སེང་ཕྲུག་བདག་ལ་སེམས་གཏམ་འདི་ཙམ་མཆིས།
ལས་ཀྱི་རླུང་བུ་ཕྱོགས་མེད་ལྡང་བའི་ཁྱིམ།།
གང་སྐྱེ་ཅི་མྱོང་རང་དབང་མེད་པའི་གཞིས།།
རིགས་དང་སྐྱེ་བ་ངེས་མེད་ཐོབ་པའི་གནས།།
བསླུ་མེད་མཆོག་གསུམ་རྟག་ཏུ་སྤྱི་བོར་ལེན།།
ཚེ་སྔོན་ལྗོན་པའི་ས་བོན་དབེན་པར་བཏབ།།
སྨིན་པའི་ཤིང་ཡང་ཡལ་འདབ་ཚོགས་ཀྱིས་བརྒྱན།།
རྒྱ་བོད་གསུང་གི་གྲིབ་བསིལ་ཉེར་ཐོབ་ན།།
ཉིན་རེ་བཞིན་དུ་ཡར་ལ་སྐྱེ་བར་ཤོག།
རིགས་པ་དམན་ཞིང་གོ་བ་ཅུང་ལེགས་པ།།
བརྩོན་འགྲུས་བྲལ་ཞིང་མི་གཤིས་མདའ་བཞིན་དྲང་།།
ཀུན་གྱིས་སེང་ཕྲུག་འབོད་པ་བདག་ལ་ཡང་།།
སྐྱོ་བའི་གླུ་ཆུང་ཡོད་ཕྱིར་ཅུང་ཟད་གསོན།།
ཨ་མ་རྒས་པས་ལུས་ཀྱི་མདངས་ཡང་ཤོར།།
བུ་ལ་འཁྲེང་བའི་མིག་ཟུང་སྙིང་གི་བརྗིད།།
ཕ་རྒན་ཚེ་ཡང་ཆང་གིས་ཟད་ཁ་མ།།
སེང་ཕྲུག་བདག་ལ་སྡུག་བསྔལ་ངེས་པར་ཡོད།།
ཐུབ་དབང་གསུང་ཟབ་བློ་བཟང་གྲགས་པས་བཀྲལ།།
དེ་ཡི་དྲིན་ལས་མཁས་མང་བྱོན་པ་བདེན།།
ང་ནི་འབད་ཀྱང་ལྟ་བའི་ཕྱོགས་ཙམ་ཡང་།།
སེང་ཕྲུག་བདག་ལ་འདང་རྒྱག་ངེས་པར་ཡོད།།
བདག་གི་ལེགས་ཚོགས་སྙན་པའི་ཆོ་ལོ་ལ།།
དགའ་བར་མི་འགྱུར་རྩོད་ཟླ་ཕྲག་དོག་ཅན།།
མིང་ཙམ་ཕྱིར་དུ་དཀའ་བ་ལེན་པ་དག།
མཐོང་བས་ཡིད་ཀྱི་གཏིང་ནས་སྐྱོ་བར་འགྱུར།།
ང་ཡང་འབད་པས་ཅུང་ཟད་བསགས་པའི་དགེ།།
མི་སྡོད་ཆུ་ལ་བཏབ་པའི་ཚྭ་བཞིན་དུ།།
ཁོང་ཁྲོའི་ཚོགས་ཀྱིས་ངེས་པར་བཅོམ་ཡོད་པས།།
སེང་ཕྲུག་བདག་ལ་སེམས་ཁུར་ངེས་པར་ཡོད།།
སྒྱུ་མའི་ཚུལ་ལ་ངེས་པ་མ་རྙེད་པས།།
མཛེས་པའི་ཞལ་དང་འཇམ་པའི་ངག་གིས་བསླུས།།
མིག་དང་སེམས་ཀྱི་སྒོ་སྲུང་གཉོམ་པ་ཡིས།།
ལྷ་མོ་ནང་དུ་ཤོར་ལ་གཟབ་དགོས་ཡོད།།
བྱིས་པའི་དུས་སུ་རང་གིས་འདམ་པའི་ལམ།།
འབད་པས་བགྲོད་དེ་མཐའ་རུ་ཕྱིན་དགོས་མོད།།
ལམ་དུ་འཁྲུངས་པའི་མེ་ཏོག་རྐང་གཅིག་ཀྱང་།།
རྡོག་པས་མནན་པས་དྲན་གདུང་ངེས་པར་ཡོད།།
ཐོས་བསམ་ཆོས་སུ་སོང་མིན་ཐེ་ཚོམ་ཡུལ།།
ཕྱི་མར་མྱོང་འགྱུར་ལས་ནི་ཅི་འདྲ་ཞིག།
