ཤེའུ་ཁྱུ་དང་རྔོན་པ།
རྫ་རིའི་ཁུག་གི་ཉི་འོད་དྲོ་སའི་སྤང་ཐང་གཡུ་ལོའི་ལྟེབ་གཞུང་ན།།
རི་དྭགས་ཁྱུ་གཅིག་གཟན་རྩ་ཟ་བཞིན་ཀྲོག་ཀྲོག་རྣ་བའི་རྒྱང་ལ་ཉན།།
རླུང་བུ་ཡངས་མོའི་རི་རྩྭ་འགུལ་བས་ཤུར་ཤུར་ཡང་བའི་སྒྲ་ཞིག་གྲགས།།།
བྲེལ་མ་འཚུབ་གྱི་རི་དྭགས་ཁྱུ་དེ་གོམ་དགུ་སྔོན་དུ་ཐེངས་གཅིག་མཆོངས་།།
རེ་ཞིག་རླུང་བུ་དལ་གྱི་འཇགས་པའི་ཤུར་ཤུར་སྒྲ་ཡང་རིམ་གྱིས་ཡལ།།
བག་ཕེབས་རྣ་བ་ཕྲག་ལ་ཕབ་ནས་མཆུ་ཡའི་མུར་མུར་གཟན་ལ་རོལ།།
སྦྲང་ནག་འགའ་ཞིག་འཕུར་མ་བབས་ཀྱི་རྣ་རྩེར་བབས་པའི་ལུས་བོ་སྤྲུགས་།།
ད་ནི་སོ་དལ་བག་ཡངས་ངང་ནས་གཟན་ལ་རོལ་བའི་བར་སྐབས་སུ།།
གར་གྲགས་མིག་གིས་གང་ནས་མ་རིག་སྒྲ་ཆེན་འཇིགས་པའི་རི་ལུང་བཀང།།
འཇིགས་སྐྲག་དམར་ཆུང་སྙིང་ཡང་གས་འདྲའི་མེ་མདའི་བོས་སྐད་རྩུབ་མོ་དེས།།
རི་དྭགས་ཆུང་ཆུང་ཤེའུ་ཐིག་ཅན་དེས་དཔྲལ་བའི་དཀྱིལ་ལ་མེ་མདའ་ཕོག།
སྐད་ཅིག་དེ་ལ་མི་འདོད་བཞིན་དུ་རྔོན་པའི་མེ་མདའི་ཁ་ནའི་བརླགས།།
རང་ལོ་ཆུང་ལ་བལྟས་ན་མཚར་བའི་ཤེའུ་དེ་འདྲའི་སྙིང་རྗེ་ཞིག།།
ཕ་མ་གཉིས་ཀྱི་ཕྱིར་མིག་ཙམ་གྱི་མཆི་མའི་སྐྱེལ་མ་བྱེད་པ་ལས།།
གཅེས་ལོའི་བེམ་པའི་གམ་དུ་བཅར་བའི་སྤོབས་པ་ཞེས་བ་གང་ནས་ཡོད་།།
སྡིག་ཆེན་རྔོན་ནག་འཛུམ་གྱིས་ཁེངས་ནས་རྒྱུགས་མ་འདུར་གྱི་གམ་ལ་སླེབས།།
གློ་གྲི་རྣོ་པོ་ཤུབས་ནས་བཏོན་དེ་པགས་པ་བཤུ་བའི་ལས་ལ་བྲེལ།།
ལག་ཟུང་གཉིས་ནི་ཁྲག་ལ་བརྗུས་དེ་དམར་བོ་མེ་ཡི་མདངས་སུ་བསྒྱུར།།
ད་དུང་སྐྱིད་པའི་སྣ་གླུ་འགུགས་བཞིན་ཧམ་པའི་ཕྱོགས་བཞིར་སླར་ཡང་བལྟ།།
ཤེའུ་བསད་པའི་འདོད་པ་མ་ཚིམས་ཕ་མ་གཉིས་ཀྱང་གསོད་སྙིང་ཤར།།
དྲང་བདེན་གནས་ལུགས་དོན་གྱི་འཁྱོགས་པའི་མི་ཡུལ་འདི་ཡི་མི་ཡི་སེམས།།
བཅོས་པའི་ཐབས་ཤིག་གླིང་ན་མེད་ན་རི་དྭགས་སེམས་ཅན་སྙིང་རེ་རྗེ།།
རྩོམ་ཁུངས། ངེད་དྲ་བ།