དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་ལ་ཕུལ་བའི་ཞུ་འཕྲིན།

རྡོ་སྦིས་སྒྲོལ་མ་འབུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-26

   ༅༅།།ཕྱི་ནང་གཙུག་ལག་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་གཟེངས་སུ་མཐོ་བའི་དགེ་བའི་བཤེས་གཉེན་ཆེན་པོ་སྙིགས་དུས་ཀྱི་ལོ་རྒྱུས་སྨྲ་བ་འགོས་ལོ་གཞོན་ནུ་གཉིས་པར་བསྔགས་པ་རིག་སྨོན་པ་བཤད་སྒྲུབ་རྒྱ་མཚོ་མཆོག་གི་སྤྱན་སྔར་ཕུལ་བའི་ཞུ་འཕྲིན་ཟླ་གཞོན་ཕོ་ཉར་བཅོལ་བའི་རིག་བྱེད་དབུགས་དབྱུང་གླིང་བུའི་འགྱུར་ཁུག
 
  ན་མོ་སྭ་ར་སྭ་སྟི།
དབང་ཕྱོགས་ཁྲ་མདོངས་ལྷུན་པོའི་སྤོ་ནས་ཟླ་གཞོན་དལ་གྱིས་འཛུམ་ཞིང་མངོན།།
འོད་དཀར་ལག་པའི་འདབ་མ་གཡོ་ཞིང་རབ་གསལ་མིག་གི་སྒོར་བསྲིངས་ཏེ།།
བསིལ་འཇམ་རླུང་བུའི་རླབས་དང་འགྲོགས་ཤིང་སེམས་ཀྱི་བུ་ཆུང་གཉིད་བསླངས་ཚེ།།
སྲིད་ཞིའི་ལེགས་ཚོགས་ཆར་དུ་བསྙིལ་བའི་བླ་མ་དྲན་པའི་གསོས་ཤིག་བཏབ།།
དེ་ཚེ་མཚན་དཔེའི་བཞིན་ལེགས་སྐུ་ཡི་ཉིན་བྱེད་བདག་བློ་སྔོ་བསང་མར།།
ལེགས་པར་འཆར་བས་གདོད་ནས་གོམས་པའི་མ་རིག་བག་ཆགས་མཐུག་པོའི་མུན།།
ཀུན་ནས་འཇོམས་ཤིང་ཡིད་ཀྱི་གངས་རིར་དྲན་གདུང་ཚ་ཟེར་རེག་ཙམ་གྱིས།།
མཆི་མའི་ཕྲེང་བ་ཆལ་ཆིལ་བཞུར་བའི་ཚད་མེད་སྐྱོ་གདུང་ལྷན་ཅིག་བྱུང་།།
ད་ནི་སྡེབ་ལེགས་ཚིག་གི་སྲད་བུར་དོན་འབྲས་རིན་ཆེན་ཕྲེང་བརྒྱུས་པའི།།
སྙན་ངག་ཕྲ་ཡི་འོད་རླབས་འཁྱུད་པའི་ཞུ་འཕྲིན་རིན་ཆེན་དོ་ཤལ་འདི།།
ཕོ་ཉའི་དྭངས་མ་སུ་ལ་འོས་ཞེས་ཀུན་ཏུ་བརྟག་པ་ལ་ཞུགས་ཚེ།།
རྒྱུ་སྐར་ཚོམ་བུ་བྱེ་བའི་ཁྲོད་ནས་ཟླ་གཞོན་སྟོབས་ཀྱིས་མངོན་པར་འཕགས།།
དེའི་ཚེ་རྡོ་སྦིས་ནོར་འཛིན་སྒེག་མོས་འདི་ཡི་སྤྱོད་པ་ངོ་མཚར་ཞེས།།
བསྔགས་པའི་གཞུང་ཆུ་སྔོན་མོའི་གླུ་སྒྲས་དྲི་ཟའི་འཇིག་རྟེན་གཏེར་དུ་སྒྲུབ།།
གཡུ་མཚོ་དྭངས་པའི་མེ་ལོང་ཟུང་གཅིག་དག་གཙང་འབྱིན་པའི་ཆས་སུ་སྦྱིན།།
སྲབ་འཇམ་ཡང་པའི་སྤྲིན་དཀར་ན་གཟའ་བཤུལ་ཆེན་འགྲིམས་པའི་གོས་སུ་གནང་།།
དར་རྒྱལ་ལྷུན་པོས་སྤྲིན་ཕུང་ཞ་ཕུད་བྲག་ཐོ་མཐེ་བོང་བསླངས་ཏེ་བསྟོད།།
