སྲོལ་བཟང་བརྗོད་གཞིར་གླེང་བ་ཀ་ཕྲེང་མེ་ཏོག་ཆུན་པོ།
ཀ་ཁ་སློབ་གནས་བདག་གི་ཕ་ཡུལ་ནི་གཉལ་གཞུང༌། །
ཁ་ཙམ་མ་ཡིན་ཐོན་མིའི་ཞབས་རྗེས་ཀྱང་ཝ་ལེར། །
ག་ནས་བལྟས་ཀྱང་ཐོན་མིའི་ཤུལ་འཛིན་པ་ང་ཚོས། །
ང་དང་ང་ཞེས་མ་རྩོད་རིག་གཞུང་ལ་རྩོད་དང༌། །
ཅ་ཅོའི་སྐད་ངན་མ་འབྱིན་སྲོལ་བཟང་གི་བོད་མི། །
ཆ་ལུགས་བོད་ཆས་སྤྲས་ན་བོད་མི་རང་འདྲ་བ། །
ཇ་ཆང་ཁོ་ནར་གཡེངས་ན་དུས་ཚོད་ཀྱང་མི་དབང༌། །
ཉ་མོ་འཁྱུག་ལྟར་ཕ་ཡུལ་འཛུགས་སྐྲུན་ལ་བརྩོན་དགོས། །
ཏ་རེན་དབུ་ཁྲིད་ཡིན་ཡང་འཇོན་མདོག་རང་མ་གནང༌། །
ཐ་དག་དམངས་ལ་ཕན་ན་འཇོན་ཐང་ནི་ངོམས་ཆོག །
ད་ལྟའི་དུས་བཟང་འདི་ལ་སྲོལ་བཟང་ཞིག་སྤེལ་ན། །
ན་ཆུང་ང་ཡིས་ཁྱེད་ལ་བསྟོད་པ་ཡང་བཏང་ཆོག །
པ་ཕས་ཨོ་ལོ་གཏིང་བརྗེད་ཨར་ཁང་ན་མྱུལ་བ། །
ཕ་མ་མི་དྲན་ཨོ་ལོ་ཇ་ཁང་ལ་ཞེན་པ། །
བ་རི་བི་རིའི་ཕ་བུ་གཉིས་པོ་ནི་ཡ་མེད། །
མ་ཡང་བརྒྱལ་ཏེ་ལྔ་ལམ་བྱོནཔ་དེ་མང་ཨང༌། །
ཙ་རི་བསྐོར་ན་སེམས་པ་རྣམ་དག་ཞིག་ལོས་དགོས། །
ཚ་གྲང་འཇིགས་ན་གངས་ཅན་བོད་པ་ནི་མིན་པ། །
ཛ་ལང་རབ་རིབ་ལེ་ལོའི་སྤྱོད་ངན་དག་སྤངས་ན། །
ཝ་མོ་འདྲ་འདྲའི་མཇུག་མ་རིང་པོ་དེ་མི་ཐོན། །
ཞྭ་ར་མཐོར་འཛེགས་ཡར་འགྲོའི་སྙིང་སྟོབས་ལ་བསྟོད་དོ། །
ཟ་འདྲེ་རྐུབ་ཀྱོག་འཆལ་པོ་འཆལ་མོ་ལ་སྨད་དོ། །
འ་ཅག་བོད་པ་བླང་དོར་གནས་ལུགས་རབ་འབྱེད་དགོས། །
ཡ་མེད་སྲོལ་ངན་རྩ་བ་འདི་རུ་ནི་མ་འཛུགས། །
ར་མོ་ཡིན་ཡང་ར་ལུག་ཁྱུ་ཚོགས་ཀྱི་མགོ་འདྲེན། །
ལ་ཐག་རིང་ཡང་ར་མོ་མགོ་འདྲེན་ནི་ལོས་ཡིན། །
ཤ་ཁྲག་གཅིག་པའི་བོད་མི་ར་མོ་ལ་བལྟས་ཏེ། །
ས་གཞི་འདི་ཡི་སྟེང་ན་མིག་དཔེ་ཞིག་སྟོན་རོགས། །
ཧ་ཅང་རིན་ཐང་ལྡན་པའི་བོད་པ་ཡི་སྲོལ་བཟང༌། །
ཧ་ལས་ཧང་བསངས་མེད་པར་རྒྱུད་འཛིན་ཞིག་གྱིས་དང༌། །
ཨ་ཙི་བློ་དམན་བདག་གིས་གཏམ་རྙོག་འདྲ་བཤད་ཀྱང༌། །
ཨ་ཕོ་ང་ཡིན་རློམས་ཏེ་བརྗོད་པ་རང་མིན་ནོ། །
རྩོམ་ཁུངས། ངེད་དྲ་བ།