དབུས་ལམ་རིང་མོ།
རྨི་ལམ་སྟོང་གི་ཤེལ་གྱི་ཕོ་བྲང་དེ་ན ། །
རེ་སྒུག་ཁྲི་ཡི་ལུས་ཀྱི་ཨ་ཐང་ཆད་པའི ། །
གཅེས་པའི་མིག་གིས་སེམས་པ་རྗེན་དུ་བཏོན་པ ། །
སེམས་པ་ཉིད་ཀྱིས་ཁམས་ཀྱི་གཙང་བོ་བརྒལ་དགོས ། །
ལུས་སེམས་གཉིས་ཀྱི་ཕ་རོལ་ཤུགས་ཀྱིས་བརྒལ་བས ། །
འཇིག་རྟེན་སྣང་བ་རྩྭ་མགོའི་ཟིལ་བ་འདྲ་བྱུང་ ། །
ལམ་ཐག་རིང་བོ་དད་པའི་ཨ་ལོང་བཙན་པས ། །
སྐད་ཅིག་ཉིད་ལ་སེམས་ཀྱི་གཙང་བོ་བརྒལ་འདུག །
ཡངས་པའི་རྒྱལ་ཁམས་སྔོ་ལྗང་གཡུ་ཡི་བཀོད་པ ། །
སྔོ་ལྗང་གཡུ་ལོ་ཙན་དན་དཀར་པོ་བརྒྱན་པ ། །
ཁང་མིག་གྲུ་བཞི་དམྱལ་བའི་ཁམས་དང་འགྲན་པ ། །
དེ་རིང་ཁོ་བོའི་མིག་གི་དཔལ་དུ་མངོན་བྱུང་ ། །
སེམས་དང་ལུས་པོ་ཤེལ་གྱི་མེ་ལོང་འགྲམ་དུ ། །
ཞབས་རྗེས་རབ་རིབ་བཅོས་མིན་མཁའ་ལ་གཏོར་བཞིན ། །
ལྷུག་ཚིགས་དཀར་པོ་གངས་ཀྱི་ཁ་བས་བཟུང་བ ། །
མ་གསང་སྙིང་གཏམ་གསོང་བོར་སུ་ལ་བཤད ། །
2012-1-9 ཕྱི་དྲོར་དབུས་ཀྱི་ཀན་ལྷོའི་གསོལ་མགྲོན་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།