སྟོང་རིས་ནགས་མའི་ཕྱག་འདབ་གཡོ་བཞིན་ཤག་ཤག་ཅོ་ཅོའི་གཞེན་སྐུལ་སྒྲོགས།།
གུང་ཡེས་ཁྱུང་རྩེ་གྲོགས་ལ་སྦྲན་ཏེ་དགུ་ཚུགས་སྐྱ་མོའི་དངུལ་ཟམ་འཕངས།།
དམར་ཡག་སྟག་རི་ཡིད་འཕྲོག་གྱུར་ཏེ་ཐང་ན་འགྱིང་པའི་བརྟུལ་ཞུགསའཛིན།།
དེ་འཕྲལ་འོད་བརྒྱས་སྒེག་པ་སྦྱིན་པའི་ཟླ་གཞོན་བཞིན་རས་མཚར་སྡུག་ཅན།།
ཐག་རིང་བཤུལ་ལམ་འགྲིམ་ལ་རིངས་པའི་གོམ་སྟབས་སྤྲིན་པའི་ཐེམ་ལ་བཀོད།།
འཇའ་གུར་མཆོར་ཆས་ལེགས་པར་སྤྲས་ཤིང་རི་དྭགས་གཟུགས་རིས་སྤྱན་ཤེལ་མནབས།།
བདུད་རྩིའི་བཏུང་བ་ཧུབ་ཀྱིས་མཆོད་ཅིང་བྲེལ་ཤ་ལངས་པའི་ཉམས་ཀྱིས་འཚེངས།།
ད་ནི་ཡིད་ཀྱི་འཁྲུ་ཤིང་ལ་ནི་རེ་བའི་རླུང་གཞོན་གྱིས་བསྐྱོད་པས།།
ལག་སོར་འདབ་མ་སྙིང་གར་བཀོད་ཅིང་མགོ་ལྕོག་ལྕང་ལོ་བཞིན་དུ་ལྡེམ།།
དགའ་སྐྱོ་འདྲེས་མའི་མཆི་མའི་ཟིལ་བ་མུ་ཏིག་སྡེར་སྤུངས་གཏོར་བ་མཚོན།།
བསྟོད་དབྱངས་ངག་གི་རོལ་མོ་འཁྲོལ་བ་ཁུ་བྱུག་བུ་མོའི་སྐད་ལ་ཟ།།ཀྱེ་ཀྱེ་ལེགས་པར་གསོན་དང་ལྷ་ཡི་བུ།།འདི་ནས་ལྷོ་ཕྱོགས་ཡུལ་གྱིས་བསྐལ་བའི་སར།།དག་པའི་ཞིང་ཁམས་ས་ལ་འཕོས་སྙམ་པའི།།སྡེ་བཞིའི་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཡོད།།བཤད་སྒྲུབ་ཡོན་ཏན་སེང་གེའི་འོ་མའིབཅུད།།མཁྱེན་རབ་གསེར་གྱི་བུམ་པར་ལེགས་བསྐྱིལ་བའི།།ལེགས་བཤད་རྒྱ་མཚོའི་མཛོད་འཛིན་དགེ་བའི་བཤེས།།
བསྟན་འགྲོའི་མགོན་དུ་བཞུགས་སོ་དེར་བགྲོད་ཅིག།
ཤེས་རབ་རྣམ་བཞིའིརྡོ་རྗེ་འཁོར་ལོ་ཡིས།།
རྨོངས་པའི་བྲག་རི་ཐལ་བར་བརླག་པའི་དཔྱིད།།
རྗེ་བཙུན་མཁྱེན་པའི་གཏེར་ཆེན་གང་དེ་ཡིས།།
བྱིན་རླབས་མཆོག་གིས་ཁྱེད་ལ་སྲུང་གྱུར་ཅིག།
དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་ཆེན་ཚོགས།།
ཁྱད་པར་ལྗོངས་འདིར་སྟོབས་ཀྱིས་དབང་བསྒྱུར་བའི།།
ལྷ་ཆེན་མཐུ་ལྡན་སྟོང་དར་གུང་གསུམ་གྱིས།།
གེགས་མེད་བསམ་དོན་འགྲུབ་པའི་ཤིས་པ་སྩོལ།།
གསེར་དངུལ་གཡུ་བྱུར་མུ་ཏིག་རིན་ཆེན་གྱི།།
ནོར་བུའི་གླིང་དང་རྟ་ལུག་ནོར་གྱི་རྫོང་།།
འབྲུ་རིགས་སྣ་ལྔ་འཁྲུངས་པའི་ཞིང་མཆོག་ཏུ།།
གསེར་སྨུག་ལྗོངས་འདི་འབྲུག་བཞིན་ལྡིར་མོད་ཀྱང་།།
