སྟོང་ཉིད་སྟོན་པའི་བླ་མ། །མི་འབྱོན་རྩ་བ་གང་ཡིན། །
དང་པོ་སྒྲ་སྒྱུར་མར་བ། །
སློབ་མ་མི་ལ་རས་པ། །
སྒྲུབ་ཁང་སྲས་མཁར་དགུ་ཐོག །
བཞེངས་ནས་རྟེན་འབྲེལ་འགྲིག་སོང་། །
བླ་མ་ཆོས་ཀྱི་དཀོར་མཛོད། །
སློབ་མ་དད་པ་དག་སྣང་། །
གདམས་ངག་མཛོད་ནས་བླངས་པས། །
མཆོག་གི་དངོས་གྲུབ་ཐོབ་སོང་། །
བླ་མ་དམ་པའི་ཆོས་བརྩིགས། །
བྲག་རིའི་གཏོས་དང་མཉམ་སོང་། །
སློབ་མའི་གསུང་མགུར་སྙན་མོ། །
འཛིན་མའི་ཁྱོན་ལ་གྲགས་སོང་། །
དང་པོ་བླ་མ་བླ་མ། །
ཐུགས་རྒྱུད་ཆོས་ཀྱིས་ཕྱུག་ཡོད། །
བར་དུ་དཔེ་ཆ་བླ་མ། །
དམ་པའི་གསུང་གིས་སིམ་ཡོད།
ཐ་མར་རང་ཉིད་བླ་མས། །
ཉམས་རྟོག་རྒྱུད་དུ་བླངས་ཡོད། །
གདམས་ངག་གླུ་རུ་བླངས་ནས། །
ཡོན་བདག་ཆོས་ལ་སྐུལ་ཡོད། །
དེང་སྐབས་སློབ་གྲྭའི་གླིང་ན། །
དགེ་སློབ་བརྒྱ་ཚོགས་སྟོང་འདུས། །
སྒྲ་སྒྱུར་ཡབ་སྲས་ལྟ་བུའི། །
སྐྱེས་ཆེན་མེད་དོན་ཅི་རེད། །
སློབ་གྲྭ་རྒྱལ་བོའི་ཕོ་བྲང་། །
ཕོ་བྲང་ཕྱི་རྫིག་ནང་སྟོང་། །
སྟོང་ཉིད་སྟོན་པའི་བླ་མ། །
མི་འབྱོན་རྩ་བ་གང་ཡིན། །
སློབ་གསོ་སློབ་གསོ་ཞེས་པའི། །
མཐའ་དོན་གང་ལ་གཏུགས་ཡོད། །
ཀུན་སྤྱོད་བསུང་དང་བྲལ་བའི། །
རིག་པའི་མེ་ཏོག་མཛེས་སམ། །
བསླབ་གཞི་འདི་བཟང་གན་ངན། །
རིགས་དང་རིས་སུ་བཅད་ཀྱང་། །
དགོས་མེད་ལས་ཀྱིས་སྐུལ་བའི། །
བརྗོད་བྱས་ཕྱུག་པ་ཨེ་རེད། །
ཁྲིད་ཐབས་གསར་དང་རྙིང་ཞེས། །
རྩོད་དང་ཀླན་ཀ་མི་ཆད། །
སློབ་མའི་གསོས་སུ་འདྲོངས་ན། །
གསར་རྙིང་ཁྱད་པར་ཡོད་དམ། །
དགེ་རྒན་གན་མཆོག་འདི་དམན། །
རིགས་སུ་དགར་བ་ཡོད་ཀྱང་། །
མགོ་ལ་རན་པའི་ཞྭ་ཞིག །
བསྐོན་རྒྱུ་མེད་པ་མ་རེད། །
རིག་པ་དེ་རྒོད་འདི་རྟུལ། །
ཁ་མཚོན་བཅད་པ་མང་ཡང་། །
སློབ་མའི་མི་ཚེ་རིང་མོར། །
སྡོམ་ཚིག་འགོད་པ་སླའམ། །
ཕྱི་ཡི་གཙང་སྦྲའི་མེ་ཏོག །
སྐད་ཅིག་མིག་ལ་མཛེས་ཀྱང་། །
མི་མཛེས་ནང་གི་རི་མོ། །
བསུབ་པའི་ཐབས་བཀོད་ཅི་ཡོད། །
དེ་རིང་གན་བཤེར་འདི་བཤེར། །
སང་ཉིན་གན་ཐོན་འདི་ཐོན། །
ཐོན་དང་བཤེར་གྱི་དབར་ནས། །
སློབ་ཁྲིད་དུས་ཚོད་རང་ཤོར། །
རྩོམ་ཁུངས། ངེད་དྲ་བ།