ང་དང་ང་འདྲའི་གྲོགས་ཀྱི་མདུན་ལམ་ལ།།
ཞིབ་ཏུ་བསམ་པས་སེམས་ཁྲལ་ངེས་པར་ཡོད།།
རིགས་ཀྱིས་མཆོག་ཀྱང་ཕལ་བ་ལས་ཀྱང་ཕལ།།
ནོར་གྱིས་ཕྱུག་ཀྱང་དབུལ་བོ་ལས་ཀྱང་དབུལ།།
ལྷ་དར་ནང་ནས་དར་བའི་སྐུ་སྐྱེས་ཚོའི།།
གཟིམ་ཁང་དྲོད་ཀྱིས་སྟོང་ལ་ཡིད་རེ་ཕངས།།
སྔོན་ཚེ་མི་ཞིག་སྙིང་གི་ཕྱེད་ཀར་གྱུར།།
དེ་ཡི་ཕྱིར་དུ་ལྷག་བསམ་མ་ལུས་ཕུལ།།
ད་ནི་འགྱོད་དོ་བསམ་པ་རྣམ་དག་གིས།།
རི་ཡི་པང་ནས་ལང་ཚོ་རྒ་བར་འདོད།།
མ་འོངས་བྱ་བར་སྡོམ་ཚིག་འཇོག་དཀའ་ཡང་།།
འབད་པ་ཆེན་པོས་རང་ལུས་སྲུང་བར་འདོད།།
མི་བཟློག་སྔོན་བྱས་པ་ཡི་ལས་དབང་གིས།།
ཕམ་པར་གྱུར་ཚེ་བརྩེ་ལྡན་ལྷ་ཡིས་དགོངས།།
རྒས་པ་ཕ་མའི་ཞལ་ལ་བལྟ་མི་ཕོད།།
མི་རིང་གྱེས་པར་བསམ་ཚེ་མིག་ཀོང་ཆུ།།
བདག་ལ་ངེས་པར་སྨིན་པའི་རྣམ་སྨིན་ཡིད་འོང་བ།།
ཐམས་ཅད་དྲིན་ཆེན་མི་ཡི་ཕྱིར་དུ་བསྔོ།།
བརྒྱ་རེ་བརྒྱ་རེ་བཀོལ་ནས་བརྒྱ་ལ་ཐུག།
བཅུ་རེ་བཅུ་རེ་སྤྱད་ནས་བཅུ་ལ་ཐུག།
གཅིག་རེ་གཅིག་རེ་རླག་ནས་གཅིག་ལ་ཐུག།
ཤེས་རབ་ཕྱིར་དུ་འཚོ་བ་འདི་ལ་དུངས།།
གཞུང་ཆེན་བཀའ་པོད་ལྔ་ཡི་སྒོ་མོ་དོག།
རིགས་པ་ཤིན་ཏུ་ཕྲ་བ་དག་གི་ཡུལ།།
ཆེ་དང་རྩེ་མོའི་མཚན་ཐོབ་མི་ལྡན་ཀྱང་།།
གཞུང་གི་འགྲེལ་ལ་མི་དམན་པ་ཡི་གྲས།།
ཞྭ་མོའི་ཟུར་སྣེ་ཟད་ནས་གྲོགས་དག་དགོད།།
ཟངས་པ་སྣུམ་དང་བྲལ་ནས་སྐྱ་ཐོ་ཐོ།།
གོས་དང་ཟས་སོགས་ཕྱི་ཡིས་འཕོངས་གྱུར་ཀྱང་།།
ཐུབ་དབང་རྗེས་སུ་ཞུགས་པ་མཐའ་རུ་སྐྱིད།།
ད་ནི་ཇི་སྲིད་འཚོ་བའི་བར་དག་ལ།།
ཕྱི་དང་ནང་གི་དཀའ་བ་ཅིར་འཕྲད་ཀྱང་།།
སེམས་ཀྱི་ལྷ་མཆོག་ཞལ་ལ་ཅེར་བ་ལས།།
སྡུག་བསྔལ་ཞུ་ས་གཞན་ནི་ཡོད་མ་འདོད།།
རྫུན་དང་མ་འདྲེས་ཇི་བཞིན་ལབ་པ་འདི།།
རང་ཤག་བྱིན་རླབས་འཁྱིལ་བའི་ལྡིང་ཁང་ནས།།
གནང་བ་མེད་པར་ཅི་འདོད་སྦྱར་བ་འདི།།
ཕྲག་དོག་ཅན་དག་དགའ་བ་དགྱེས་བྱེད་མིན།།
2012.6.3ལ། ཆོས་མིང་སངས་རྒྱས་རྒྱ་མཚོར་འབོད་པས།
རྩོམ་ཁུངས། ངེད་དྲ་བ།