ལེགས་བྱས་བསོད་ནམས་དམན་པའི་བུ་ཆུང་ངར།།
ལྷུན་གྱིས་གྲུབ་པའི་འབྱོར་བའི་བདོག་པ་མེད།།
འབད་པས་བསྒྲུབས་པའི་ནོར་གྱིས་ཕྱུག་མིན་མོད།།
གང་གང་གཅེས་པ་འདེམས་ལ་རྫོངས་པར་སྣོམས།།
ལྷག་པར་ཡུལ་འདིའི་ཁྱད་ནོར་ཕུལ་བྱུང་བ།།
སོ་ནམ་རྒན་པོའི་རྩོལ་བའི་འདུ་བྱེད་ལས།།
བྱོན་པའི་ལོ་ཡག་སྙེ་མ་དར་དཀར་གྱིས།
ལྕིབས་པ་འདི་ཡང་མཇལ་བའི་སྐྱེས་སུ་སྣོམས།།
ད་ནི་ཚན་རིག་འཕྲུལ་གྱིས་ནི།།
བཏོད་པའི་བདེ་སྙོམ་གཞུང་ལམ་སྟེང་།།
ངང་པའི་བུ་མོ་རབ་དྭངས་མཚོར།།
དགའ་བཞིན་འཇུག་པའི་ཚུལ་གྱིས་ཞུགས།།
སྟོན་རླུང་བསིལ་བུས་གཡོ་བའི་ཤིང་།།
གསེར་ལོ་མཁའ་ལ་སྤུར་བ་ནི།།
ལམ་འགྲམ་དག་ཏུ་སྐྱེ་བོ་རྣམས།།
མེ་ཏོག་གཏོར་བཞིན་སྐྱེལ་བ་མཚུངས།།
དྭངས་གཙང་བསིལ་བའི་ཆུ་ཀླུང་རྒྱུན།།
དབུ་དཀར་འཐོར་བཞིན་རྒྱུགས་པ་ནི།།
ཐག་རིང་བགྲོད་པའི་མཛའ་བོ་ལ།།
མཆི་མ་གཏོར་བཞིན་སྐྱེལ་བ་འདྲ།།
རི་བོ་ཟངས་ཀྱི་གོ་ཁྲབ་ཅན།།
གཡས་དང་གཡོན་ན་ཕྲེང་བསྟར་བ།།
དྲག་ཤུལ་རྫོགས་པའི་དཔའ་བོའི་ཚོགས།།
དགྲ་འགོག་སྲུང་མའི་ཆས་སུ་རྫོགས།།
སྨིན་ལེགས་འབྲས་བུས་དུད་པ་ཡི།།
གསེར་མདོག་ལྡན་པའི་འབྲས་ཤིང་ཚོགས།།
ལམ་གྱི་ངལ་བས་དུབ་གྱུར་བའི།།
མགྲོན་ལ་ཟས་སྟོན་བཤམས་པ་བཞིན།།
གསེར་སྨུག་ལྗོངས་འདིའི་ནོར་འཛིན་མར།།
སྣང་བ་དམ་པས་ལེགས་ཁྱབ་པའི།།
དགོན་མཆོག་མ་ལག་བཅུ་གསུམ་ནི།།
ཁྱོད་ལ་ལམ་སྟོན་ལྟ་བུར་བཞུགས།།འཛམ་གླིང་མཁས་དགུའི་གཙུག་གི་རྒྱན།།རྡོ་སྦིས་དགེ་བཤེས་རིན་པོ་ཆེའི།།སྲིད་ཞིར་ཁྱབ་པའི་གྲགས་སྙན་གྱི།། དྲི་བཞོན་ཁྱོད་གྱི་གྲོགས་ལ་བསྡོངས།།
སྔོན་དུས་ཆོས་རྒྱལ་ཨ་ཤོ་ཀའི།།
ཐུགས་རྗེ་འཕྲུལ་ལས་ལེགས་བྱོན་པའི།།
རྡོ་སྦིས་མཆོད་རྟེན་རང་བྱོན་ནི།།
བྱིན་རླབས་སྲིད་ཞིའི་ཁྱོན་ན་ལྕི།།
བར་བར་ལམ་གྱི་ངོགས་རྣམས་སུ།།
ཟར་སྡེ་ཕྲེང་བ་ལྟར་ཆགས་པ།།
དྲང་སྲོང་སེར་སྐྱས་ཞིང་བཟང་འདིའི།།
ཁེངས་པ་འཕྲོག་པའི་ཕོ་ཉར་འཕྲུལ།།
དེ་ནས་ཡ་རྫི་རྫོང་མཁར་ཞེས།།
མདོ་སྨད་ལྗོངས་འདིའི་ནོར་འཛིན་གྱི།།
འཚལ་ཏོ་ཅོག་གི་མཛེས་སྡུག་ནི།།
ཐིག་ལེར་བཟླུམས་པ་ལྟ་བུར་ཡོད།།
