བདེན་གཏམ་ཀྱ་མ་ཀྱུ།
དེང་གི་དུས་འདིར་གོ་གནས་བསམ་པའི་རང་རིགས་དཔོན་པོ་མང་།།
དེང་གི་དུས་འདིར་ཉེས་མེད་གཅར་བའི་སྡིག་ཅན་དཔོན་པོ་མང་།།
དེང་གི་དུས་འདིར་བདེན་ལུགས་མེད་པའི་ཁྲིམས་ལུགས་རྫུན་མ་མང་།།
དེང་གི་དུས་འདིར་ཆོས་ལ་མི་དད་དཔོན་ངན་གཏེ་བོ་མང་།།
དེང་གི་དུས་འདིར་དམ་ཆོས་མི་ཤེས་གྲྭ་བ་རྫུན་མ་མང་།།
དེང་གི་དུས་འདིར་མཛེས་མར་ཆགས་པའི་གྲྭ་བ་སྡོམ་ཤོར་མང་།།
དེང་གི་དུས་འདིར་དུ་ཆང་སྤྱོད་པའི་གྲྭ་བ་ཆང་རྐྱལ་མང་།།
དེང་གི་དུས་འདིར་ཆོས་ལ་སྡང་བའི་གྲྭ་བ་གཏེ་ངན་མང་།།
དེང་གི་དུས་འདིར་རྒན་ལ་མི་བཀུར་ན་གཞོན་ཕོ་མོ་མང་།།
དེང་གི་དུས་འདིར་ཕ་མར་སྡང་བའི་གཞོན་ནུ་གསར་བུ་མང་།།
དེང་གི་དུས་འདིར་གཞན་ནོར་རྐུ་བའི་གཞོན་ནུ་རྐུན་མ་མང་།།
དེང་གི་དུས་འདིར་རང་ལུས་བཙོང་བའི་སྨན་ཤར་བུ་མོ་མང་།།
དེང་གི་དུས་འདིར་ཆོས་ལ་སྡང་བཞིན་མ་ཎི་འདོན་མཁན་མང་།།
དེང་གི་དུས་འདིར་སྐམ་ལུག་བཤའ་བཞིན་ཐར་མདོ་འདོན་མཁན་མང་།།
དེང་གི་དུས་འདིར་ཡོན་ཏན་མེད་བཞིན་བཀའ་བསྟན་ཀློག་པ་མང་ །།
དེང་གི་དུས་འདིར་བསམས་ངན་བཅངས་ནས་སྒྲོལ་མ་འདོན་མཁན་ཡོད།།
དེང་གི་དུས་འདིར་བརྗོད་བྱ་མི་གསལ་ལྷུག་རྩོམ་འབྲི་མཁན་མང་།།
དེང་གི་དུས་འདིར་སྡེབ་སྦྱོར་མི་ལེགས་ཚིགས་བཅད་འབྲི་མཁན་མང་།།
དེང་གི་དུས་འདིར་བརྩེ་དུང་མེད་པའི་སྙན་ངག་འབྲི་མཁན་ མང་།།
དེང་གི་དུས་འདིར་གནས་ལུགས་མེད་པར་དགག་པ་རྒྱག་མཁན་མང་།།
རྩོམ་ཁུངས། ངེད་དྲ་བ།