པའི་རྨི་ལམ་ཀློངས་ན་བདེ་བ་མྱངས།།
ཐོབ་དང་དངུལ་ལ་མོས་པའི་སྐྱེས་བུ་འགས།།
མཛེས་མ་ཆུང་མོའི་ལང་ཚོས་མགྲོན་བྱས་ཏེ།།
ཐོབ་དང་གོ་གནས་ཉོ་བའི་སྲོལ་ངན་འདི།།
གངས་རིའི་ལྗོངས་ན་ས་རྡོ་བཞིན་དུ་ཁྱབ།།
དྲི་མ་མེད་པའི་རྩོམ་རིག་མཁའ་དབྱིངས་ཀྱི།།
སྦྲང་ཆར་བསིལ་མ་མཛེས་མའི་གདོང་ལ་འཐོར།།
སྙན་ངག་གསར་མའི་གངས་རྒྱན་མེ་ཏོག་ཡང་།།
དོན་མེད་ཚིག་གི་བུ་ལ་མནའ་མ་སྦྱིན།།
རྩོམ་གྱི་སྒྱུ་རྩལ་དར་བའི་གངས་རིའི་ལྗོངས།།
ཟླ་བའི་འོད་ཟེར་ཤར་བའི་རྒྱུ་སྐར་དང་།།
སྦྲང་ཆར་ལ་སོགས་སེམས་ཀྱི་རི་མོ་རྣམས།།
ཕྱོགས་སུ་མ་ཆད་ཡོངས་སུ་ཁྱབ་པར་སྨོན།།
ནམ་མཁས ༢༨/༥/༢༠༡༢ལ་ཡོ་རུབ་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།