དེ་ན་སྦྲང་རྩི་བློ་གྲོས་ཀྱིས།།
བྱིན་གྱིས་བརླབས་པའི་ཨ་རབ་མིས།།
འཇིག་རྟེན་གཉེར་བའི་ཡོ་ལང་གིས།།
མིག་སྟོང་ལྡན་པའང་རབ་རིབ་བྱས།།
སྲོག་གཅོད་སྡིག་ལ་རྔམ་པའི་བཤན་པ་རྣམས།།
ཉམ་ཆུང་སྐམ་ལུག་སྲོག་ལ་གཟན་པའི་མཚོན།།
གཤེད་དུ་བབས་པའི་ཁྲག་ཞག་འཁྱིལ་བའི་མཚོར།།
འབྱུང་བོ་རོལ་བའི་རྐན་སྒྲ་མཚན་མོའི་དབྱངས།།
རྫོང་གི་འདབས་རོལ་རྨ་ཀླུང་དལ་འབབ་སྟེ།།
གསེར་གྱི་བྱེ་མ་འདྲེན་བཞིན་རྒྱུ་བ་ནི།།
གཡུ་འབྲུག་སྔོན་མོ་གར་དགུའི་འགྱིང་བག་གིས།།
ས་ལ་འཁྱུག་པའི་ཉམས་དེས་དོ་ཟླ་མིན།།
ཉིན་གུང་ཉི་མའི་ཚ་གདུང་ཞི་བྱེད་དུ།།
བསིལ་བའི་བདེ་དགའ་སྦྱིན་པའི་འཇུག་ངོགས་སུ།།
མཆོང་སྟབས་གཅིག་གིས་འཁྲུས་ཀྱི་རོལ་གར་ལ།།
ངོམས་མེད་རོལ་བའི་རྩེད་དགའ་ཉམས་སུ་མྱོངས།།
ཕྱི་དར་བསྟན་པའི་མངའ་བདག་བླ་ཆེན་མཆོག།
རྒྱལ་སྲས་དམ་པ་དགོངས་པ་རབ་གསལ་གྱི།།
འཁྲུངས་གཞིས་དགེ་མཚན་རྫོགས་པའི་རྒྱ་ཞུ་གྲོང་།།
རྨ་ཀླུང་འགྲམ་ན་དག་ཞིང་ལྟ་བུར་ཆགས།།
དེ་དང་རྒྱང་གྲགས་གཅིག་གིས་ཆོད་པའི་སར།།
རྨད་བྱུང་གྲུབ་པའི་གནས་མཆོག་ཉམ་དགའ་བ།།
རི་བོ་དན་ཏིག་སྤྲུལ་བའི་ཞིང་ཁམས་ནི།།
ཨེ་མ་བདེ་ལྡན་ས་ལ་འཕོས་སྙམ་ཡོད།།
དམ་པ་རྣམས་ལ་ལེགས་བཤད་རིན་ཆེན་ལས།།
སྐྱེས་ཀྱི་མཆོག་ལ་གང་ཡང་མི་ཐེ་ན།།
ངོ་མཚར་སྲིད་ཞིར་དགེ་བའི་ལེགས་བཤད་གཏམ།།
ས་འདིར་རྫོགས་པར་མངའ་བས་སྐྱེས་སུ་སྣོམས།།
ཟས་ཀྱི་བྲོ་བ་གསལ་བྱེད་རོ་མཆོག་གི།
བཅུད་ལྡན་ཁ་དོག་དམར་བོའི་བཀྲག་མདངས་ཅན།།
གསོ་མའི་སྲད་བུའི་ཕྲེང་ལ་ལེགས་བརྒྱུས་པའི།།
ལ་ཅོ་རལ་བ་གཅིག་ཀྱང་སྐྱེས་སུ་སྣོམས།།
ད་ནི་མིའུ་ཐུང་གོམ་པ་ཡང་།།
ཁེངས་པ་བསྙིལ་བའི་གོམ་པའི་སྟབས།།
མགྱོགས་འགྲོ་བསེར་བུའི་བང་ཁ་ལ།།
འགྲན་པ་བཞིན་དུ་དྲག་ཏུ་རྒྱུ།།
དཔལ་ལུང་གཡང་གི་ར་བ་ན།།
བྱིན་ཆགས་མཛེས་པའི་་ཀ་མདོ་གཞུང་།།
རོ་བརྒྱ་འཁྱིལ་བའི་ཤིང་ཏོག་འབྲས།།
སྣ་ཚོགས་འབྱུང་པའི་གཏེར་དུ་བསྔགས།།
བཀྲེས་སྐོམ་གདུང་བ་ལྷག་མེད་དུ།།
འཇོམ་པའི་རྒྱགས་ལ་ཤིང་ཏོག་འགའ།།
བསྣམས་ཏེ་ར་རྫི་ལ་རིང་ནི།།
འགྲིམས་པའི་དཀའ་ཐུབ་རྒྱན་དུ་ལོངས།།
