སྔ་དེང་གི་གཉལ་ཡུལ་ལས་འཕྲོས་པའི་གཏམ།
___ཁམས་པ་གཉིས་ཀྱི་དམར་འཛིང་ལས་གཉལ་ལྷུན་རྩེར་མཚམས་སྤྲིན་འཁོར་བ་རིག་རྗེས།
བོད་གངས་ཅན་ས་ཡི་ཐིག་ལེ་ན། །
ཡུལ་སྐྱིད་པོ་གཉལ་གྱི་ལུང་པ་ཆགས། །
གནས་ཆགས་ལུགས་དེ་འདྲའི་མཚར་བ་སྟེ། །
གཉལ་སྡེ་དྲུག་དགོན་པས་མཐའ་བཞི་རྒྱན། །
ས་འདི་རུ་མེས་པོའི་གནའ་མཁར་ཡོད། །
གནས་ཙ་རི་བོད་པའི་འདྲེན་བྱེད་འདྲ། །
གཉལ་ཐོན་མི་དགུང་གི་ཉི་མ་འདྲ།
གཉལ་དྭགས་པོ་ལྷ་རྗེ་ཟླ་བའི་སྲས། །
སྔོན་ནང་ཁོངས་གཅིག་པའི་མི་རིགས་ཀྱང༌། །
ས་འདི་ན་ཕུ་ནུ་མིང་སྲིང་བཞིན། །
ནང་འཚེ་བ་མེད་ལ་དཔུང་པ་མཐུན། །
གསེར་གཏིང་འདྲའི་གཉལ་ཡུལ་དེ་འདྲ་ལགས། །
༢
དུས་དེང་སང་དངུལ་དང་རྒྱུ་ཡི་ཆེད། །
ཡུལ་གཉལ་དེ་རྡུལ་རླུང་འཚུབ་འཚུབ་རེད། །
ནང་ཕུ་ནུ་གཏན་དགྲ་ཆགས་ཆགས་རེད། །
སྟག་ངར་མ་ཇི་བཞིན་མཆོངས་མཆོངས་རེད། །
དྲིན་མེས་པོའི་དུས་ཀྱི་སེམས་པ་ཤི། །
དུས་ད་ལྟ་རྒྱུ་དངུལ་རོ་ལངས་གིས། །
གནས་ངེས་མེད་བཙན་བཟུང་བྱེད་དུས་སུ། །
ང་གཉལ་ཕྲུག་དབུགས་རིང་མཚམས་མི་ཆད། །
༣
ད་རྙོག་གཏམ་མི་བརྗོད་དཔེ་མཚོན་དུ། །
གཉལ་ལྷུན་རྩེར་དོངས་སུ་རིག་པ་ཡིས། །
ཁམས་ཨ་རོག་གཉིས་ཀྱི་དམར་འཛིང་དེ། །
ལུག་ནང་ཁྲོལ་བཤམས་པ་ཇི་བཞིན་བརྗོད། །
ཡུལ་གཉལ་ལ་བརྩེ་བའི་ཁམས་པ་ཁོང༌། །
ལོ་ཉི་ཤུའི་གོང་ནས་གནས་འདིར་འབྱོར། །
ཁོང་མཚན་ལ་ཁམས་པ་ཨ་ཕྲུག་འབོད། །
ཡུལ་གཉལ་དེ་ཕ་ཡུལ་གཉིས་པར་འཛིན། །
ད་ཐོག་མར་ཁོ་རང་གཉལ་ཡུལ་དུ། །
ཚོང་ཉུང་ཙམ་བཀྲམས་ནས་འཚོ་ཐབས་བྱས། །
གནས་ཁང་ཆུང་ཞིག་གི་ནང་ན་བཞུགས། །
བབས་ཆགས་པ་ང་ཡི་ཕ་དང་འདྲ། །
དུས་དེ་ལྟར་ལོ་མང་འདས་པ་ཡིས། །
ཁོང་ཚོང་པ་ཆེན་པོ་ཞིག་ཏུ་འགྱུར། །
སྒོར་ཁྲི་མ་འབུམ་གྱི་ཚོང་བདག་རེད། །
ཡུལ་གཉལ་གཞུང་ཁྱོན་ལ་ལྡིར་ལྡིར་གྲགས། །
སྐེ་གཟི་བྱུར་རྒྱན་གྱིས་ཡོངས་སུ་མནན། །
སེམས་རྟེན་སའི་ཆུང་མ་གཉལ་ནས་བླངས། །
ད་དེ་ལྟར་རང་ཁ་རང་གསོ་ཡིས། །
