འཇིག་པ་དང་སྲུང་སྐྱོབ།
འབྲུག་ཞགས་སྟོང་གི་རང་སྐད་སྒྲོག་ཅིང་གློག་དམར་འཁྱུག་ཞིང་མེ་སྟག་མཆེད།།
མུན་ནག་མཚན་མོ་ས་རྩ་རུབ་ཞིང་དཀར་འོད་མཆེད་པའི་འོད་མདངས་ཉམས།།
ཆུ་ཆེན་འཕྱུར་ཞིང་ས་གཞི་གཡོས་པའི་འཇིག་པའི་སྔ་ལྟས་གླིང་ལ་སླེབས་།།
ཚེ་སྲོག་གྲངས་མེད་འཇིགས་སྐྲག་ངོགས་ན་ཧ་ཅང་གཉོམ་པའི་བྱེའུ་ཆུང་འདྲ།།
རྒྱ་མཚོའི་་མཚོ་ཡོམ་ངར་གྱིས་སྐྱོམ་ཞིང་རྦ་རླབས་འཕྱུར་བའི་གྲོང་ཁྱེར་སྣུབ།།
ཐོག་བརྩེགས་མཐོ་པོ་དགུང་ལ་སྙེགས་པ་ཤོག་བུ་བཟོས་པའི་ཤོག་གྲུ་བཞིན།།
སྣ་མང་རླངས་འཁོར་ཁྲི་ཕྲག་མང་པོ་རླུང་གིས་དེད་པའི་བ་མོ་བཞིན།།།
འཇིགས་རུང་མཚོ་ཡོམ་ཆེན་པོ་འཕྱུར་ཉིན་མི་ཡི་འཇིག་རྟེན་ཤུལ་མེད་བརླགས།།
སྐད་ཆེན་འཇིག་པའི་ས་གཞི་ཁེངས་ཞིང་ཡོམ་ཡོམ་ལྡེམ་ལྡེམ་ས་གཞི་འགུལ།།
ཕ་ཁྱིམ་ཕྱུགས་མོ་གཡང་ར་བཅོམ་ཞིང་གཡང་དཀར་སྒོ་བཞིའི་ལྷས་ར་གདུབ།།
ཕ་མའི་སེམས་ཀྱི་གཅེས་ལོ་འཕྲོག་ཞིང་བུ་ལོ་སེམས་ཀྱི་ཕ་མ་ཁྱེར།།
ཡོད་ཚད་ས་དང་རྡུལ་པ་་བཏུམས་པའི་མི་ཡུལ་དག་ཞིང་ཁྱུར་མིད་བཏང་།།
སྒྱོགས་ཆེན་མེ་མདའི་ཆར་ཆེན་སྙིལ་བའི་དོན་མེད་ཚེ་སྲོག་ཐང་ལ་འཕང་།།
མེ་ཤུགས་འཕུར་མདེའི་དུག་གིས་མདའ་མོའི་མི་ཡུལ་གཤེན་གྱི་བཤས་ར་བསྒྱུར།།
ཁྱོད་ཤི་ང་གསོན་འཐབ་རྩོད་ཁྲོད་ནས་དམར་བོ་ཁྲག་གིས་ལོ་རྒྱུས་བྲིས།།
ཡོད་ཚད་རང་གིས་རང་ཉིད་བརླགས་པའི་མི་ཡུལ་མི་ཡི་འཁྲུགས་ཞིང་གཏོར།།
འདུག་གནས་རྒྱུ་སྐར་གོ་ལ་འདི་ལ་སྲུང་པའི་སྐྱབས་ཞིག་མ་མཆིས་ན།།
བཞེས་པའི་བཅུད་ཟས་སྣུམ་ཤ་ཅན་དང་དྲོན་པོ་གོས་སྔོན་འཇམ་ཤ་ཅན།།
འགྲོ་བ་མི་ཡི་གང་ནས་ཁྱེར་ཡོང་རྣམ་དཔྱོད་རིག་པའི་བརྡ་རྟགས་ཐོངས།།
ཕྱག་ཟུང་འགྲམ་པ་ལག་པའི་སྐྱོར་ནས་ཕ་ས་འདི་ཡི་སྲོག་ཤིང་སྲུང་།།
བྱམས་དང་བརྩེ་བའི་ཐུགས་རྒྱུད་དྭངས་མོ་རེ་བའི་སྐྱབས་ཞིག་མ་བཅོལ་ན།།
བག་ལ་ཕེབས་པའི་ངང་རྒྱུད་གཤིས་དང་ཀུན་ལ་མཁོ་བའི་ཞི་བདེ་དཔལ།།
གཅིག་ཡུལ་གཅིག་གིས་བཙན་གྱིས་འཕྲོག་པའི་མི་ཡུལ་གཤིན་ཐང་སྐྱ་མོ་འདི།།
འགྲིག་མཐུན་དུང་གི་ཟླ་བ་ཚེས་པའི་རེ་བའི་རྨི་ལམ་རྒྱང་ལ་བཀྱེད།།
སྲུང་ན་རང་ཡུལ་གཞི་ཁྱིམ་གོ་ལའི་ཕ་ས་སྣུམ་པའི་ཚེ་སྲོག་བསྲིངས།།
འཆམ་ན་ཚེ་་སྲོག་ཡོད་དོ་ཅོག་ལ་ཞི་བདེའི་བག་ཕེབས་བདེ་ལ་རོལ།།
མ་འོངས་ཕན་པའི་རེ་བཞག་སྟོང་གིས་འགྲོ་བ་མི་ཡི་བསམ་གཞིགས་ཐོང་།།
རང་གཞན་འགྲོ་བ་སྤྱི་ལ་ཕན་པའི་ཚོར་བ་རྣོན་པོ་སེམས་ཞིག་མཁོ།།
གླིང་བཞིའི་ཞིང་གི་ཁྱོན་ན་བཞུགས་པའི་རྒྱལ་སྤྱིའི་སྤྱི་ཚོགས་སྟོབས་ཆེན་པོ།།
གཅིག་འབྲེལ་གོ་ལའི་ཁྱིམ་ན་བཞུགས་པའི་རིགས་མཐུན་གཅིག་པའི་མི་ཡི་སྡེ།།
སྔོན་སོང་ལོ་རྒྱུས་བདེན་ལ་བཞག་ནས་མ་འོངས་གནས་པའི་བདེ་སྐྱིད་ཆེད།།
ཀུན་གྱི་ཁྱིམ་གཅིག་འདུ་ཤེས་བཞག་ནས་འཆམ་མཐུན་ཞི་བདེའི་ས་བོན་བསྐྲུན།།
༢༠༡༣་༡་༧་ཉིན་རང་ཤག་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།