ལ་ལུང་སྡེབ་པའི་གཉེར་རིས་འཁྲུགས་པའི་དབུས།།
གཡང་གཟར་བྲག་རི་མཆེ་བ་འཐབ་པའི་ཁྲོད།།
འཐེན་པའི་བཤུལ་ནི་གཤིན་རྗེ་འཕྲང་བའི་ལམ།།
མངོན་སུམ་ས་ལ་སྣང་བའི་འཇིགས་རུང་ཡོད།།
སྤྱང་ཀི་ལ་སོགས་གཅན་གཟན་གཤེད་མའི་ཚོགས།།
གནམ་ས་བླ་འོག་ཕྱེ་མཚུངས་གདངས་པའི་ཁར།།
རྣོ་དབལ་མཆེ་བ་གངས་རི་ལྟར་འཁྲུགས་དབུས།།
དྲག་པོའི་ང་རོས་དོན་སྙིང་ལྐོག་མར་འབྱིན།།
གོམ་པའི་འཕྲུལ་ལ་བྱང་པའི་མིའུ་ཐུང་ཡང་།།
གོམ་སྟབས་འདར་བའི་ཀྱ་ཀྱུར་དཀྱོགས་པའི་ལམ།།
གོམ་པས་བགྲོད་དཀའ་བསྐལ་བའི་ཁུག་པ་ཡང་།།
གོམ་པ་གང་ལ་འགོད་པའི་ཁེངས་པ་འཛིན།།
དེ་ལྟ་ན་ཡང་སྙིང་སྟོབས་ཀྱི།།
དཔའ་བསྐྱེད་བརྩོན་པའི་དཔུང་བསྐུལ་ཏེ།།
དཀའ་ཐུབ་དྲག་པོའི་གཡུལ་ངོ་རུ།།
རྣམ་པར་རྒྱལ་བའི་མཚན་མ་སྒྲེངས།།
བ་ཡན་མཁར་ཞེས་ངོ་མཚར་གྱི་།།
གྲགས་པའི་སྣ་ཆ་ཕྱོགས་མཛེས་མའི།།
སྙན་ཤལ་ཟུར་དུ་འཕྱང་འཕྲུལ་གྱིས།།
མདོ་སྨད་འཛིན་མའི་རྒྱན་དུ་ཆས།།
ཟངས་ཞུན་དྭངས་མའི་མདངས་འཛིན་པའི།།
རྩ་བ་ཞེས་བྱའི་ས་ཡི་གཞི།།
ལག་དམར་ཤན་པས་ཤ་བཟན་ལུག།
གསོན་པོར་ལྟོ་ཁོག་ཕྱེ་དང་མཚུངས།།
ཞབས་རིས་བཏོད་པའི་མི་ཡུར་ཆེ།།
ལ་དམར་ཉག་གར་འཐེན་པ་ནི།།
ཁྲག་དམར་འཛར་བའི་རྒྱུ་མའི་ཞགས།།
འཕྲུལ་གྱིས་འཛིན་མར་བརྐྱངས་ལ་རྟོག།།
དེ་ཚེ་དུས་ཀྱི་བྱེད་པོ་ཡིས།།
ཕོ་ཉའི་དྭངས་མ་ཟླ་གཞོན་གྱི།།
ངོ་མཚར་སྤྱོད་བཟང་བརྟག་པའི་ཆེད།།
གདུག་རྩུབ་དགུན་གྱི་རྣམ་པར་འབྱུང་།།
འཐོར་རླུང་དྲག་པོས་བདས་པ་ཡི།།
ཁ་བ་བུ་ཡུག་སོག་ལེ་བཞིན།།
དྲག་ཏུ་འཚུབ་པས་སྔོ་བསངས་མའི།།
རྒྱུ་སྐར་ཚོགས་ཀྱང་ཁོག་འདར་བྱེད།།
སྐབས་དེར་ནོར་འཛིན་སྒེག་མོའི་སྔོ་ལྗང་གོས།།
ལྷགས་པས་རལ་བས་མི་སྡུག་གཅེར་བུའི་མདངས།།
མངོན་པས་སྙིང་ཉེར་གྱུར་བ་སྔོ་བསང་མས།།
མཐོང་པས་མ་བཟོད་གོས་དཀར་ཁ་བས་གཡོགས།།
ཉལ་འགྲོ་མ་རྣམས་གྲང་པས་མ་བཟོད་ཞུམ་ཞིང་རེ་ཐག་ཆད་གྱུར་བས།།
རླབས་ཀྱི་ཕྲེང་བ་བག་ལ་ཞ་ཞིང་ཆུ་རྒྱུན་རྒྱུ་བ་རབ་བཅད་དེ།།
ཁ་རོག་འཛིན་མའི་འོག་ལ་བྲོས་ཏེ་གྲང་རེག་གཡོལ་བའི་བརྟུལ་ཞུགས་གྱིས།།
སྲ་མཁྲེགས་རྡོ་རྗེའི་བྲག་རིའི་གཟུགས་བསྒྱུར་ཟོལ་གྱིས་ས་ལ་གནས་པ་བཞིན།།
