སེམས་པ་ཁྲག་གི་བྱ་གླག
གཞན་གྱི་སྡང་སེམས་མཚོན་ཆ་རྣོན་པོས་སྤྱི་བོའི་གཙུག་དང་ཕྲག་ནས་གནོན།།
གཉེན་དང་གྲོགས་ཀྱི་སྨྲ་བའི་ཞགས་པས་ཉིན་དང་མཚན་དུ་དམ་པོར་བཅིངས།།
མཆི་མའི་ཆར་གྱིས་རབ་ཏུ་བརླན་པའི་བདག་སེམས་ཁྲག་གི་བྱ་གླག་འདི།།
མི་ཚོགས་ཁྱུ་ཡི་དཔུང་རྡར་ཁྲོད་ནས་བྱ་ལམ་རིང་མོར་སྙེག་སྟེ་འཕུར།།
དགུང་སྔོན་ཡངས་མོར་མགོ་བོ་བཏེགས་ཤིང་སྤྲིན་དཀར་དྲང་སྲོང་རྒད་པོའི་དྲུང་།།
སེམས་ལ་བསམས་ཀྱང་སྨྲ་བའི་ཡུལ་མེད་མི་ཡི་ཡུལ་དུ་མ་ཕོད་པར།།
ཡུན་རིང་རང་གི་ཁོག་ན་བསགས་པའི་འཆར་སྣང་ཆུ་ཡི་ཟེགས་མ་ལས།།
སེམས་གཏམ་དམར་པོ་ལྟེང་ཀ་བཞིན་དུ་ཆུ་འཛིན་རྒད་པོའི་པང་ན་བརྡོལ།།
རྒྱུ་དང་དངོས་པོའི་ལོངས་སྤྱོད་དོན་དུ་ཤ་རུས་ཟད་པའི་གཏམ་རྒྱུད་མེད།།
སྙན་དང་གྲགས་པ་སྐམ་པོའི་ཆེད་དུ་སེམས་པ་རྒས་པའི་ལོ་རྒྱུས་མེད།།
ཁ་དོག་མེད་པའི་རང་གི་སེམས་པ་དྭངས་གསལ་ཤེལ་གྱི་མེ་ལོང་འདི།།
དྲང་སྲོང་ཁྱེད་ཀྱི་ཕྱག་ཏུ་འབུལ་ལོ་ཤེས་རབ་སྤྱན་གྱི་གཡོ་བ་མཛོད།།
སྤྲིན་གྱི་དྲང་སྲོང་སྨ་ར་བྱིལ་ཞིང་བདག་ལ་ཕྱོགས་ཏེ་འདི་སྐད་དུ།།
དགྲ་གཉེན་གང་ལ་ལྐོག་ཏུ་གྱུར་པའི་ཁྱེད་སེམས་ཁྲག་གི་བྱ་གླག་ཅིག།།
བསྟོད་དམས་སྨྲ་ལྕེའི་དུག་མདའ་འཕོག་ཀྱང་སྲོག་གི་རྒྱུ་བ་མ་ནུབ་པར།།
རླུང་གི་གཞོན་པའི་རྟ་མཆོག་ལ་ཆིབས་བདག་གི་དྲུང་དུ་བྱོན་པ་ལེགས།།
སྙན་དང་མི་སྙན་ཆོས་བརྒྱད་དྲ་བས་དམ་དུ་འབྲེལ་བའི་འཇིག་རྟེན་འདི།།
རང་སེམས་རང་གིས་སྐྱོང་བར་མི་ནུས་གཅིག་པུར་ལུས་པའི་མི་ཡུལ་འདི།།
ཁྱོད་ཀྱི་ལས་དབང་བཙན་པོའི་མཐུ་ཡིས་ཁྱོད་ཉིད་བཅིངས་པའི་བཙོན་ར་འདི།།
ཁྱོད་ཀྱི་མེས་པོའི་བློ་ཡིས་བསྐྲུན་པའི་འཁྲུལ་མེད་སེམས་ཀྱི་ཕ་གཞིས་ཡིན།།
ཨེ་མ་སྔོ་སང་དར་གི་མཛེས་པའི་དབྱིངས་ཕྱུག་བུ་མོའི་བཞིན་རས་ངོས།།
རྒྱུ་སྐར་རིན་ཆེན་དྲ་བས་འབྲེལ་བའི་ཁུ་སིམ་ཟླ་བའི་གྲོང་ཁྱེར་ནང་།།
ཞོ་གསར་བཞིན་གྱི་མེ་ཏོག་དབུས་ན་སྤྱན་དཀྱུས་ཟེ་འབྲུའི་ཟེགས་མ་ཐོར།།
གཟུགས་སྐུའི་མཛེས་པ་སྒྲིབ་པ་མེད་པ་དུ་ཀཱུ་ལ་ཡིའི་གོས་ཅན་མ།།
ཟླ་བའི་ལྷ་མོ་ཤེས་རབ་མ་དེ་དོ་ནུབ་གནས་འདིར་བྱོན་ལགས་ན།།
ཁྱོད་ཉིད་དེ་ཡི་དྲུང་དུ་ཕེབས་ཤིག་དྲང་པོའི་གཏམ་ཚིག་སྙན་དུ་གསོལ།།
དྲང་སྲོང་རྒད་པོས་འདི་སྐད་ཟེར་ཞིང་མཁའ་ལམ་ངོས་ནས་དལ་བུར་ཕེབས།།
