ཞག་གཅིག་མགྲོན་པོའི་ངེས་འབྱུང་།
ང་ནི་ལས་ཀྱི་བདག་པོས་བསྐུལ་བའི་དབང་རྩ་བསྣད་པའི་བང་ཆེན་དེ། །
སྣང་སྲིད་སྒྱུ་མའི་སྨུག་སྤྲིན་ཁམས་ནས་ཞག་གཅིག་སྡོད་པའི་མགྲོན་པོ་ཡིན། །
སྐྱིད་སྡུག་ཁ་ཆར་རེས་སུ་འཐབ་པའི་རང་སྤྱིལ་དོག་མོའི་ཕུག་པ་ནས། །
རྨི་ལམ་གྲང་མོའི་ཆུ་འཁོར་ཉུལ་བཞིན་ཝུ་བའི་ཟོལ་གྱིས་འཇིག་ངེས་ཡིན། །
ང་ནི་ཟས་དང་སྐོམ་པས་གཟིར་བའི་མཚན་ལ་འདུར་བའི་སྤྱང་མོ་ཞིག །
འདོད་ཧམ་དང་བཅས་རི་རྩེར་འགྲེང་སྟེ་གྲོང་གི་ལུག་ཁྱུར་ཅེར་བའི་མོད། །
གཅན་གཟན་སྐོར་ཅིག་ཆང་གིས་མྱོས་ཏེ་སྟོན་པའི་ཕྱག་གི་མེ་ཏོག་འཆའ། །
རྒྱུ་སྐར་ཕྲག་བརྒྱའི་ཡོ་ལང་དབུས་སུ་ཆགས་པའི་མེ་མདའ་ཡང་ཡང་རྒྱག །
སེམས་ཀྱི་མེ་ལོང་གཙང་མར་ཕྱིས་ཏེ་འཁོར་བའི་མཚོ་ལ་བལྟས་པ་ན། །
ཕྱི་སྣོད་འཇིག་རྟེན་པད་མའི་ལྗོངས་སུ་མི་རྟག་རི་མོ་ཅི་ཡང་བཀྲ། །
ནང་བཅུད་འགྲོ་བའི་ཁ་སེམས་བར་ན་ཉེས་པའི་གློག་དམར་རྟག་རུ་འཚུབ། །
ང་ནི་འཇིགས་ཤིང་དངངས་པའི་སྟབས་ཀྱིས་གནམ་སའི་མཚམས་སུ་འབྲོ་བར་བརྩམས། །
ཉི་མའི་རྡུལ་གྱི་གོང་བུར་ཆགས་པའི་ལོ་སྟོང་གི་འཁྱག་དར་ཞིག།
དེ་རིང་གློ་བུར་ཚ་བས་ཞི་སྟེ་གཤེར་ཁུའི་གཟུགས་ཀྱིས་རྒྱུ་བ་འདི། །
མ་དྲོས་མཚོ་བཞིའི་སྒང་དུ་མཆེད་པའི་ཧམ་སེམས་ནག་པོའི་བྱང་རླུང་དེ། །
བདག་གི་ལུས་དང་ཡོངས་སུ་བྲལ་ནས་ས་གཞིའི་ཁམས་སུ་སིམ་པའོ། །
ཐོབ་ཤོར་ངེས་མེད་རླུང་བཞིན་འཁྲིགས་པའི་སྲིད་པ་བར་མའི་གཙང་ངོགས་སུ། །
གཡོ་ཟོལ་འཕྲུལ་གྱི་གྲུ་གཟིངས་གཏོང་བའི་རང་ཅག་མི་འདི་ཨ་རེ་བཙོག །
སེམས་ཀྱི་རྟ་ཁ་ཨེན་ཙམ་བསྒག་སྟེ་དཔྱོད་པའི་མིག་གིས་བརྟག་གྱུར་ན། །
བྱ་ཚང་ལྟ་བུའི་བྲག་ཐེམ་འདི་ལ་ཞེན་ཆགས་འདི་འདྲ་ག་ནས་སྐྱེ། །