དེ་ལྟར་ཉིན་ཞག་ཕྲེང་བ་མང་པོར་དུས་ཀྱི་བྱེད་པོས་ཐབས་འཕྲུལ་སྣ་ཚོགས་ཀྱིས།།
ཚོད་བགམ་ཕྱིར་དུ་མཐོ་འཚམས་པ་ནི་སྣ་ཚོགས་བརྩམས་ཀྱང་ཁྱོད་ཉིད་ཁོ་ན་ཡི།།
གཞན་ཕན་ལྷག་བསམ་རབ་ཏུ་དཀར་བའི་རླབས་ཆེན་སྤྱོད་བཟང་ཉམས་པར་མ་གྱུར་པས།།
ངོ་མཚར་ཡིད་དབང་འཕྲོག་པར་གྱུར་ཏེ་རབ་དགའ་དཔྱིད་ཆུའི་མཆི་མ་བརྡོལ་བར་འགྱུར།།
དེ་ནས་ཁྱོད་ནི་རིངས་པར་བགྲོད་དེ་ཞི་བདེ་མིང་སྙན་ཀུན་དུ་འབར་བའི་བདེ་ཁམས་རྫོང་ནི་བརྟོལ་བ་ན།།
མཚམས་སྤྲིན་གསར་བའི་གུར་ཁང་ནང་ནས་དཀར་གསལ་བཞིན་རས་ཡོངས་སུ་ངོམས་ཏེ་དེར་ནི་སྤྱན་རས་བཙའ་བ་ལ།།
སྐྱེ་བོ་རྣམས་ཀྱིས་ཁྱོད་ཉིད་མཐོང་སྟེ་ཡིད་འཕྲོག་གྱུར་བས་ཅེ་རེར་བལྟ་ཞིང་སྐད་གསེང་སྙན་པས་ལྷ་ཟླར་འབོད།།
ནགས་མའི་འདབས་ཀྱི་སྤྲེའུ་རྣམས་ཀྱིས་ཁྱོད་གཟུགས་བརྙན་རིས་ཁྲོམ་པར་འཆར་བ་ལྷུང་སྙམ་འདོན་པའི་ཐབས་ལ་བརྩོན།།
དེ་མ་ཉིད་དུ་བདག་གི་འཕྲིན་པ་ཁྱེད་ནི་ལྷ་ཡི་རྫིང་རིང་ལ་ནི་སྤྲིན་པའི་གྲུ་གཟིངས་ལ་ཞུགས་རླུང་གི་སྐྱ་བ་བརྟེན་ལ་མྱུར་གྱིས་བགྲོད།།
སྐབས་གསུམ་ཕོ་བྲང་ས་ལ་འཕོས་འདྲའི་བརྗིད་ཆགས་ཟི་ལང་གྲོང་ཁྱེར་གྱིས་ནི་ཁྱོད་མཐོང་གྱུར་བས་རབ་དགའ་གློག་སྒྲོན་སྤྱན་སྟོང་འཛུམ་པས་བསུ་བར་འགྱུར།།
མཐོ་བརྗིད་མཛེས་པའི་བ་གམ་ཚོགས་ནི་ཁྱོད་ཉིད་འབབ་པའི་གནམ་སྐས་བཞིན་དུ་ནམ་མཁའི་མཐོངས་སུ་རབ་བསྙེགས་སྣ་མང་ཚོང་ཟོག་རྣམ་སྲས་མཛོད་ལ་འཁུ།།གཞུང་ལམ་སྡོམ་གྱི་དྲ་བ་ལྟ་བུར་སྣ་མང་མི་རིགས་གྲོག་ཚང་བརྡོལ་འདྲ་དེར་ནི་ཁྱོད་ཉིད་ལེགས་འགྲིམས་ངོ་མཚར་གཟིགས་མོ་མིག་གི་བདུད་རྩིར་བསུས།།ཕུན་ཚོགས་ཡུལ་འདིའི་སྣོད་བཅུད་ལ་ནི་ཉིན་གྱི་ཧྲིལ་བོར་ཞིབ་པར་བལྟས་ཀྱང་ངོ་མཚར་གཟིགས་མོ་རྫོགས་མིན་ངལ་ཞིང་དུབ་འགྱུར་དེར་ནི་ཞག་བཞུགས་མཛོད།།ཕྱི་ཉིན་སྐྱ་རེངས་དང་པོའི་དུས་ན་འཇིག་རྟེན་གསལ་བའི་སྒྲོན་མེ་ཐོགས་ནས་སྐྱ་མོ་ལམ་ལ་མྱུར་ཆས་ཆོས་འཁོར་ལན་མང་བསྐོར་ལ་རྟེན་འབྲེལ་ཅན།།
སྟོང་སྐོར་ཞེས་བྱ་གསེར་གཞོང་ལེགས་་བརྒྱུད་ཉི་ཟླ་རི་བོར་རིམ་གྱིས་བརྟོལ་ན་དཔྱིད་ཀྱི་རྒྱལ་མོ་རབ་མྱོས་འགྱུར་ཁུག་སྙན་པོས་ཕྱོགས་བཞིར་འཕྲིན་བསྐུར་ཞིང་།།
