ཆུ་ལེན་བུ་མོ།
ལང་ཚོའི་མེ་ཏོག་འབྲོག་ནས་བཞད་པའི་ཡིད་འོང་འཛུམ་པའི་གར་སྟབས་ཅན།།
ཁྲ་ཆུང་མིག་གི་ཆ་ག་མཛེས་ཤིང་སྨིན་པ་སྟུག་པའི་གཤོག་རླབས་མཛེས།།
སྐྱེ་གཟུགས་སྨྱུག་དྲུག་ཚིགས་མའི་བཞིན་ལ་ནུ་འབུར་རབ་རྒྱས་སྒེག་ལྡན་པས།།
མཐོང་བའི་མོད་ལ་དགའ་བ་བསྐྱེད་པའི་སྐྱེ་བོ་སེམས་ཀྱི་དྲོད་ཐིག་མ།།
སྦྲ་ནག་གྲུ་བཞིའི་ལྷས་རའི་ནང་ནས་འབྲི་མོའི་བཞོ་དབྱངས་རླུང་ལ་བསྐུར།།
གསོམ་དཀར་བཞོ་ཟེའུ་གོར་མོ་ཕུག་ན་དཀར་འཇམ་འོ་མ་སེམས་ལ་འཁྲུངས།
ཆུ་མིག་དགུ་སྒྲིལ་ལག་ཐག་སྣེ་ན་དཀར་ནག་ཅ་ལ་གཅིག་ལ་སྒྲིལ།།
གཡོ་འཁྱུགས་གོམ་སྟབས་གར་ལ་རོལ་བཞིན་འབྲི་མོ་བཞོ་བའི་བག་ཡངས་མ།།
སྤང་ཐང་ཡངས་པའི་སེར་ཆེན་མེ་ཏོག་ཡིད་འོང་མཛེས་པའི་ཞལ་ན་བཀྲ།།
ཁུ་ལོའི་གསུང་སྙན་དྲུག་འགྱུར་དྭངས་མོ་བཞིན་བཟང་བུ་མོ་ངག་ན་ལྷུང་།།
འཇམ་གཉེན་རླུང་བའི་བསིལ་བ་ཡངས་མོ་སྨན་ཤར་བུ་མོ་ལུས་ན་སྐྱིད།།
འདོད་པའི་སྐྱེ་བའི་གསོས་སུ་གྱུར་བའི་རིན་ཆེན་ནོར་བུའི་དོ་ཤལ་མ།།
སྙིང་གཏམ་སེམས་ཀྱི་གསོས་ནས་བརྗོད་དུས་ལྷད་མེད་གཤིས་ཀྱི་རང་མདངས་བཀྲ།།
འདོད་པའི་བསྟན་བཅོས་ལུས་ནས་རྩེན་དུས་ཆགས་མྱོས་སྦྲང་རྩིའི་བཅུད་བཟང་འཁུ།།
མི་ལུས་རིན་ཆེན་དལ་འབྱོར་ཐོབ་པའི་གོ་སྐབས་གསེར་གྱི་གདུ་བུ་འདི།།
ཆུ་ལེན་བུ་མོའི་ཕྱག་སོར་འཚེར་བའི་འདོད་ལྡན་གཞོན་ནུའི་བློ་ཡིད་ཚིམས།།
ཁྲ་ཚོམ་འོད་ཀྱི་ཕྲ་རྒྱན་རེ་རེ་མཁའ་དབྱིངས་རྩེ་ན་ཆེམ་ཆེམ་འཕྲོ།།
ཐོ་རེངས་སྐར་ཆེན་ཤར་གྱི་ཕྱོགས་སུ་གཞན་ལས་ལྷག་པའི་འོད་མདངས་བཀྲ།།
སྐྱ་རེངས་བུ་མོ་མལ་ལས་ལྡང་ནས་ཁུ་སིམ་སིམ་གྱི་་བྱོན་པའི་དུས།།
སྐར་ཚོགས་དང་ནི་ཟོར་དབྱིབས་ཟླ་བ་མི་འདོད་བཞིན་དུ་རྒྱང་ལ་ཆས།།
ད་ནི་འཇིག་རྟེན་མི་ཡི་ཁྱོན་འདིར་ཉིན་མོ་ཞིག་གི་སྟ་གོན་བརྩམས།
སྦྲ་ནག་གྲུ་བཞིའི་ཁ་ཚུབ་ནང་ནས་དུ་བ་ལྷོག་ལྷོག་དགུང་ལ་འཕྱོ།།
ཁྲི་གདུགས་ཉི་མར་བསུ་བ་བྱེད་པའི་དར་དཀར་ཅིག་དང་ཀུན་ནས་མཚུངས།།
