མཐའ་བྲལ་དབུ་མ་ལ་མཇལ་བའི་མྱོང་ཚོར།
མཁྱེན་དཔྱོད་ཟེགས་མ་རེ་ཡི་སྣེ་མོ་ན། །
བརྩེ་ཆེན་ཡོན་ཏན་དྲོད་ཁོལ་འབུམ་རྫོགས་ཤིང་། །
ཆེན་པོའི་ཟོལ་གྱིས་འགྱིང་བག་མི་མངའ་བ། །
ངེས་དོན་སྤྲུལ་བའི་ཐུབ་དབང་དེ་ལ་འདུད། །
ཆོས་བརྒྱད་རླུང་དམར་ཁྲོད་ན་དལ་མེད་ཀྱིས། །
ངལ་བས་གོམས་འགྲོས་ཁྱོར་བའི་དགེ་སྦྱོང་གཟུགས། །
དུས་ན་མཐའ་ན་བཤེས་གཉེན་མིང་འཛིན་པ། །
མགོན་པོ་ཀླུ་སྒྲུབ་གང་གི་འདི་སྐད་དུ། །
ཞིབ་ཏུ་བལྟས་ན་འཇིག་རྟེན་སྒྱུ་མའི་གར། །
སྙིང་བོ་མེད་པ་མཐོང་ཆོས་མྱོང་བས་གྲུབ། །
དེ་སླད་རང་གི་སྣང་བ་འདི་ཙམ་ལ། །
བདེན་པར་འཛིན་པ་འཁྲུལ་བ་ཡིན་པར་གསུངས། །
རྒྱུ་དང་རྐྱེན་ལས་སྐྱེས་པའི་འདུས་བྱས་རྣམས། །
མི་རྟག་སྐད་ཅིག་ཙམ་གྱིས་འཇིག་ངེས་ན། །
རིང་ནས་ཐོབ་པའི་སྒྱུ་ལུས་གཡར་བོ་འདི། །
བདེན་བདེན་གྲུབ་གྲུབ་འཛིན་པ་འཁྲུལ་བར་གསུངས། །
དེ་སླད་སེམས་ཀྱི་འཆར་སྣང་འདི་དག །
རང་ངོ་ཤེས་པའི་ཚུལ་གྱིས་བལྟས་ན། །
བརྟག་ཚུགས་ཐུབ་པའི་ཆོས་ཤིག་མེད་པ། །
རྒྱལ་བའི་གསུང་གི་བརྡ་ལས་ཤེས་སོ། །
ནམ་ཟླའི་དྲོད་ཁྱག་དུས་ཀྱིས་འགྱུར་བ། །
སྐྱེ་རྒ་ན་འཆི་འགྲོ་བའི་ཁུར་བོ། །
བདེ་དང་སྡུག་བསྔལ་འཇིག་རྟེན་ཆོས་ཉིད། །
རང་སེམས་འདི་ལས་རྩད་ཆོད་མི་འདུག །
ཡོད་ཚད་རྟོག་པའི་ཁ་ལོ་བསྒྱུར་བས། །
རྣམ་རྟོག་འདི་ཡི་རང་བཞིན་ཤེས་ཚེ། །
ལྷོད་ཀྱི་བཞག་པའི་བདེ་བའི་ངོས་ན། །
འཆར་ཡན་མཐོང་བའི་སྒྱུ་མ་མང་འདུག །
ལྐོག་ཏུ་གྱུར་བའི་སེམས་ཀྱི་གསང་བ། །
དལ་བར་བཙལ་ཚེ་ལྷང་ལ་འབུད་པས། །
སྒོམ་ཐག་ཕྲ་མོས་བཅིངས་པ་མེད་ཀྱང་། །
ཐབས་ལ་མཁས་པས་ཚུལ་དེ་རྨད་བྱུང་། །
དགའ་དགའ་སྤྲོ་སྤྲོ་འཚོ་བའི་སྨན་མཆོག །
མྱ་ངན་ཚོར་བ་སེམས་ཀྱི་ཚེར་མ། །
རང་ཚུགས་ཐུབ་པའི་གདེངས་ཤིག་མེད་ཚེ། །
ཆོས་པ་རྣལ་མ་འོང་ས་མེད་དོ། །
སེམས་འདི་མཐའ་བྲལ་ལྷ་མོར་ཤེས་ཚེ། །
བདེན་པར་གྲུབ་པའི་ཆོས་ཤིག་མེད་པས། །
དཔལ་ལྡན་ཀླུ་ཡི་དགོངས་པ་ཟབ་མོ། །
སེམས་ཀྱི་སྨན་མཆོག་ཡིན་པར་ཤེས་སོ། །
འཁོར་བ་འདི་ནི་མཐའ་མེད་མིན་པར། །
ཞི་བ་ལྷ་ཡིས་ལེགས་པར་གསུངས་པས། །
མྱང་འདས་རང་གི་བརྩོན་པར་ཐུག་པས། །
ཐབས་ལ་མཁས་པའི་བསླབ་གཅེས་སོ། །
རྩོམ་ཁུངས། ངེད་དྲ་བ།