ཁྱོད་ཀྱི་ཨ་མའི་ཚབ་ཏུ།
___ཚ་བོ་རྣམ་རྒྱལ་ལ།
ལས་དང་སྨོན་ལམ་མང་ཙམ་ཁྱེར་ནས།།
ཨ་ཅེའི་མངལ་ལ་བཙན་གྱིས་འཛུལ་རྗེས།།
འཇིག་རྟེན་མཐོང་བའི་སྒེའུ་ཁུང་བརྒྱུད་དུས།།
འཆར་འགོད་རི་མོ་ག་ཙམ་བྲིས་ཡོད།།
སྐྱིད་ལ་སྡུག་པའི་གཞི་ཚང་འདི་ནས།།
ལོ་ཟླའི་སྒོ་ང་སྒོག་སེ་མིད་རྗེས།།
གྲོད་པ་འགྲངས་བའི་བརྡ་ཙམ་མེད་པ།།
ནད་ཅིག་ཡིན་པར་ཐེ་ཚོམ་ཟས་འགྲོ།།
མི་ཆེ་མི་ཆུང་ལོ་གྲངས་ཉི་ཤུ།།
ཉི་ཤུ་ལོན་དུས་དཔོན་ལ་བཞུགས་ཆོག །
མི་ཆད་མི་ཤོ་ཕ་འཛོམས་མ་འཛོམས།།
ཕ་འཛོམས་བུ་རྒོད་ཇག་ལ་ཆས་ཆོག །
སྐྱབས་ཀྱི་དམ་པ་དཀོན་མཆོག་རིན་ཆེན།།
དེ་ཡི་སྟེང་ལ་མི་གཤིས་གཙང་མ།།
རེ་རེ་བཞིན་དུ་རྩིས་གྲངས་བླངས་ན།།
ཁྱོད་ཀྱིས་འཇལ་འོས་བུ་ལོན་མང་ངོ་།།
ཁྲ་བོ་གདོང་གི་ས་ལ་བབས་ཏེ།།
ལྷ་རིང་ཚང་གི་ཁྱིམ་རྒྱུད་སྐྱོང་ན།།
ཟོལ་དང་བཅོས་མའི་སྤྲེལ་ལད་སྐྱུར་ནས།།
འགན་གྱི་ཁུར་བོ་ཕྲག་པས་འདེགས་དགོས།།
ཕ་ལོའི་ཤེས་རབ་རལ་གྲི་ངར་མ།།
མ་ལོའི་ཐབས་བཀོད་བློ་སྣ་དགུ་གཅོད།།
དེ་དག་བྱིས་བློའི་ཁུག་མར་མ་སྐྱུར།།
ཕྱི་ལ་ཕྱུངས་ནས་བདག་པོ་རྒྱོབས་ཤོག །
ཨ་ཕའི་སྐྲ་ལོའི་ཁ་མདོག་འགྱུར་ནས།།
ཨ་མའི་གདོང་ལ་གཉེར་མ་བབས་དུས།།
འགྱོད་པའི་བྲང་ལ་སེར་མོ་བཙུགས་ཀྱང་།།
བདེ་བའི་ཁམས་ལ་ལག་པས་མི་འཇོག །
ཆར་དང་རླུང་གི་འཁོར་ཕྱོགས་ཤིག་གིས།།
ས་གཞིའི་རྒྱན་ལ་མེ་ཏོག་བབས་འདུག །
ཚ་བོ་ཆུང་ཆུང་ཡར་ལ་ལོངས་དང་།།
ཨ་མའི་སོ་དཀར་ཁྱོད་ལ་བསྟན་འདུག །
༢༠༡༢ལོའིཟླ་༥ཚེས་༧་ཟི་ལིང་ནས་རྨ་ལྷོའི་བར་གྱི་རླངས་འཁོར་ནང་དུ།
རྩོམ་ཁུངས། ངེད་དྲ་བ།