སེམས་ཀྱི་མདུད་པ་གྲོལ་གླུ།
འཚང་ཀ་རྒོད་པའི་མི་ཚོགས་ཀྱི་སྲང་མདོར།།
ཀུན་རྟོག་འཁྲུལ་བའི་རྣམ་གཡེང་གི་གཞི་མར།།
ཆ་ལུགས་སྤྱོད་ལམ་སྣ་ཚོགས་ཀྱི་སྣང་བ།།
རེར་འཇིག་རེར་སྐྱེ་མ་ངེས་ཀྱིས་བྱུང་ངོ་།།
མཛེས་མའི་བསླུ་བྲིད་མེ་ཏོག་གི་དྲི་ཞིམ།།
དབྱར་དུས་ལང་ཚོ་བཀྲག་མདངས་ཀྱི་བརྩེ་བ།།
སྟོན་གྱི་བ་མོས་ངང་ཚུལ་དེ་མཐོང་སྐབས།།
རེ་དོགས་རྨི་ལམ་རང་འགགས་སུ་འགྲོའོ།།
རྒྱུ་འབྱོར་དབང་ཐང་ལུང་སྟོང་གི་བྲག་ཅ།།
འགྱུར་བག་རྒོད་པ་དཔྱིད་དུས་ཀྱི་གནམ་ངོ་།།
ཉི་འོད་དྲག་ཆར་རླུང་འཚུབ་ཀྱི་བྱུང་བ།།
ཡིད་བརྟོན་བྲལ་བ་འཕྱོན་མ་ཡི་བརྩེ་དུང་།།
འབད་འབད་བརྩོན་པའི་མནོག་ཆུང་གི་བྱ་བཞག།
རྒྱ་མཚོའི་ངོགས་ཀྱི་གཡོར་གྲུ་དང་འདྲ་བར།།
གར་འོང་ཆ་མེད་རླུང་འཚུབ་ཀྱི་འཇིགས་པས།།
དོགས་ཟོན་བློ་ཡི་སེམས་ངལ་གྱིས་མནར་རོ།།
ཚེ་གཅིག་བརྩོན་པའི་ཤེས་བྱ་ཡི་སྦྱང་བ།།
བཟའ་བཏུང་འཚོལ་སྒྲུབ་ཁྲལ་ལས་ཙམ་མ་གཏོགས།།
ཉོན་མོངས་དགའ་མའི་ཟུར་མིག་ལ་ཆགས་ཏེ།།
སེམས་ཀྱི་བདེ་སྐྱིད་དཀྲུག་པ་འདི་སྐྱོའང་།།
གཏམ་འདོད་གྲགས་པ་ནམ་མཁའ་ཡི་མེ་ཏོག།
ཕུང་སྦྱོར་མགོ་བསྐོར་ཆགས་སྒོ་ཡི་སྣ་འདྲེན།།
དབེན་པ་དཀྲོག་པའི་ཐན་བྱ་ཡི་སྐད་ངན།།
འགོ་བའི་ནད་བཞིན་སྤངས་མཁས་དེ་བློ་ལྡན།།
ལེ་ལོ་གཡེང་བའི་ངལ་གསོ་ལ་འཁོར་ཏེ།།
ཆང་དང་དུ་བ་མྱོས་རྫས་རིགས་རོལ་ཀྱང་།།
རང་མགོ་བསྐོར་བའི་འཕྲལ་བདེ་ཡི་མྱོང་བས།།
ཕུགས་སུ་ལུས་སེམས་འཇིག་པ་འདི་སྐྱོའང་།།
འཁོར་གཡོག་གྲོགས་དང་མཛའ་བཤེས་ཀྱི་ཚོགས་ཀྱང་།།
རེ་བྲལ་རེ་འགལ་དུས་ཚིགས་ཀྱི་འགྱུར་བས།།
ཟིན་རེ་བྲལ་བ་རི་ལུང་གི་ན་བུན།།
འདུ་འབྲལ་མི་རྟག་ཁེར་རྐྱང་གི་རང་གཤིས།།
དཔའ་དང་དྲག་རྩལ་ལུས་སྦྱོང་གི་ཡོན་ཏན།།
མཛེས་སྡུག་ལང་ཚོ་གླུ་གར་གྱི་རྩེད་འཇོ།།
མི་རྟག་གློ་བུར་འགྱུར་བ་ཡི་ཆོས་ལ།།
ཡིད་བརྟོན་བྲལ་བ་ཁྲམ་པ་ཡི་དམ་བཅའ།།
འཕྲལ་གྱི་དབང་པོའི་རྩེད་དགའ་ཡི་བདུད་རྩི།།