འབེན་ཞིང་འཇགས་པའི་རྩྭ་ཐང་འདི་ཡི་ཞོགས་པའི་མཛེས་ལྗོངས་ཀུན་ལས་ལྷག།།།
མགོ་སྦྲ་སྨུག་ཆུང་གྲུ་བཞིའི་སྒོ་ཡོལ་དལ་གྱིས་ཕྱེས་པའི་སྐད་ཅིག་མ།།
གསོམ་དཀར་ཆུ་ཟོ་རྒྱབ་ལ་ཁུར་བའི་ཆུ་ལེན་བུ་མོ་ཕྱིར་ལ་བུད།།
དགའ་བ་སྟོང་གི་འཛུམ་གྱིས་ཁེངས་པའི་ཞལ་རས་གོར་མོ་མདངས་ཀྱི་བཅུད།།
རྙིང་ཞན་ཐེབས་པའི་གོས་ཕྲུག་ཚར་ལའི་ཕུ་ཐུང་གཉིས་པོ་དམ་སེ་བསྡམས།།
རྒྱང་རིང་ཆུ་བོའི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མའི་ནེའི་གསིང་གཞིར།།
རྐང་མགོ་བསིལ་བའི་མུ་ཏིག་གཏོར་བཞིན་ལྡེམ་པའི་གོམ་ཁའི་འདེགས་འཇོག་ལ།།
སེར་ཆེན་དང་ནི་སྣ་བརྒྱའི་མེ་ཏོག་མགོ་བོ་གཡོ་བཞིན་རྗེས་སུ་བལྟ།།
ཆུ་ལེན་བུ་མོ་བཞུད་པའི་ཤུལ་ན་སྐྱེ་སྟོབས་སྟོང་ཀྱིས་སེམས་ཀྱི་འཚོ།།
བཞུར་བའི་ཆུ་མོ་དྭངས་གཙང་ཀློངས་ན་ཉ་མོའི་འཁྱུག་རྩལ་སྙིང་ལ་སྡུག།།
བཅུས་པའི་ཆུ་ཐོམ་གོར་མོར་ཤར་བའི་ཁོ་མོའི་ཞལ་རས་དེ་བས་མཛེས།།
ཤག་སེ་ཟོ་བའི་ནང་ལ་འདྲེན་པའི་རྫ་ཆུ་བསིལ་མའི་དྭངས་ཤ་དེ།།
ཞོགས་པའི་ཆུ་བོ་འགྲམ་ན་བཞུད་པའི་ཆུ་ལེན་བུ་མོའི་སྐྱེས་གཟུགས་འདྲ།།
ཡངས་ལ་དལ་པའི་གོམ་འགྲོས་རེ་རེའི་རྒྱབ་ཀྱི་ཆུ་ཟོ་ལྡེམ་སེ་ལྡེམ།།
གྱེར་བའི་སྒྲོལ་མའི་དབྱངས་རྟ་གསོན་པོ་མགྲིན་པའི་གསེང་ནས་སྙན་སེ་སྙན།།
བལྟ་བའི་མིག་ཟུང་གཟི་མིག་ཆ་གཉིས་མདུན་གྱི་ཕྱོགས་སུ་ཅེར་སེ་ཅེར།།
ཆུ་ལེན་བུ་མོའི་བསམ་གཞིགས་བར་ན་འདང་ཆེན་ཞིག་གི་རྨི་ལམ་ཡོད།།
བརྩེ་བའི་འཁྱིལ་ཞགས་སེམས་ན་རྩེན་པའི་དགོང་ལོ་བགྲེས་པའི་ཡབ་ཡུམ་གཉིས།།
ཆུ་ལེན་བུ་མོ་ཕྱིར་ལ་སླེབས་པའི་གོམ་པའི་འགྲོས་ལ་བལྟ་བཞིན་དུ།།
རེ་བཞག་སྟོང་གི་དྲན་འཛིན་བར་ནས་མི་ཚེའི་ཞིག་གི་རི་མོ་བྲིས།།
བུ་མོ་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཁྲི་ཡི་ཁ་གཡང་འཕུར།།
༢༠༡༣་༡་༡་ཉིན་རང་ཤག་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།