མཚན་གཞས།
ཡར་བལྟས་མཁའ་དབྱིངས་ཀྱི་ཟླ་བ་སྒོར་སྒོར།།
མར་བལྟས་ས་གཞི་འདི་དངུལ་དཀར་མེ་ལོང་།།
ཡོད་ཚད་ལྷིང་འཇགས་ཀྱི་ཁོར་ཡུག་མག་མོག།
དྲན་པའི་རྟ་རྒོད་དེ་སྒྲོག་ལས་ཤོར་བྱུང་།།
རླུང་བུ་འར་འུར་གྱི་སྟོན་དུས་འདི་ལ།།
ཟླ་འོད་བསིལ་བསིལ་གྱི་མཚན་མོ་འདི་ལ།།
ཁེར་རྐྱང་ཁེར་རྐྱང་གི་སེམས་པ་གཉོམ་པོ།།
གར་འགྲོ་ངེས་མེད་ཀྱི་སྡོང་ལོ་རླུང་འཁུར།།
མལ་ཤག་གྲུ་བཞི་ཡི་སྒེའུ་ཁུང་ངོགས་སུ།།
སྔས་ཀྱི་འདྲ་པར་ལ་ཡང་ཡང་བལྟས་རྗེས།།
ཕྱིར་དྲན་བསམ་གཞིག་གི་སྒོ་མོ་བརྒྱབ་ཀྱང་།།
ང་ཡི་རྨི་ལམ་ལ་གཤོག་པ་ཐོགས་འདུག།
རྩེ་ཆུ་རིང་མོ་དེ་གཡས་འཁྱིལ་གཡོན་འཁྱིལ།།
ཟླ་འོད་འཇམ་པོ་འདི་ལ་འཕྲོས་ལུང་འཕྲོས།།
དྲན་ཤིང་རིང་མོ་ཞིག་བཞག་ནས་ཆས་པའི།།
བརྩེ་བའི་བུ་མོ་དེ་ཇི་འདྲའི་དྲན་ཨང་།།
མཐོན་པོ་དཔོན་ཆེན་གྱི་སྲས་མོ་མིན་ཡང་།།
རང་སེམས་གཏིང་འདྲིས་ཀྱི་ལས་མཐུན་བུ་མོར།།
བརྩེ་ཞེན་གསེར་ཐག་གི་མདུད་པ་གྲོལ་བའི།།
ལས་སྐལ་ནག་པོ་འདི་བཟློག་ཐབས་མ་བྱུང་།།
དམ་བཅའ་ཆེན་པོ་ཞིག་སེམས་ནས་བཞེངས་ཤིང་།།
ཁ་ཆད་རིང་མོ་ཞིག་དུས་ལ་བཏབ་ཀྱང་།།
གློ་བུར་གློ་བུར་གྱི་གཏམ་རྒྱུད་མཚར་བོ།།
དབང་ཆེན་སུ་ཞིག་གི་བཀའ་ཡིག་ཡིན་ནམ།།
ཟླ་བ་སྔོན་མ་དེའི་མཚན་མོ་དྲན་ན།།
དོ་ནུབ་མལ་ས་འདིར་དྲོད་ཅིག་མི་འདུག།
ཆུང་འདྲིས་བྱམས་པ་དེ་ཞེ་ལ་འཁོར་དུས།།
བྲང་གི་སྙིང་ཆུང་འདིས་རྐང་བྲོ་འཁྲབ་བྱུང་།།
སྐད་ཅིག་སྐད་ཅིག་གི་ལོ་ཟླ་དེ་ཚོ།།
ཡིད་འོང་ཡིད་འོང་གི་དབྱར་གཞུང་དྲོན་མོ།།
མི་འདོད་དགུན་མ་ཟླ་ཞིག་སེམས་ལ་སླེབས་པས།།
ཚོར་བའི་གཙང་བོ་དེ་འཁྱག་གིས་བསྡམས་བྱུང་།།
དམར་ཆུང་སེམས་པ་ཡི་མེ་ལོང་ངོས་སུ།།
