བསེ་རུའི་བབ་ཅོལ།
ལྷག་བསམ་གངས་དང་དུང་ལ་འགྲན་ནུས་བྲལ།། ཀུན་ཕན་ངག་སྒོ་འཇམ་པོའི་སྨྲ་ལྕེ་བྲལ།། ཁྱེད་མགུ་ཁོང་མགུའི་གཤིས་སྤྱོད་དེ་བས་བྲལ།། བསེ་རུ་ལོག་སྤྱོད་པ་ཡིས་རང་ཉིད་མཐོང་།། མཐོ་སར་སྤྲེལ་ལད་རྔ་མ་གང་བྱུང་གཡུགས།། དམའ་སར་མགོ་བོ་བརྡུང་བའི་གཏུམ་སྤྱོད་ཅན།། མཐོ་དམའི་བར་ན་གཡོ་སྒྱུར་བྱང་ཆུབ་པ།། ཁ་བྲལ་རིང་ལུགས་བསེ་རུ་རེད་ཅེས་ཟེར།། ཆོལ་ཁའི་ཞེན་ཁོག་མེ་ལྕེས་རང་གཞན་སྲེག། མ་རིག་ཞགས་པ་ནག་པོས་རང་གཞན་བཅིངས།། ཆོལ་གསུམ་བོད་མིར་གནམ་སའི་ཁྱད་པར་ཕྱེ།། བྱ་ངན་སྤྱོད་ངན་སྤེལ་མཁན་བསེ་རུ་ཡིན།། གང་ཤེས་དཔེ་མཁྱུད་ཐབས་ལ་འབད་པ་དང་།། མ་ཤེས་ཤེས་མདོག་རྫུ་བག་སྟོན་པ་དང་།། མཁས་ཉམས་ཁེངས་དྲེགས་ངོ་འབག་གྱོན་མཁན་དེ།། བཙོན་རྒན་བསེ་རུ་ཡིན་ན་དགའ་བ་ལ།། བརྡ་དག་མཁན་པོའི་མིང་གྲགས་མེད་དང་གཅིག། སྒྱུ་རྩལ་མཁས་པའི་སྙན་གྲགས་མེད་དང་གཉིས།། རྩོམ་རིག་སྨྲ་བའི་མཚན་སྙན་མེད་དང་གསུམ།། མེད་པོ་བསེ་རུ་ཡིན་པ་སྐྱོ་བ་ལ།། མི་ཚེ་གཡོག་ལ་འདུར་བའི་བྲན་ཁོལ་ང་།། དགེ་སློབ་ཀུན་ལ་སྡང་བའི་སྡང་དགྲ་ང་།། ཤེས་ཡོན་ལམ་བཟང་འགོག་པའི་བདུད་པོ་ང་།། རིགས་ཀྱི་ཞབས་ནས་འདྲེན་མཁན་བྱེད་པོ་སུ།། དམའ་སར་བསྡད་ན་བྱབ་ཆུང་བསེ་རུ་ཟེར།། བྱམས་བརྩེས་བསྐྱངས་ན་གཡོ་སྒྱུ་ཆེ་ཞེས་ཟེར།། ཁུ་སིམ་ལས་ལ་འབད་ན་ལྐུགས་པ་ཟེར།། འཇིག་རྟེན་འདི་ལ་ང་ཆེ་ང་བཙན་མཁོ།། སེམས་དང་སེམས་པ་འདྲེས་པའི་བར་མཚམས་ནས།། འཛུམ་མདངས་འཛུམ་གྱིས་བསུ་བའི་བར་གསེང་ནས།། དགེ་སློབ་དམ་ཚིག་མཐུན་པའི་ཉིན་མོ་ནས།། རིགས་ཀྱི་དོན་ཆེན་སྒྲུབ་ལ་ངལ་མི་འགྱུར།། འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས།། འཇིག་རྟེན་མཐུན་སྣང་ཆོས་ཤིག་སུ་ཡིས་སྟོན།། འཇིག་རྟེན་གོ་ལ་ནམ་ཞིག་མ་འཇིག་བར།། འཇིག་རྟེན་ལྟད་མོ་ཕར་ལྟ་ཚུར་ལྟ་རེད།། ཀུན་ཕན་བསམ་པ་དཀར་པོ་ཉི་ཟླ་བཞིན།། འཇིག་རྟེན་མུན་པ་སེལ་བའི་མཆོག་གྱུར་ཡིན།། ཀུན་གནོད་སྦྱོར་བ་རྩུབ་པོ་དུག་རླངས་བཞིན།། འཇིག་རྟེན་མུན་པར་བརྫངས་པའི་ནད་ཡམས་ཡིན།།
རྩོམ་ཁུངས། ངེད་དྲ་བ།