དོ་ནུབ་ང་ལན་ཀྲུ་ན་ཡོད།
དོ་ནུབ་གནམ་ལ་སྐར་མ་མེད་པས།།
ནམ་མཁའི་ངོ་གདོང་སེང་རས་སྐྱ་བོ།།
སེམས་ཀྱི་ཕྱི་ནང་འཁྱགས་པས་བསྡམས་ནས།།
ཁྱོད་རང་དྲན་ཚུལ་ཞེ་ལ་མི་འདུག།
ཉིན་ཞག་སུམ་བརྒྱ་དྲུག་ཅུའི་གྲངས་ཀ།
ལག་པའི་སོར་མོའི་ག་ལ་ཚད་དེ།།
དྲན་སྟངས་མིག་ཆུ་ཁྱོར་བ་གང་བོ།།
བཞོས་ནས་བསྡད་ན་ཚར་རྒྱུ་མི་འདུག །
མ་བཅོས་རིན་བྲལ་རིག་པའི་སེམས་ཡིན།།
དྭངས་གཙང་རྟགས་བརྒྱད་རི་མོའི་གཟུགས་ཡིན།།
འདོད་ཚུལ་མི་གཟུགས་འདབ་མ་ནག་པོ།།
མུན་པའི་གཞི་རྐྱང་ཕྱོགས་སུ་མ་འཕངས།།
རྟ་ཕོ་ཁ་རྐྱང་རྔོག་མའི་གཟེབ་ན།།
དུངས་བའི་སྙན་ངག་སྣ་རིང་མ་ཡོད།།
མཚན་ལམ་རེ་རེ་ཡུན་གྱིས་གཞལ་ན།།
སྐད་ཆ་རེ་རེའི་མཇུག་མ་བསྐྱངས་ཆོག།
འདོད་པའི་ལྷ་དང་ལྷ་མོའི་གདོང་ལ།།
གཅེས་ལངས་རྫུ་བག་ཉི་མ་ཤར་ཏེ།།
བྲང་གི་ནུ་ཟུང་ལག་པས་འཕུར་ན།།
ཁྱོད་ནི་ངོ་མ་བདེན་པའི་དར་རེད།།
མགོ་མཇུག་མི་ཚང་ཚིག་ཁ་དྲུག་པོ།།
ཁྱོད་རང་དྲན་པའི་མཚོན་རྟགས་ཙམ་ཡིན།།
སྙན་ངག་ཡིན་མིན་ཚད་ཀྱིས་མི་གཞལ།།
དོ་ནུབ་ནམ་མཁར་ཟླ་བ་མི་འདུག །
རྩོམ་ཁུངས། ངེད་དྲ་བ།