གཡུ་འབྲུག་སྔོན་མོས་དབྱར་རྔ་ལྡིར་བས་ནོར་འཛིན་བུ་མོ་གཉིད་ལས་བསླངས་ཤིང་བཞིན་རས་ཟིམ་ཆར་གྱིས་བཀྲུས་སྣ་ཚོགས་མེ་ཏོག་རྒྱན་གྱི་ཚོམ་བུས་སྤྲས།།
དེ་ཡི་ཚེ་ན་དུས་ཀྱི་བྱེད་པོས་ཁྱེད་ཀྱི་ལྷག་པའི་ཡོན་ཏན་མཐོང་པས་རང་ཉིད་ཀྱི།།
ཡིད་ཀྱི་རྟེན་པ་གཅིག་པུར་གྱུར་བའི་རིགས་ཀྱི་ལྷ་གཅིག་དཔྱིད་དཔལ་བུ་མོ་ཁྱེད་ཉིད་ལ།།
བཙུན་མོ་དམ་པར་དབང་བསྐུར་བགྱིད་ཅེས་རྩྭ་ལྗང་མེ་ཏོག་རྒྱན་གྱིས་ཕྲེང་སྤྲས་ཤིང་།།
རིན་ཆེན་གཡུ་ཡི་གོས་བཟང་ལ་ནི་རབ་མཛེས་ཟ་འོག་གོས་ཀྱིས་དྲུབ་སྟེ་བག་མར་བརྫང།།
དཔྱིད་དཔལ་བུ་མོ་རོལ་དུ་ཁྲིད་པའི་ཟླ་གཞོན་འཇོ་སྒེག་ལྡན་པ་ཁྱེད།།འཁོར་བཅས་བདག་གི་བླ་མའི་འཁྲུངས་གཞིས་རིག་སྨོན་གསེར་གཞོང་མངོན་ཕྱོགས་ཚེ།།
ཡུལ་དེའི་དད་ལྡན་འབྲོག་མི་རྣམས་ཀྱིས་བཞིན་རས་དགའ་བའི་མདངས་ཕྱུང་སྟེ།།
ཁྱེད་ལ་བསམ་དོན་འགྲུབ་པར་སྐྱེན་ཞེས་ཁ་བརྡ་སྙན་པོས་དབུགས་དབྱུང་འབྱིན།།
དེ་ཐོས་ཁྱོད་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དུ་རབ་དགའ་སྐྱེད།།
བརྩེ་དུང་འགོག་མེད་མཆི་མ་འཐོར་བ་སྤྲིན་གྱི་སེང་རས་ཕྱིས་པའི་ཆུ།།
མང་དུ་བསྐྱིལ་བས་བརླན་གྱིས་མ་ཟིན་ཐིགས་པ་ནམ་མཁར་འཐོར་བ་ལ།།
སྦྲང་ཆར་ཟིམ་ཟིམ་བབས་པར་འགྱུར་ཞེས་ཀུན་ཀྱང་དགའ་བ་འབུམ་གྱིས་མྱོས།།
དེ་ནས་མདོ་ཁམས་དབྱར་མོ་ཐང་གི་དབུས།།
ལྷ་མིའི་དཔལ་དང་བདེ་སྐྱིད་དར་བའི་ཐང་།།
ཐང་ཆེན་གཡུ་ཡི་གཞོང་པ་ལྟ་བུ་དེར།།
ཁྱོད་སླེབས་རྟ་ནོར་ལུག་ཀྱང་གར་གྱིས་བྲེལ།།
ཟླ་གཞོན་ཕོ་ཉ་མཁའ་འདིར་སླེབས་སོ་ཞེས།།
ཁྲི་གཤོག་རྒྱལ་མོས་གཏམ་སྙན་འདི་ཐོས་པས།།
རབ་དགའི་རླབས་ཕྲེང་རྣམ་པར་འགྱུར་བའི་སྒྲར།།
ཚངས་ཆེན་ཡིད་རབ་མྱོས་པས་རྣམ་པར་རོལ།།
མཐོ་རིས་གྲོང་ཁྱེར་ལྟ་ན་སྡུག་པ་ཡང་།།
གྲམ་པར་བརྡལ་བ་ཆབ་ཆ་ལྷའི་གྲོང་ཁྱེར།།
གྲགས་སྙན་རོལ་མོ་ཀུན་དུ་འཁྲོལ་བ་དེར།།
ངང་བ་པད་མཚོར་འཇུག་བཞིན་དགའ་བས་ཞུགས།།
དེ་ཡི་སྙིང་བོ་རིག་པའི་ཚོམས་ར་ཆེ།།
མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ན།།
སྒྲ་ཚད་བཟོ་གསོ་ནང་དོན་རིན་ཆེན་གྱིས།།
