ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།
བདག་བློའི་མུན་སེལ་ཟུར་ཕུད་ལྔ་བ་ཡིས།།
མ་རིག་ལོག་ལྟའི་རྒོལ་ངན་ཚར་གཅོད་ཅིང་།།
ཉམ་ཆུང་བུ་ངའི་རྨོངས་མུན་སྟུག་པོའི་དྲ།།
ཤེས་རབས་རལ་གྲི་རྣོན་པོས་ད་ཆོད་ཅིག།
མུ་སྟེགས་སྟོན་པའི་རྗེས་སུ་སྐྱབས་མཆི་ཞིང་།།
ཤཱཀྱའི་རྒྱལ་བོར་སྐུར་བ་འདེབས་བྱེད་ཅིང་།།
ལྷ་འདྲེ་མེད་པར་སྨྲ་བའི་དམུས་ལོང་འགར།།
རིག་པའི་རྩེད་འཇོ་ཅུང་ཙམ་སྤྲོ་བ་ལ།།
ཐུབ་དབང་བསྟན་པའི་བདག་པོ་ཟས་གཙང་སྲས།།
མངོན་པར་སངས་རྒྱས་ཁོར་མོ་འཇིག་ཡུལ་དུ།།
མུ་སྟེགས་སྟོན་པ་དྲུག་དང་འདྲེ་བཏུལ་བས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ།།
མྱ་ངན་འདས་པའི་ཚུལ་ནི་མཛད་ན་ཡང་།།
དགུ་བའི་ཉེར་གཉིས་ལྷ་ལས་བབས་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
རྒྱན་དྲུག་ཡ་གྱལ་འཕགས་པ་ཐོགས་མེད་ཀྱིས།།
དཀའ་སྤྱད་དྲག་པོས་སྒྲུབ་སྦྱངས་བྱས་པའི་མཐར།།
རྗེ་བཙུན་བྱམས་པའི་ཞལ་གཟིགས་ཐོབ་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
རྗེ་བཙུན་བྱམས་པར་དངོས་སུ་མཇལ་བ་ཡིས།།
ལུང་དང་གསུང་གི་དོན་གྱི་སྙིང་བོའི་གནད།།
བྱམས་ཆོས་སྡེ་ལྔར་མཇལ་དུ་ཡོད་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བར།།
རྣམ་ཀུན་བླ་མ་ཡི་དམ་མཁའ་འགྲོ་ཡི།།
དཔག་ཏུ་མེད་པའི་ཡི་དམ་ཞལ་གཟིགས་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
དགའ་ལྡན་རི་ན་སྒྲུབ་པ་མཛད་པའི་ཚེ།།
མདོ་ཁམས་སྐྱོང་བའི་བདག་མོ་ཞལ་མཇལ་དུ།།
བྱོན་པའི་སྣང་བརྙན་བྲག་ལ་རང་བྱུང་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
རྣམ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་མཆོག།
ལྟོས་མེད་རི་ལ་སྒྲུབ་པ་མཛད་པའི་ཚེ།།
ལྷ་མིན་མི་མིན་འདྲེ་ཡིས་མཐོ་མཚམས་པས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ་ཕྱིར་དུ།།
ཆོས་བརྒྱད་རླུང་ལ་སྐུར་བའི་ལུགས་མཛད་ཅིང་།།
སངས་རྒྱས་གོ་འཕང་དངོས་སུ་ཐོབ་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
བཅུ་ཕྲག་ཤིང་རྟའི་སྲོལ་འབྱེད་ས་པཎ་གྱིས།།
དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་བཟང་དུ།།
སྲིན་མོ་བཏུལ་བའི་རྗེས་ཤུལ་ཡོད་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
བོད་འབངས་སྐྱོབ་ཆེད་ཧོར་ཡུལ་འགྲིམས་པའི་དུས།།
གོ་དན་རྒྱལ་བོའི་སྒྱུ་མ་མཁན་པོ་དག།
བཏུལ་བའི་ལང་སྤྲུལ་མངོན་སུམ་མཐོང་བ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
མདོར་ན་ལྷ་ལ་མཇལ་ཞིང་འདྲེ་བཏུལ་བའི།།
དངོས་གྲུབ་བདུད་རྩི་བརྙེས་པའི་བྱུང་བ་དག།
འཕྲུལ་སྣང་མ་ཡིན་མངོན་སུམ་གྲགས་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
སྲིད་པ་གསུམ་དུ་དབྱེ་བའི་རྣམ་གྲངས་དང་།།
ཁམས་གསུམ་ལ་སོགས་འགྲོ་བ་རིགས་དྲུག་གི།
དབྱེ་བ་སོ་སོར་འབྱེད་དུ་ཡོད་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
ལྷ་འདྲེ་མེད་པར་འདོད་པའི་སྐྱེ་བོ་རྣམས།།
མ་མཐོང་ཕྱིར་ན་མེད་པར་ཁས་འཆེས་ན།།
རང་གིས་མཐོང་བ་ཙམ་ལས་མེད་འགྱུར་བས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
ལྷག་པར་ཆོས་ལྡན་གངས་རིའི་ཞིང་འདི་ན།།
ཆོས་སྐྱོང་ཡི་དམ་སྣ་ཚོགས་བསྙེན་བྱེད་ཅིང་།།
ལྷ་ཀླུ་གཉེན་གྱིས་འཚེ་དང་སྐྱོབ་པ་འདིས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
མ་མཐོང་ཕྱིར་ན་མེད་པར་འདོད་པས་ན།།
རྡུལ་ཕྲན་ལ་སོགས་མིག་གིས་མཐོང་དཀའ་ཞིང་།།
འདས་པའི་ལོ་རྒྱུས་དག་ཀྱང་རྫུན་ཡིན་ཕྱིར།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
དེངས་རབས་ཚན་རྩལ་འཕེལ་རྒྱས་མྱུར་ན་ཡང་།།
སྟོང་གསུམ་ཁམས་འདི་གཞལ་བའི་བློ་དོག་ཅིང་།།
གསང་བའི་གནས་ལ་སྒྲོ་འདོགས་མ་ཆོད་པས།།
ལྷ་འདྲེ་མེད་པར་སྨྲ་ལ་ཡིད་མ་ཆེས།།
ལྷ་འདྲེ་མེད་པར་སྨྲ་བའི་ནུབ་ཕྱོགས་ཀྱི།།
རྗེས་སུ་འབྲངས་ནས་དཀོན་ཅོག་ཤི་སོང་སོགས།།
ཟེར་སྒྲོས་ཁོ་ནའི་རྗེས་སུ་མཆོངས་པ་དག།
ཞིབ་མོའི་བློ་ཡིས་ཡང་ཡང་དཔྱོད་ཅིག་ཀྱེ།།
ཁོ་བོས་ལོག་སྨྲའི་རྒོལ་བ་འཇོམས་ཕྱིར་དུ།།
ལུང་རིག་རྒྱ་མཚོའི་ངོགས་ལས་ཟེགས་མ་ཙམ།།
འཕྱོ་བའི་འོད་སྣང་ཕྲ་མོ་འདི་ཡིས་ཀྱང་།།
མ་རིག་རྨོངས་པའི་མུན་པ་སེལ་གྱུར་ཅིག།
༢༠༡༢༼༥༼༡༢ཉིན་ལ་བྲིས་པ་དགེའོ།།
རྩོམ་ཁུངས། ངེད་དྲ་བ།