མཛེས་མའི་ལང་ཚོ་མྱོས་འགྱུར་གྱི་མངར་ཁ།།
སྣང་བ་བུན་པའི་ངང་ཚུལ་གྱི་ཀྱལ་ཀས།།
འཇའ་ཚོན་རི་མོ་མཁའ་དབྱིངས་སུ་ཡལ་ལོ།།
དེ་བས་ལུས་སེམས་སྐྱོ་ངལ་གྱི་རྩ་བ།།
ཉོན་མོངས་དུག་གི་ཚ་གདུང་ལས་གྲོལ་བར།།
གཞན་ཕན་སེམས་ཀྱི་ལྗོན་ཤིང་ལ་བསྟེན་ན།།
དུབ་པའི་སེམས་ཀྱི་ངལ་གསོ་དེ་བདེའང་།།
བྲེལ་ཟིང་འཁོར་བའི་བྱ་བ་དང་བྲལ་ཏེ།།
རང་བྱུང་རྡོ་ཡི་ཁང་བཟང་དུ་བསྙེགས་པ།།
བྱ་བཏང་གཏན་བདེའི་རི་ཁྲོད་ཀྱི་འཚོ་བར།།
དབེན་གསུམ་སྦྲང་ཆང་བཟི་ཁ་ཡིས་མྱོའོ།།
གངས་དང་སྤྲིན་དཀར་དབུ་ཞྭ་ཡི་ཅོད་པན།།
སྔོ་ལྗང་རྩི་ཤིང་ནགས་ཚལ་གྱི་མནབས་བཟའ།།
འདབས་ཆགས་རི་དྭགས་རང་དབང་གིས་རྩེན་ས།།
རྣལ་འབྱོར་ཉམས་རྟོགས་བོགས་འབྱིན་གྱི་ཕ་ས།།
སྟོན་དུས་སྤྲིན་བྲལ་ཟླ་འོད་ཀྱི་ངོགས་སུ།།
ཁུ་སིམ་ཉམས་དགའི་ལྗོན་ཤིང་གི་ཁྲོད་དུ།།
ག་ལེར་གོམ་འགྲོས་བག་གཡེང་གིས་རྒྱུ་བཞིན།།
བག་ཕེབས་སེམས་ཀྱི་ངལ་གསོ་དེ་སྐྱིད་འང་།།
མི་མེད་དབེན་པའི་ལུང་སྟོང་གི་ཕུ་རུ།།
འདོད་ཆགས་འགྲན་སོགས་ཉོན་མོངས་ཀུན་བོར་ཏེ།།
སེམས་ཅན་བདེ་སྡུག་སེམས་ཕུགས་སུ་ཉར་བ།།
ཕན་བདེའི་རྩ་ལག་སེམས་བསྐྱེད་དེ་སྤྲོ་འང་།།
ཅ་ཅོ་བྲལ་བའི་རི་ཚོགས་ཀྱི་ཟོམ་དུ།།
འཁོར་གཡོག་ནོར་གྱི་རེ་དོགས་ཅི་མེད་པར།།
ཏིང་འཛིན་ཟས་ཀྱི་རོ་བཅུད་ཀྱིས་འཚོ་བཞིན།།
རྟེན་འབྱུང་གནས་ལུགས་དཔྱོད་པ་འདི་སྤྲོའང་།།
གངས་བྲག་སྤང་གསུམ་འདུས་མདོ་ཡི་སྟོད་དུ།།
གཏུམ་མོ་ལམ་གྱི་རྨང་རྡོ་ལ་ཆིབས་ཏེ།།
རྩ་ཐིག་རླུང་གི་རྣལ་འབྱོར་གྱི་སྟོབས་ཀྱིས།།
སྒྱུ་ལུས་འོད་གསལ་ཟུང་འཇུག་འདི་ངོ་མཚར།།
བསྲེ་བ་གསུམ་གྱི་རྣལ་འབྱོར་ལ་བརྟེན་ཏེ།།
ཡེ་ཤེས་ཕྱག་རྒྱའི་བདེ་སྟོང་གི་རོལ་པས།།
སྙིང་ཁའི་རྩ་མདུད་རང་གྲོལ་གྱི་ངང་ནས།།
སྐུ་བཞིའི་གོ་འཕང་ཐོབ་པ་དེ་རྨད་བྱུང་།།
ཅེས་པ་འདི་རང་གི་རྒྱུས་ཡོད་རི་ཁྲོད་པ་ཅིག་ལ་དད་པ་སྐྱེས་ཏེ་བྲིས་པ་དགེ་ལེགས་འཕེལ།།
རྩོམ་ཁུངས། ངེད་དྲ་བ།