ཛམྦྷ་ལའི་བསྟན་པ།
ཤཱཀྱ་ཐུབ་པའི་མཆོད་སྟེགས་སྟེང་།།
སིལ་ཏོག་འགའ་ཡི་བསྙེན་བཀུར་གདའ།།
གནོད་སྦྱིན་དབང་བོའི་སྐུ་མདུན་ན།།Z
གསེར་དངུལ་འབུལ་བ་ལྕི་མོས་མནན།།
ཤཱཀྱ་ཐུབ་པའི་རྗེས་འབྲང་བ།།
ཉིན་རེ་བཞིན་དུ་ཉམས་པར་གྱུར།།
ནོར་གྱི་བདག་པོའི་རྒྱུད་འཛིན་པ།།
སྐར་ཚོགས་ཉིད་དུ་འཕེལ་བར་བྱུང་།།
ཡར་གི་དཔོན་པོའི་ཕོ་བྲང་ན།།
ཛམྦྷ་ལ་ཡི་གསེར་སྐུ་རྫིག།
མར་གི་སྤྲང་བོའི་གཞི་ཁྱིམ་ན།།
ནོར་ལྷའི་ཐང་ག་བརྗིད་ཉམས་ཤིག།
བཅོམ་ལྡན་འདས་ཀྱི་གསུང་རབ་དག།
འཆད་པའི་མཁས་པ་ཡོད་མ་ཡིན།།
ནོར་གྱི་བདག་པོ་གླེགས་བམ་ཀུན།།
མར་གི་སྤྲང་བོ་ཀུན་གྱིས་འཆད།།
ཤཱཀྱ་ཐུབ་པའི་བསྟན་པ་འདི།།
མར་ངོས་ཟླ་བ་བཞིན་དུ་ཉམས།།
ཆུ་ཡི་དབང་བོའི་གདུལ་བྱ་དག།
ཡར་ངོས་བསིལ་ཟེར་ལྟར་དུ་འཕེལ།།
ནོར་གྱི་དབང་ཕྱུག་ཆོ་ག་འདི།།
ཡར་གི་ཕྱུག་པོ་གཞིའི་སྲུང་ཡིན།།
མར་གི་དབུལ་བོ་རིམ་གྲོ་ཡིན།།
དབྱུག་འཛིན་སྤྲང་བོའི་ཁ་འདོན་ཡིན།།
ཕྱུག་པོ་མེད་པར་བསྒྱུར་འདོད་ན།།
ནོར་གྱི་བདག་པོ་ཁྱེད་ཉིད་ཡིན།།
སྤྲང་བོ་ཕྱུག་ཏུ་འཕེལ་དགོས་ན།།
དེ་ཡང་འཛམ་ལྷ་ཁྱེད་ཉིད་ཡིན།།
ཀུན་གྱིས་བཀུར་བ་ཁྱེད་ཉིད་ཡིན།།
ཀུན་གྱིས་དགའ་བར་ཁྱེད་ཉིད་ཡིན།།
ནོར་གྱི་བདག་པོ་ཛམྦྷ་ལ།།
ཁྱེད་ལ་མི་དགའ་སུ་ཞིག་ཡོད།།
རྩོམ་ཁུངས། ངེད་དྲ་བ།