ཡིད་མཐུན་བྱམས་པ་དེ་ཡང་ཤར་བསྐྱར་ཤར།།
གསོན་བྲལ་དྲན་གདུང་གི་ན་བུན་སྟུག་པོ།།
དྲན་པའི་རི་ལུང་ནས་དྭངས་ཐབས་དཀའ་ཨང་།།
སེམས་པ་འཁྱག་པོ་འདི་དྲོས་ཐབས་མི་འདུག།
རྨ་ཁ་དྲག་པོ་འདི་སོས་ཐབས་མི་འདུག།
འཛུམ་མདངས་དྲོན་མོ་དེ་བརྗེད་ཐབས་མི་འདུག།
ཉིན་མཚན་རིང་མོ་འདི་འཁྱོལ་ཐབས་མི་འདུག།
འཇིག་རྟེན་ཆེན་པོ་འདི་ཁྲ་ཁྲ་རིག་རིག།
མི་ཚེ་ཐུང་ཐུང་འདི་སྐྱིད་གསུམ་སྡུག་གསུམ།།
སྐྱིད་སྡུག་གཉིས་འཐབ་ཀྱི་གཡུལ་ས་འདི་རུ།།
ལང་ཚོའི་མེ་ཏོག་གི་གཡེར་བག་ཡལ་འདུག།
མི་སེམས་འཁྲུམས་བྱེད་ཀྱི་སྲིད་པའི་ལོངས་སྤྱོད།།
མི་རྟག་བར་སྣང་གི་འཇའ་ཡི་བཀྲགས་མདངས།།
ཞེ་ཐོགས་ཚེ་རོགས་ཀྱི་རང་དབང་འཕྲོག་པས།།
ཡིད་ཆད་ཤུགས་རིང་ཞིག་སྙིང་ནས་རྡོལ་ལོ།།
ཁྱོད་དགའ་ང་སྐྱིད་ཀྱི་ལྷན་འཛོམས་དུས་ལ།།
འཇིག་རྟེན་སྣང་བ་འདི་སྐྱིད་སྐྱིད་འདྲ་བྱུང་།།
སྙིང་གི་ཐིག་ལེ་ཁྱོད་གམ་དུ་མེད་དུས།།
མྱ་ངམ་ཐང་ཆེན་ཞིག་ཉིན་མཐོང་ཞག་མཐོང་།།
ཕྱིས་འབྱུང་འཚོ་བ་ཡི་འགན་འཁུར་ལྕི་ཞིང་།།
བརྗེད་མེད་ཞེན་ཆགས་ཀྱིས་ཕྱི་ནང་གདུང་ན།།
དགའ་བ་ཡེ་བྲལ་གྱི་ལས་སྐལ་འདི་ལ།།
སྐྱོ་བའི་ཤུགས་རིང་ཞིག་ལན་བརྒྱར་འཐེན་འདོད།།
ཕྱི་འཇགས་ནང་འཇགས་ཀྱི་ཁང་མིག་གྲུ་བཞིར།།
སེམས་ཁོང་དོག་མོ་འདི་རྒྱང་ལ་བསྲིངས་ནས།།
མཆི་མའི་ཕྲེང་དཀར་གྱི་རྒྱུན་ཐག་ལྷོད་དེ།།
སྙིང་གི་ཟབ་ས་ནས་དོ་ནུབ་འཐོར་བྱུང་།།
དྲན་ཚུལ་སྡུག་ཚུལ་གྱི་མ་ནི་བགྲང་ཡང་།།
སྟོང་བའི་དབྱིངས་རིམ་ལ་ཡི་གེ་བྲིས་འདྲ།།
འཁྲེང་ཞེན་ཞེ་ཐོགས་ཀྱི་མདུད་པ་ལྷོད་དེ།།
ལས་འཕྲད་གནས་ཚང་དེར་བདེ་བར་སྨོན་ནོ།།
༢༠༡༡ ༧
རྩོམ་ཁུངས། ངེད་དྲ་བ།