སྐྱིད་འཚོ་བ་ལོངས་སུ་སྤྱོད་བཞིན་གདའ། །
སྐྱིད་འཚོ་བ་སྐྱེལ་འགོ་ཚུགས་སྒང་ལ། །
ཡང་ཁམས་ནས་འབྱོར་བའི་་ཁམས་པ་ཞིག །(ཁམས་པ་གཞན་ཞིག)
ཡུལ་གཉལ་གཞུང་ཁུལ་དུ་རླུང་བཞིན་འཁོར། །
ཁམས་ཨ་ཕྲུག་རྒྱན་ཆར་ཡུན་རིང་ལྡིར། །
སྐྱི་གཡའ་བའི་གནས་ཚུལ་འདི་འདྲ་བྱུང༌། །
རྡུལ་ནག་པོས་གཉལ་ཡུལ་བཀབ་པའི་ཉིན། །
ཁམས་རང་རྟགས་མ་ཡལ་ཁམས་པ་དེས། །
ཞི་དུལ་བའི་ཁམས་པ་ཨ་ཕྲུག་བཙལ། །
ས་ཁུག་ཀྱོག་ཞིག་ཏུ་ཁྲིད་ནས་ནི། །
ད་ངེད་གཉིས་གྲོས་ཞིག་བྱེད་དོ་ཟེར། །
ཡ་ཨ་རོག་ཁམས་པ་གཅིག་འདྲ་རེད། །
རྒྱན་དེ་དག་ངེས་པར་འཚོང་དགོས་ཟེར། །
ཁམས་ཨ་ཕྲུག་སྐེ་ལ་སྦར་ཉུལ་གྱིས། །
ད་འདི་དག་མི་འཚོང་ང་ཡི་བླ། །
སླད་རང་ཕྲུག་འཚོ་བའི་རྟེན་འདི་ཡིན། །
ཆེས་སྡུག་དུས་ལྟོ་གོས་འདི་ཡིན་ནོ། །
ད་མི་ཉན་རྒྱུ་རྔམས་ཁམས་པ་དེས། །
གྲི་རིང་པོ་ཤུབས་ལས་ཧོབ་ཀྱིས་བཏོན། །
གནས་ངེས་མེད་ཨ་ཕྲུག་ལུས་ལ་བཙུགས། །
ཁྲག་དག་གིས་གཉལ་གཞུང་མཚམས་སྤྲིན་འཁོར། །
ང་གཉལ་ཕྲུག་གནས་དེར་འབྱོར་སྐབས་སུ། །
ཁམས་ཨ་ཕྲུག་ལུས་ཡོངས་ཁྲག་གིས་འཚོས། །
ས་དེ་རུ་རྟ་རྒན་ཤི་རོ་བཞིན། །
དམར་འཛར་འཛར་གནས་པ་ཀྱེ་མ་ཧུད།
རྒྱན་ཚང་མ་ཨ་རོག་དེ་ཡིས་འཕྲོག །
གནས་དེ་རུ་ཁོ་ཡི་མཐེ་བོང་ཞིག །
ཁམས་ཨ་ཕྲུག་གཏའ་མར་བཞག་ལྟར་སྣང༌། །
རྒྱན་དེ་ཡི་ཆེད་དུ་ཨ་ཕྲུག་ཕུང༌། །
དོན་ངོ་མར་བོད་པ་གཅིག་འདྲ་རེད། །
ཕ་སྤྲེལ་རྒན་བྱང་སེམས་ཅན་གྱི་རྒྱུད། །
རང་སྤུན་མཆེད་ལྟ་བུའི་ཕུ་ནུ་ལ། །
རྒྱན་ཆེད་དུ་བཅོམས་པའི་དོན་གོ་ཅི། །
དུས་དེང་སང་གཉལ་མི་འདི་འདྲ་རེད། །
ནང་ཕུ་ནུའི་བརྩེ་འདང་བརྗེད་བརྗེད་རེད། །
རང་མེས་པོའི་སྲོལ་བཟང་དོར་དོར་རེད། །
སྐད་ར་མ་ལུག་སྐད་རྒྱབ་རྒྱབ་རེད། །
སྔ་དེང་གི་གཉལ་ཡུལ་བསྡུར་དུས་སུ། །
ཨ་ཁ་ཁ་ཟེར་བའི་ཚིག་དག་ལས། །
ས་གནམ་གྱི་ཁྱད་པར་ཁོ་ན་མཐོང༌། །
ད་སྟོང་གཏམ་མི་བརྗོད་གཉལ་མི་བསོམས། །
རྩོམ་ཁུངས། ངེད་དྲ་བ།