སྣང་ཚུལ་དགའ་སྐྱོ་འདྲེས་མ།
ཞིང་པ་རྒད་པོ་གོ་རྟོགས་རབ་གསལ་ནས།།
བུ་ཕྲུག་སློབ་གྲྭར་བརྫངས་པ་དགའ་ནའང་།།
ལང་ཤོར་བུ་ཕྲུག་སློབ་ལ་མ་བརྩོན་པར།།
ཇ་ཁང་ཆང་ཁང་འགྲིམས་པ་ཧ་ཅང་སྐྱོ།།
དྲིན་ཅན་ཕ་མས་ངལ་བ་ཆེར་སྤྱད་ནས།།
བུ་ཕྲུག་བྱམས་ཀྱིས་སྐྱོང་བ་དགའ་ན་འང་།།
ཐ་ཤལ་བུ་ཕྲུག་རང་མགོ་ཐོན་པའི་རྗེས།།
ཕ་མར་ཁ་ཡ་མི་བྱེད་གཏིང་ནས་སྐྱོ།།
རྒྱལ་ཁབ་རྩ་ཁྲིམས་གསེར་གྱི་མེ་ལོང་དེ།།
རྒྱལ་འབངས་ཀུན་ལ་སྙོམས་པ་དགའ་ན་འང་།།
རྒྱུ་ཡོད་ལྟག་སྒོ་འཛུལ་ནས་ཕེབས་མཁན་ཚོར།།
གཡོ་འཁྱོག་ཕྲན་ཙམ་ཤོར་བ་ཤིན་དུ་སྐྱོ།།
ཁྲོམ་རྭའི་དཔལ་འབྱོར་འཕེལ་རྒྱས་ཆེར་ཕྱིན་ནས།།
གང་འདོད་ཉོ་རྒྱུ་ཡོད་པ་དགའ་ན་ཡང་།།
སྣེ་མང་བྱུར་བུར་བཏམས་པའི་དངོས་ཟོག་ཁྲོད།།
རྫུན་མ་འཚང་ཁ་ཤིག་ཤིག་སྙིང་ནས་སྐྱོ།།
ང་ཅག་མེས་པོ་སྐུ་དྲིན་ཅན་དེ་ཚོས།།
བཞག་པའི་ཤུལ་བཞག་མང་བས་དགའ་ན་འང་།།
རྒྱུ་འབྲས་མེད་པའི་མི་ངན་ཁ་ཤས་ཀྱིས།།
ནོར་བུ་རྐུ་ཚོང་བྱེད་པ་དེ་བས་སྐྱོ།།
ཁ་བ་ཅན་གྱི་རི་ཀླུང་མཛེས་པའི་སྟེང་།།
རི་སྐྱེས་སྲོག་ཆགས་འབེལ་བས་དགའ་ན་འང་།།
བསམ་རྒྱུ་དངུལ་ལས་མེད་པའི་མི་དེ་ཚོས།།
ལྐོག་གསོད་ལྐོག་རྔོན་རྒྱག་པ་ཡིད་རེ་སྐྱོ།།
བོད་ལྗོངས་ནག་ཆུ་ཉི་མ་རྫོང་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་བཀྲ་ཤིས་ནས།
༢༠༡༡ ༤ ༣༠ ཉིན།
རྩོམ་ཁུངས། ངེད་དྲ་བ།