ལྷས་བརྐུས་པའི་རྒྱ་སེ་མེ་ཏོག
ལུས་མེ་ཏོག་བཞིན་དུ་གཙང་བ་ཡི།།
ཞལ་ཟླ་བ་བཞིན་དུ་མཛེས་པ་ཡི།།
སེམས་འོ་མ་ཡིན་པའི་སྙིང་སྡུག་མ།།
མགོའི་ལན་བུ་བྲེགས་ནས་གང་དུ་སོང་།།
སྤྱན་སྐར་རྒྱན་བཞིན་དུ་ཆེ་བ་ཡི།།
ཚེམས་དུང་འཕྲེང་བཞིན་དུ་དཀར་བ་ཡི།།
ངག་གླིང་བུ་ཡིན་པའི་བུ་མོ་ཁྱོད།།
ཆོས་འདོད་སྐད་ལྷང་ངེ་གང་ན་ཡོད།།
དབེན་ཐིང་ཐིང་ཡིན་པའི་རི་ཁྲོད་ཀྱི།།
འཁྱག་སིབ་སིབ་ཅན་གྱི་གཟིམ་ཆུང་གི།
གཟུགས་སྙུག་མ་འདྲ་བའི་བཙུན་ཆུང་མ།།
ངའི་རྨི་ལམ་ནང་དུ་ཐེངས་གཅིག་ཤོག།
རྩོམ་ཁུངས། ངེད་དྲ་བ།