གསེར་ཕོར་འཛིན་པའི་སྤྲང་བོ།
ན་བུན་རུམ་ལ་འཐིབས་པའི་ལོ་ཞིག་ལ།།
དར་ལྕོག་ཟད་པོའི་རྨི་ལམ་རླུང་གིས་ཁུར།།
ཚ་གྲང་ངོ་བོ་འདྲེས་པའི་དུས་ཚིགས་དེར།།
སྲིན་འབུའི་འཁོར་ཚོགས་བློ་སྙིང་སྟོན་ལ་རོལ།།
སྔོ་ལྗང་གཡུ་ལོའི་ཁུག་གི་སྦྲ་འདབས་ནས།།
རྒྱུ་འབྲས་རྒྱ་མར་འཇལ་བའི་མི་ཕོ་དེས།།
རང་ཉིད་རང་གིས་ཧྲོམ་ཧྲོམ་འཆའ་བཞིན་དུ།།
མུ་ཏིག་ཕྲ་ཚོམ་སྤང་ལ་བཏབ་སྟེ་སོང་།
གཡས་ཀྱི་སྡེར་ལ་ཤ་མར་ཐུད་གསུམ་བབས།།
གཡོན་གྱི་སྣོད་ལ་ཇ་ཆང་མཚོ་མོ་འཁྱིལ།།
སྒམ་ཚུགས་ཤར་སེ་འཛིན་པའི་ལོང་བ་དེས།།
ཁ་ངོ་ནུབ་ལ་འཁོར་ནས་ལྟོགས་སྡིགས་བྱས།།
གློ་བུར་གནམ་ས་འདྲེས་པའི་མཚམས་ཤིག་ནས།།
ལུས་ལ་ཀོ་ཁྲབ་གྱོན་པའི་མགྲོན་པོའི་ཁྱུ།།
མཁའ་ལ་གློག་བཞིན་འཁྱུག་ཏེ་རྡོ་བཞིན་ལྷུང་།།
ས་ལ་རྒོད་བཞིན་བབས་སྟེ་རོ་བཞིན་བཏོགས།།
ཕྱི་ལ་ལྡེམ་ལྡེམ་འགྲོ་བའི་ངང་ཚུལ་ནི།།
ཕོ་རོག་རྒྱགས་པས་ཨ་རག་བཞེས་པ་འདྲ།།
སྤྱིར་ན་མགྲོན་ངོ་ལོན་པའི་དཔེ་མེད་ཀྱང་།།
དེ་རིང་གདོང་གི་འཛུམ་མདངས་གཟུགས་སུ་བབས།།
འགྲམ་ཆུ་སྙིང་ལ་བབས་པའི་སྤྲང་པོ་ཁོང་།།
གངས་རིའི་མུ་ཁྱུད་ཙམ་པོ་སྐེར་ཁུར་ནས།།
བུ་དང་ཚ་བོ་དག་གི་འཁོར་བ་ལ།།
གསེར་གྱི་ཕོར་བ་བཟུང་ནས་སྤྲང་ལ་ཆས།།
ད་ནངས་ཁོ་རང་ལམ་གྱི་བཞི་མདོར་ཐོན།།
དབྱུག་པའི་སྣེ་མོ་ས་ལ་འཁེན་ཏེ་ཧད།།
པྲ་ཚགས་བྱིས་པས་ཁ་ཡག་བཤད་བཞིན་དུ།།
ཁང་བརྩེགས་མཐོན་པོའི་ནང་ལ་མགྲོན་ལ་ཁྲིད།།
༢༠༡༢ལོའི་ཟླ་༥བའི༢༩ལ།
རྩོམ་ཁུངས། ངེད་དྲ་བ།