བདག་ཀྱང་སྤྲིན་གྱི་གཏམ་རྗེས་བསྙེགས་ཏེ་ཟླ་བའི་ལྷ་མོའི་ཕྱོགས་སུ་བསྐྱོད།།
བཞིན་རས་ཀུ་མུད་མེ་ཏོག་བཞད་པའི་འཛུམ་དཀར་ནམ་མཁའི་ངོས་སུ་སྤྲོས།།
མི་ཡི་འཇིག་རྟེན་འཇིགས་པར་བྱེད་པའི་མུན་པ་སྲིན་མོའི་གཟུགས་རིས་ཅན།།
ཁྱེད་ཀྱི་འཛུམ་མདངས་སྣང་བ་མེད་པའི་བྱང་ཅན་ཕུག་པའི་ཁུང་དུ་ཡིབ།།
གང་གཱའི་བུ་མོས་གླུ་དབྱངས་ལེན་ཅིང་རླབས་ཕྲེང་འཕྱོ་བའི་སྐོར་བྲོ་འཁྲབ།།
བརྒྱད་གཉིས་ལང་ཚོའི་མཛེས་པ་སྟོང་ལྡན་ཟླ་བའི་ལྷ་མོ་རི་བོང་ཅན།།
བདག་ནི་སྤྲིན་དཀར་དྲང་སྲོང་རྒད་པོའི་ངག་བཞིན་ཁྱེད་ཀྱི་དྲུང་དུ་འོང་།།
མི་ཡི་ཡུལ་ནས་སེམས་པ་རྨས་ཤིང་ཁེར་རྐྱང་མཁའ་ལམ་འགྲིམས་ནས་འོང་།།
སྙན་ཞིང་འཇེབས་པའི་གསུང་དབྱངས་དྲུག་བཅུའི་ལམ་སྟོན་མགུར་གླུ་ཉན་དུ་འོང་།།
མི་ཡི་ཡུལ་ནས་མི་སེམས་འཁྱར་པོ་ཟླ་བའི་གྲོང་དུ་ཕེབས་ལགས་སམ།།
དྲང་པོའི་སྨྲ་བ་དྲང་པོས་བསླུས་པའི་ཆོས་ཉིད་རྫུན་གྱི་གཡབ་མོ་འདིས།།
བདེན་པར་འཁྲེན་པའི་འཁྲེན་ཞེན་དམ་པོའི་དམ་ཚིག་མདུད་པ་ས་ལ་བོར།།
ས་ཆེན་འདི་ན་བདེན་པའི་གནས་ལུགས་མི་འདུག་མ་གསུང་རིགས་ཀྱི་བུ།།
ཕུགས་འདུན་ཕུགས་ཀྱི་ཉི་མ་གཞོན་ནུ་སྨུག་སྤྲིན་ཡོལ་བའི་རྒྱབ་ཏུ་ཆུད།།
སུ་དང་སུ་ཞིག་ལྷན་དུ་འབྲེལ་བའི་སེམས་བསྐྱེད་པདྨའི་ལོ་འདབ་ཅན།།
ཉིན་བྱེད་སྣང་བའི་སྐྱོ་རོགས་མེད་པར་ལོ་དང་ཟླ་བའི་ཁ་གྲངས་རྫོགས།།
ག་འགྲོ་མེད་པའི་ཆུ་སྐྱེས་བུ་མོའི་རྣམ་ཤེས་འཁྱམ་པོ་ལན་གཅིག་གསོན།།
སེམས་པ་ཁྱགས་ཀྱིས་ཤིན་ཏུ་བརྡུངས་པའི་སྡུག་བསྔལ་དྲག་པོའི་མེ་ལྕེ་འདི།།
ཆུ་ཡི་རླན་དང་བདུད་རྩིའི་ཟེགས་མ་བསིལ་ཟེར་ཅན་གྱི་རེག་བྱས་ཀྱང་།།
ཞོམ་པར་མི་ནུས་ལྷ་ཡི་ལུང་དང་བདེན་པའི་མེ་ལོང་ནང་དུ་གསལ།།
ཟླ་བའི་ལྷ་མོས་འདི་སྐད་བརྗོད་ཅིང་གླིང་བཞི་སྐོར་བའི་ལམ་ལ་ཞུགས།།
སྤྲིན་དང་ཟླ་བའི་ལམ་གྲོགས་མེད་པར་མཁའ་ལམ་ཡངས་མོའི་གྲུ་ཟུར་ན།།
སེམས་པ་སེམས་ཀྱི་དྲ་བར་ཚུད་དེ་མི་སྨྲའི་རྟུལ་ཞུགས་དང་དུ་བླངས།།
ཐོ་རེངས་དེ་ཕོའི་སྐད་ངག་སྙན་མོས་ཏིང་འཛིན་གཉིད་ཀྱི་ཞིང་ཁམས་དཀྲོགས།།
བདག་ནི་མལ་གདན་གྲུ་བཞིའི་སྟེང་དུ་སྣང་བ་སྐྱིད་པའི་གཉིད་པ་ཞིག།།
2012/10/12 ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།