ཕྱུག་པའི་ཚོང་དཔོན་ཡིད་བཞིན་ནོར་བུ་བཞུགས།།
ཨེ་མ་བླ་མ་སྒྲ་བསྒྱུར་མར་བ་མཆོག།
སླར་ཡང་ཡུལ་འདིར་མངོན་སུམ་བྱོན་སྙམ་པའི།།
མཁྱེན་བརྩེའི་བདག་པོ་བདག་གི་བླ་མ་དེས།།
ཁྱོད་མཐོང་ལེགས་བཤད་གསར་བས་དགའ་སྟོན་འགྱེད།།
ལྷ་ཡི་ཕོ་ཉ་བ་ཁྱེད་ཀྱང་།།
ཡིད་ཆེས་དད་པའི་ཐལ་སྦྱོར་གྱིས།།
གང་གི་ཞབས་སོར་པད་མོ་ལ།།
མངོན་པར་འདུད་པའི་ཕྱག་མཆོད་མཛོད།།
བདག་ཚུལ་པད་མ་དཀར་པོའི་ཕྲེང་།།
ལྷུག་པོར་གྲོལ་བའི་རྣམ་པ་ཡང་།།
ཁྱོད་ཞལ་ལྗགས་ཀྱི་རྩེ་མོ་ནས།།
གང་གི་སྙན་གྱི་བུ་གར་བསྐྱོན།།
མགྲོན་གྱི་གཙོ་བོར་བཀུར་བ་ཡི།།
ཕོ་ཉ་ཟླ་བ་གཞོན་ནུ་ཁྱོད།།
ངལ་གསོ་སོས་དལ་བག་ཕེབས་ཀྱིས།།
ཞིམ་མངར་ཟས་ལ་དགྱེས་དགུར་རོལ།།
བདག་གི་བློ་གྲོས་ཞིང་ས་ནས།།
འཁྲུངས་པའི་སྙན་ངག་འདབ་བརྒྱ་བ།།
རོ་ཉམས་སྦྲང་རྩི་འཛིན་པ་འདི།།
སྙན་དབང་གསོ་བའི་རྒྱུར་གྱུར་ཅིག།
བདག་གི་དྲིན་ཅན་གྱི་བླ་མ་རིན་པོ་ཆེ་༧བཤད་སྒྲུབ་རྒྱ་མཚོ་མཆོག་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་བརྡལ་གྱི་དབུས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ན་སྐལ་ལྡན་གྱི་བུ་སློབ་མང་པོར་ལེགས་བཤད་གསར་བའི་དགའ་སྟོན་གྱི་སྒོ་བརྒྱ་ཡངས་པོར་ཕྱེ་བ་དེ་དང་བྱ་བའི་དགོས་དབང་གིས་ཁ་གྱེས་ནས་བགྲང་བྱ་གཉིས་འགོར་བ་རང་ལོ་ཉེར་ལྔའི་སྟེང་སྤྱི་ལོ་༡༩༩༥ལོའི་སྟོན་ཁར་བོད་གངས་ཅན་ལྗོངས་ཀྱི་སའི་ཆ་ཤས་སུ་གྱུར་བ་མདོ་ཁམས་སྨད་ཀྱི་ཁོངས་གཏོགས། སྐྱེས་མཆོག་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་སའི་སྙིང་བོ་རྡོ་སྦིས་གྲྭ་ཚང་དགེ་ལྡན་འཕེལ་རྒྱས་གླིང་དང་འདབས་འབྲེལ་བའི་དགུ་རུ་སློབ་གྲྭ་རང་སྤྱིལ་རིག་པའི་ལྡིང་ཁང་ནས་དྲན་གདུང་དང་དད་གུས་རྩེ་གཅིག་གིས་སྦྱར་བ་འདིས་དམ་པ་གང་ཉིད་ཐུགས་ལྷག་པར་དགྱེས་ཤིང་ཀུན་ཀྱི་སྙན་དབང་གསོ་བའི་རྒྱུར་གྱུར་ཅིག  །  །  །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་ལ་ཕུལ་བའི་ཞུ་འཕྲིན།

2012-07-26 རྡོ་སྦིས་སྒྲོལ་མ་འབུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།