མགུར་བསྲེས་སྙན་ཚོམས་ཀྱི་ཚོད་ལྟ་དང་པོ།
ཆར་བས་མིག་ནང་བརླན་པའི་ཨ་མ།།
ཆུ་ལྷོག་སྙིང་ལ་རྒྱུགས་པའི་ཨ་མ།།
གཞིས་ཁྱིམ་ཕྱེད་ཀ་ཁུར་བའི་ཨ་མ།།
ཨ་མའི་སྐྱིད་སྡུག་ལས་ཀྱིས་དྲངས་ཡོད།།
ཚེག་བར་ 8 གྲངས།
མ་ཁར་སོ་བཏབ་ཀྱི་ལོ་ངོ་བཞི་བཅུ།།
རང་ལུས་རུས་ཐུག་གི་ལོ་ངོ་བཞི་བཅུ།།
ལུག་ཁྱུ་སྲུང་མཁན་གྱི་སྡིག་ལས་རྗེ་བོ།།
ཨ་མའི་ནོར་བ་དག་དབྱིངས་ལྟར་དྭངས་ཤོག།
ཚེག་བར་9གྲངས།
དད་པ་ནི་ལྷ་ལ་གཅིག་ཏུ་ན་ཨ་མ།།
ལག་ཟུང་ནི་ཁྱིམ་ལ་རྐྱོང་དགོས་ན་ཨ་མ།།
བུ་ཕྱིར་ནི་ཅི་ཡང་ནུས་པས་ན་ཨ་མ།།
ཚེ་འཇུག་གི་འདང་རྒྱག་ཅི་ཡིན་ལགས་ཨ་མ།།
ཚེག་བར་10གྲངས།
མ་བཞུད་མ་བཞུད་བརྩེ་ཆེན་གྱི་སྐྱབས།།
གསོན་དང་གསོན་དང་ཀུན་ཐོས་ཀྱི་སྙན།།
གཟིགས་དང་གཟིགས་དང་ཡེ་ཤེས་ཀྱི་སྤྱན།།
མྱུར་བ་མྱུར་བར་གཞུང་དྲང་གི་ཨ་མར།།
ཚེག་བར་m8གྲངས།
ཉི་ཤུ་ནས་སུམ་ཅུའི་ལོ་ཟླ་ལ་ལང་ཚོ་རྒྱས་རུང་།།
སུམ་ཅུ་ནས་བཞི་བཅུའི་མི་ཚེ་ཡང་རྔུལ་ཆུ་འཛར་འཛར།།
བཞི་བཅུ་ནས་དྲུག་ཅུར་མི་སྡོད་ལ་ད་རུང་འདུར་རྒྱུག།
དྲུག་ཅུ་ནས་ཚེ་འཇུག་མིག་ཟུང་ཡང་བཙུམ་པར་འེ་དཀའ།།
ཚེག་བར་12གྲངས།
འབྲལ་དཀའི་ཨ་མ་ལགས་བྲལ་ཚེ།།
ཐེག་དཀའི་སྡུག་བསྔལ་དེ་སུས་ཐེག།
འཇལ་དཀའི་ཨ་མ་དེར་འཕྲད་ཀྱང་།།
ཕལ་བའི་སེམས་རྩལ་གྱིས་ཅི་ཤེས།།
ཚེག་བར་7གྲངས།
ལྷོད་ཞོག་ཨ་མ་ལགས་ཁྱིམ་ལས་དེ་ཅུང་ཟད།།
སྐྱུར་ཞོག་ཨ་མ་ལགས་སྡིག་ལས་དེ་གཏན་དུ།།
སོམས་ཤིག་ཨ་མ་ལགས་ཤི་ཚེ་ན་ཅི་ཞིག།
སྒྲུབ་ཤིག་ཨ་མ་ལགས་ལྷ་ཆོས་ནི་མ་གཏོང་།།
ཚེག་བར་9གྲངས།
ཚེ་རིང་ཤོག་རྣམ་དཀར་གྱི་ལས་ལ་འབད་ན།།
ཚེ་ཐུང་ཤོག་སྡིག་ལས་ལས་ཅིས་ཀྱང་མིན་ན།།
བུ་བརྗེད་ཤོག་བུ་ཕྱིར་ཕྱི་མ་ཡང་བརྗེད་ན།།
བུ་དྲན་ཤོག་བཙུན་པ་ངའི་ངག་བཞིན་སྒྲུབ་ན།།
ཚེག་བར་10གྲངས།
སེམས་བུ་ལ་གཏོད་མིན་གཤིན་རྗེའི་འཕྲང་ལམ་བརྒྱུད་དུས།།
བློ་གཉེན་ལ་འགེལ་མིན་དམྱལ་བའི་འོབས་སུ་མཆོངས་དུས།།
ཞེ་ཆགས་པ་དྲིན་ཆེ་་མ་ཆེ་རང་ལམ་ལ་རྩིས་རྒྱོབ།།
རློམ་དཀའ་ཡང་མཐོ་རིས་ལམ་ནང་དུ་རང་སྐྱིད།།
ཚེག་བར་11གྲངས།
ཨ་མ་ལགས་ཞིབ་ཏུ་སོམས་དང་།།
བུ་ཆུང་ནི་ཁྱེད་ལ་མི་སྨོད།།
བདེ་བ་ནི་ཁྱེད་ལ་གཙོ་ཞིང་།།
བུ་ཆུང་གི་རེ་བའང་དེས་འགྲུབ།།
ཚེག་བར་7གྲངས།
ཅེས་སྙིང་ནས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་ཞིང་མ་ལ་ཤིན་ཏུ་བརྩེ་བའི་བུ་ཆུང་གིས།
རྩོམ་ཁུངས། ངེད་དྲ་བ།