ཡུལ་དང་དུས་ཀྱིས་ཁ་ཐག་ཕྱེས་པའི་སེམས་ཅན་འགར་རེར་གཤེ་བ་དང་། །
ཤ་ཁྲག་ཐ་གུས་རྙིང་རྩ་སྦྲེལ་བའི་ཉེན་གྲོགས་འཁོར་ལ་སྲེད་པ་འདི། །
སྐད་ཅིག་གཅིག་གི་ཆགས་སྡང་ཙམ་ལས་དོན་དུ་སྙིང་བོ་ག་རེ་ཡོད། །
བྱང་ཆུབ་ལམ་གྱི་ཐུགས་བསྐྱེད་མཚོ་རུ་འགྲོ་དྲུག་ཉེ་རིང་ཡོད་པ་མིན། །
གཟུགས་མཛེས་ན་ཆུང་གར་མའི་རྗེས་ལ་ཡིད་ཀྱི་རི་དྭགས་ཤོར་གྱུར་ཏེ། །
བྱེ་ཐང་སྨིག་རྒྱུའི་ལ་མོ་བརྒྱབ་པའི་གཞོན་ནུ་ང་ནི་བག་ཙམ་དུབ། །
དང་པོ་འདོད་པའི་རྩེད་དགའ་བཏུལ་ཏེ་ཏིང་འཛིན་ཁྲུས་ལ་ཞུགས་གྱུར་ན། །
ཤ་ལྤགས་རི་མོའི་གྲ་ཁའི་ཆེད་དུ་དཀའ་ལས་འདི་འདྲ་མྱངས་དགོས་མེད། །
ཀུན་རྫོབ་སྣང་བས་མཐོང་ལམ་བྲེས་པའི་རང་དང་གློ་བ་ཉེ་བ་ཚོས། །
བདེན་རྫུན་རྣམ་གཞག་འུར་གྱིས་སྤུར་ཏེ་མཁས་བླུན་གྲལ་མཐའ་ཕྱེས་ཀྱང་རུང་། །
དོན་དམ་དངོས་པོའི་གཤིས་དང་འཕྲད་དེ་ངག་གི་སྨྲ་ལྕེ་ལྐུགས་པའི་ཉིན། །
ཤེས་རབ་སྤྱན་རྒྱས་གནམ་མཐའ་ཟིན་པའི་སྐྱེ་ཆེན་དེ་ཚོ་དྲན་པར་གྱིས། །
དབུལ་ཕྱུག་རྣ་འབྱོག་ཕ་བུས་རྩོད་ལ་ཁོག་དཔུང་ལ་རྒྱ་ཕུ་ནུར་ཆེ། །
རྒྱུ་རྔམ་བློ་རྩེ་དཔོན་ལ་རྣོ་ཞིང་དཀྱུས་མའི་ཐབས་ལ་གཡོག་པོ་མཁས། །
ནམ་ཞིག་ཚེ་ན་རང་ངོ་ཟིན་ཏེ་འུག་ཆུང་རྩོལ་བ་དྲན་པའི་དུས། །
རང་ཅག་མི་ནི་ལྟོ་བའི་བྲན་དེ་ཕག་གི་ཤག་མཚེས་ཡིན་པ་ངེས། །
ཀྱེ་ཀྱེ་རྣམ་རྟོག་ཆར་བའི་ལྗོངས་ལ་ང་ནི་ཡུན་ཙམ་འབྲལ་བར་བྱ། །
ཉོབ་ཅིང་སྦྲིད་པའི་ལུས་པོ་འདི་ལ་དག་པའི་ཁྲུས་ཤིག་བགྱི་རན་ཡིན། །
དགེ་སྡིག་ཨ་ལོང་ཕྲེང་དུ་བསྟར་བའི་ཉི་མ་སེར་པོའི་རབ་གསལ་དུ། །
ཤེས་རབ་གསོན་པོའི་མེ་ཏོག་རྐང་གཅིག་དཀའ་བ་བརྒྱ་ཡིས་གཟུག་པར་བརྩོན། །
ཕྱི་ལོ༢༠༡༢ལོའི་ཟླ་༥པའི་ཚེས་༡༧ལ།
རྩོམ་ཁུངས། ངེད་དྲ་བ།