མི་མཐོང་སེམས་པ་མ་མཐོང་བུ་མོས་ཁྱེར།
འདོད་པ་མང་བའི་སེམས་ཀྱི་མཁའ་དབྱིངས་སུ།།
ཆགས་སེམས་སྤྲིན་གྱིས་བྲིས་བའི་བུ་མོ་ལ།།
དྲན་པའི་ཡིད་ཀྱི་འཇའ་ཚོན་སྐེ་རྒྱན་འདི།།
གཡུ་ཆུང་བུ་མོའི་མགུལ་དུ་འཁྱོལ་བར་ཤོག།
དབྱངས་ཅན་ངག་གི་རོལ་མོའི་གདངས་ཀྱི་གཟུགས།།
དབྱངས་ཅན་ངག་གི་གཅུང་མོས་བྲིས་བ་ཞིག།
སྤྲིན་ལས་གྲོལ་བའི་ཟླ་བའི་འོད་སྣང་བཞིན།།
ཡུན་རིང་འཁྱམས་པའི་བུ་ཡི་སེམས་སུ་ཤར།།
ཉིན་དང་མཚན་མོ་སད་ཀྱང་སེམས་ཀྱི་དཀྱིལ།།
ཡལ་མེད་འཆར་བའི་གཡུ་ཆུང་བུ་མོའི་གཟུགས།།
དྲན་ཤེས་སོར་མོས་བསུབ་ཀྱང་མི་ཡལ་བར།།
བདག་གི་སྙིང་ལ་འཆང་བ་སྔོན་གྱི་ལས།།
བག་མེད་ལྗོངས་སུ་འཁྱམས་པའི་སེམས་པ་འདི།།
ནགས་སུ་ཤིང་འབྲས་འཚོལ་བའི་སྤྲེའུ་བཞིན།།
ཉིན་རེ་ཟས་ཀྱིས་མི་ཚིམ་རྒྱུགས་པའི་མཐར།།
བདེ་འདོད་སྟོང་གི་རི་མོས་སྡུག་ལ་སྦྱར།།
སྙིང་གི་མཛའ་མོ་དྲན་པའི་སེམས་ཀྱི་གཟུགས།།
སློབ་དཔོན་ཐོན་མིས་གནང་བའི་མུ་ཏིག་ཕྲེང་།།
སེམས་ཀྱི་དར་སྐུད་ཕྲ་མོ་ལ་དྲངས་ཏེ།།
གཡུ་ཆུང་བུ་མོའི་མགུལ་དུ་འཁྱོལ་བར་ཤོག།
༡/༥/༢༠༡༢ལ་བྲིས།
རྩོམ་ཁུངས། ངེད་དྲ་བ།